དགུང་སྟོན་མཆོད་སྤྲིན་ང་ཡིས་འབུལ།
ཤར་མཐའི་སྐྱ་རེངས་ཤར་ས་ནས། །
མཐུན་སྒྲིལ་གསེར་གྱི་ཉི་གཞོན་འཛུམ། །
དེ་རིང་བཀྲ་ཤིས་ཉི་མ་ལ། །
དགའ་བའི་གླུ་དབྱངས་ང་ཡིས་ལེན།
དུང་རི་དཀར་པོའི་ཉེ་ལྗོངས་སུ། །
གཡུང་དྲུང་རིས་ཀྱི་ཀླུང་རྟ་ཞིག །
དེ་རིང་དགུང་དུ་ཕྱར་བ་ལ། །
ཀི་བསྭོའི་ལྷ་རྒྱལ་ང་ཡིས་སྒྲོག །
སྐྱང་གླིང་གཤེན་གྱི་དགའ་ཚལ་ནས། །
ལུང་རྟོགས་རྩི་བཅུད་རྒྱས་པའི་གཤེན། །
དྲུང་རམས་མཁས་པའི་ཐུགས་སྲས་ཁྱེད། །
དགུང་སྟོན་མཆོད་སྤྲིན་ང་ཡིས་འབུལ། །
སྒྲ་རྒྱལ་འབྲུག་གི་གནམ་ལོ་འདིར། །
ཤེས་རབ་ལྷ་ཡི་རོལ་གར་ཁྱེད། །
བརྒྱད་ཅུའི་དགུང་སྟོན་རྟེན་འབྲེལ་ཚེས། །
གཏང་རགས་མཆོད་ཚིག་ང་ཡིས་འབུལ། །
བྱ་དུར་གནས་ཀྱི་མདུན་ཞོལ་དུ། །
དགའ་མལ་བོན་གྱི་འདུས་སྡེ་ཞེས། །
མཁན་རབས་དང་པོའི་མཛད་པ་ལ། །
སྤྲོ་བའི་ཡི་རངས་ང་ཡིས་འབུལ། །
ཟུང་ཆུའི་དགའ་མལ་དགོན་ཆེན་གྱི། །
སེང་ཁྲིའི་པད་གདན་གནོན་པའི་གཤེན། །
བརྒྱད་ཅུའི་གཟི་འོད་འབར་བ་ལ། །
དཀར་པོའི་མཇལ་དར་ང་ཡིས་འབུལ། །
ཅང་ཤེས་རྟ་ཡི་ཆོལ་ཁ་རུ། །
ངེས་དོན་བདེན་པའི་ལེགས་བྱས་ཅན། །
འགྲོ་བའི་བཤེས་གཉེན་དམ་པ་ལ། །
ཁ་མིན་སྙིང་ནས་ང་ཡིས་བསྟོད། །
འཆད་རྩོད་རྩོམ་པའི་ཟླ་ཟེར་གྱིས། །
ལུང་རིག་དབྱར་མཚོ་རྒྱས་པ་ཁྱེད། །
བསྟོད་དབྱངས་ཉ་མོའི་འཁྱུག་རྩལ་འདི། །
ཁྱུང་གི་གསེར་ཉ་ང་ཡིས་བསྒྱུར། །
ཐོས་བསམ་སྒོམ་པའི་ཉི་འོད་ཀྱིས། །
ཉམས་རྟོགས་པད་ཚལ་བཞད་པ་ཁྱེད། །
བསྟོད་གླུ་སྦྲང་མའི་གཤོག་རླབས་འདི། །
ཁྱུང་གི་གཡུ་སྦྲང་ང་ཡིས་བསྐྱོད། །
རང་མོས་དད་པའི་རྩྭ་ཐང་དུ། །
གཞན་བསྐུལ་ཆར་ཟིམ་བབས་པའི་མོད། །
བསྟོད་དབྱངས་ཨུ་དཔལ་ཆུན་པོ་འདི། །
ཁྱུང་གི་བོན་སྨྱུག་འཛིན་དེས་ཕུལ། །
ཞེས་གཡམ་དྲང་སྲོང་རྒྱལ་མཚན་གྱིས་ཧི་བོན་དྲ་ལམ་ནས་དགུང་སྟོན་རྟེན་འབྲེལ་གྱི་མཛད་སྒོའི་གནས་ཚུལ་མཐོང་ཐོས་བྱུང་བ་དང་ལྷན་དུ་དགའ་སྤྲོའི་ངང་ནས་སྤེལ་བའོ། །
- ཟིན་ཐོ་གོང་མ།ཤིན་ཏུ་འཇིགས་པའི་དྲག་ཆར་དང་ཐོག་སེར།
- ཟིན་ཐོ་འོག་མ།སེམས་ཀྱིས་བྲིས་པའི་སྙན་ངག །
བསྟོད་དབྱངས་སེང་ཆེན་དགྱེས་པའི་སྒྲ།
སྒྲོག་པའི་བོན་སྨྱུག་མཚེར་ས་ཆེར།
གཡུང་དྲུང་དཔལ་ཁ་བསྟོད་འདི་སྤྲོ།
བཀའ་དྲིན་ཆེ།
རིག་པའི་སྟ་རེས།