ཤིན་ཏུ་འཇིགས་པའི་དྲག་ཆར་དང་ཐོག་སེར།
གནམ་གྱི་རྒྱལ་མོའི་ཆོ་འཕྲུལ་ལས། །
ཆུ་ཤེལ་ཁུ་འཕང་ཐ་ར་ར། །
དེ་རིང་དགོང་མོའི་ས་སྲོད་དེ། །
ཧང་ཞིང་འཇིགས་པའི་དུས་ཚོད་ཅིག །
སྲིད་པའི་ས་བདག་འགྲས་པའི་རྟགས། །
ཤྭ་འོད་ཆུ་དམར་མེ་རེ་རེ། །
དེ་རིང་མུན་པ་རུབ་དུས་དེ། །
ངམ་ནག་དྲག་པོའི་དུས་ཚོད་ཅིག །
ཡུལ་ལྷ་དཀྲོག་པའི་བྱས་རྗེས་ལས། །
འབྲུག་ཤར་ཚག་ལྷོག་འུར་རུ་རུ། །
དེ་རིང་ཁྱི་ཡི་དུས་ཚོད་དེ། །
ལྷིང་འཇག་དཀྲོག་པའི་དུས་ཚོད་ཅིག །
ས་གཉན་ཕོག་ཐུག་ཤོར་བ་ལས། །
དྲག་པོའི་ཐོག་སྒྲ་ཆེམ་སེ་ཆེམས། །
དེ་རིང་ནམ་གྱི་སྟོད་ཆ་དེ། །
བསྔང་ཞིང་འདར་བའི་དུས་ཚོད་ཅིག །
ཁོར་ཡུག་དོ་མཉམ་མ་ཐུབ་ལས། །
འབྱུང་འཁྲུག་གློག་དམར་ཁྱུག་སེ་ཁྱུགས། །
དེ་རིང་མཚན་མོའི་སྔ་ཆ་དེ། །
ཤིན་ཏུ་གཏུམ་པའི་དུས་ཚོད་ཅིག །
ཤག་གི་གཡས་གཡོན་བར་གསེང་ནས། །
ཡུར་ཆུ་དགུང་ལ་འཕྱུར་བ་དེ། །
དེ་རིང་མ་གཏོགས་མཐོང་བ་དཀོན། །
འདི་ནི་ཅི་ཡི་ཆོ་འཕྲུལ་ཞིག །
སེར་རྒོད་རིལ་མོའི་གཟུགས་ཚད་ནི། །
བྱེའུ་ཆུང་ཐེ་ལེའི་སྒོ་ང་ཙམ། །
དེ་རིང་མ་གཏོགས་རྒྱག་པ་དཀོན། །
འདི་ནི་ཅི་ཡི་ལྟས་ངན་ཞིག །
གཡུང་དྲུང་བོན་གྱི་མཐུ་སྟོབས་དང་། །
མཁའ་ཀློང་མདོས་ཀྱི་ཆོག་གོ་ཡིས། །
མ་རུང་གནོད་པའི་འཇིགས་སྣང་རྣམས། །
དམིགས་མེད་ངང་དུ་ཞི་བར་ཤོག །
གཤེན་རབ་སྟོན་པའི་ཐུགས་རྗེ་དང་། །
སྲོད་ལ་ནག་མོའི་མེར་ཚེ་འོག །
འཇིགས་རྟེན་མི་ནོར་ཡུལ་མཁར་རྣམས། །
བར་ཆད་རྐྱེན་ལས་ཐར་བར་ཤོག །
ཞེས་པ་འདི་ཡི་གོ་དོན་ནི་རྩོམ་ལ་བལྟས་ན་ཤེས་ནུས་པ་ཡིན་ཡང་གསལ་བཤད་ཙམ་བྱས་ན། ཁྱུང་པོ་སྟེང་ཆེན་དུ་༦པའི་༢༣ཉིན་དགོང་མོ་དུས་ཚོད་༩ནས་༡༢་བར་དུ་དྲག་ཆར་ཁབ་སྦོམ་ཙམ་དང་སེར་བ་མཛུབ་མགོ་ཙམ་ཐོག་སྒྲ་འདར་བསིག་ཤོར་དགོས་པ་ཙམ་རེ་བྱུང་བའི་མཚན་མོ་དེ་རུ་སྤེལ་བ་ཡིན།
- ཟིན་ཐོ་གོང་མ།རྫས་དང་ལྡོག་པའི་གོ་ལམ།
- ཟིན་ཐོ་འོག་མ།དགུང་སྟོན་མཆོད་སྤྲིན་ང་ཡིས་འབུལ།
བཀླགས་ཟིན། གོ་ཐོས་སུ་གུས་པ་འདུག་སའི་འཕྲོད་བསྟེན་ཁང་ལ་གནོད་སྐྱོན་མི་ཆུང་བ་ཞིག་བྱུང་ཡོད་འདུག། སེམས་ཕྲལ་ཆེན་པོ་བྱུང་།
ད་ནི་དེ་ལྟ་བུའི་གནོད་སྐྱོན་མི་ཡོང་བའི་སྐྱབས་ཡུལ་མཆོག་གནས་བཞིས་ཐུགས་རྗེས་གཟིགས་ཤིག །
ལྷ་གཡག་དར་མས།
གྲོགས་པོ་དར་མ་ལགས་ཀྱི་མཛད་བཟང་ཡུན་དུ་བརྟན་པའི་སྨོན་འདུན་ཞུ།