ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
རྫས་དང་ལྡོག་པའི་གོ་ལམ།  | 2012/6/21 21:01:00

            རྫས་ལྡོག་ལ་བརྟེན་པའི་བོན་གྱི་སྐོར་ལ་དཔྱད་པ་ཕྲན་ཙམ་བརྗོད་པ་བྱིས་པའི་བསམ་འཆར་

                           ཞེས་བྱ་བ་ཡོད།                                                                                                                                                                                                                                                                                                                                                                                                   

རང་ལྟ་ལ་མི་ཆགས་ཤིང་གཞན་ལྟ་མི་སྡང་བའི་ཚད་མའི་མཁས་པ་ཆེན་པོ། ༧རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་ཞབས་ལ་སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ། །དེ་ཡང་རྗེ་རིན་པོ་ཆེས་མཛད་པའི་ ཚད་མ་རྣམ་འབྱེད་ལས། རྫས་ལ་བརྟེན་པའི་བོན་གྱི་མཚན་ཉིད་དུ། དེ་མ་ཡིན་དང་རྫས་གཅིག་ལ་མི་འདུ་བའི་བོན། ཞེས་དང་། རྟག་པ་དང་མི་རྟག་པ་ལྟ་བུ་ཤེས་བྱ་ལས་སོཌ་ལྡོག་པ་གཅིག་ལ་འདུ་ཡང་བུམ་པ་ལས་སོགས་རྫས་གཅིག་ལ་མི་འདུ་བས་རྫས་ལ་བརྟེན་པའི་བོན་ནོ། །ཞེས་རྫས་ལ་བརྟེན་པའི་བོན་གྱི་མཚན་ཉིད་གསལ་བར་གསུངས། དེ་མ་ཡིན་དང་རྫས་གཅིག་གི་སྟེང་དུ་མི་འདུ་ཚུལ་དེ་ཡང་ངོ་བོའི་ཆ་ནས་བརྩི་ཚུལ་ཞིག་ཡོད་དགོས་ཏེ། རྣམ་འབྱེད་རང་འགྲེལ་ལས། དེ་ཡང་ངོ་བོའི་ཆ་ནས་ལྡོག་པའི་ཆ་ནས་བརྩི་བའོ་ཞེས་གསུངས་པས་སོ། །དེའི་ངོ་བོའི་ཆ་ནས་བརྩི་ཚུལ་ནི། གཞི་ལ་སྦྱར་ཏེ་བཤད་ན། རྟག་པ་དེ་རང་གི་ངོ་བོའི་ཆ་ནས་རྟག་པ་ཡིན་པ་ལས། གཞན་གང་གི་ལྡོག་ཆ་ནས་རྟག་པར་གྱུར་བ་མིན། མི་རྟག་པ་དེ་བཞིན་རང་ངོས་ནས་མི་རྟག་པ་ཡིན། རྟག་པ་མི་རྟག་པ་དང་ངོ་བོ་གཅིག་ཚུལ་མེད། མི་རྟག་པ་རྟག་པ་དང་ངོ་བོ་གཅིག་ཚུལ་མེད་པས་ཡིན།  དེ་ལ་ཁ་ཅིག་ན་རེ། དངོས་པོ་དངོས་མེད་རྫས་གཅིག་ལ་འདུ་སྟེ་དངོས་པོ་དང་དངོས་པོའི་ཤེས་བྱ་ངོ་བོ་གཅིག་པས་སོ། །ཞེ་ན། དངོས་པོའི་སྟེང་དུ་ངོ་བོའི་ཆ་ནས་བསམ་ན་དངོས་པོ་མ་ཡིན་པའི་བོན་གང་ཡང་མེད་ལ། སྔོན་པོ་ཡང་དེ་བཞིན་སྔོན་པོའི་མི་རྟག་པ་ལྡོག་ཆ་ནས་སྔོན་པོ་མིན་ཡང་སྔོན་པོ་དང་ངོ་བོ་དབྱེར་མེད་དམ་ངོ་བོ་གཅིག་ཡིན་པས་ངོ་བོའི་ཆ་ནས་བརྩི་ཞེས་དེ་ལ་བྱའོ། །དེས་ན་ལྡོག་ཆ་ནས་སྔོན་པོའི་མི་རྟག་པ་ལྡན་མིན་འདུ་བྱེད་ཡིན་པ་དང་། སྔོན་པོའི་ཤེས་བྱ་རྟག་པ་ཡིན་ཞེས་བརྗོད་པ་ཙམ་ལས། ངོ་བོའི་ཡིན་ལུགས་སམ་རྫས་ཀྱི་ཆ་ནས་སྔོན་པོ་དང་ཡུལ་དུས་རང་བཞིན་གང་ལ་ལྟོས་པའི་གྲུབ་བདེ་རྫས་གཅིག་རྣམས་སྔོན་པོའི་རང་བཞིན་ལས་མ་འདས་པ་ཡིན་པས་ན་དོན་གྱི་ཆ་ནས་སྔོན་པོ་མ་ཡིན་པ་མིན་ཞེས་བརྗོད་ན་འཐད་དམ་སྙམ། སྔོན་པོའི་ཤེས་བྱ་ཡང་སྔོན་པོའི་སྟེང་དུ་བཏགས་ཙམ་ལས་ངོ་བོའི་ཆ་ནས་སྔོན་པོ་ལས་གཞན་དུ་གྲུབ་པ་མེད་དོ། །དེའི་ཕྱིར་ན་དངོས་པོ་དང་དངོས་མེད་སྔོན་པོ་ཡིན་མིན་ལ་སོགས་ངོ་བོའི་ཆ་ནས་རྫས་ལ་བརྟེན་པའི་བོན་ཡིན་པར་ལུང་རིག་གཉིས་ཀྱིས་གྲུབ་པར་མངོན་སྟེ། གོང་གི་རིགས་པ་དེ་ལ་ལུང་གི་རྒྱབ་བརྟེན་ཡང་ཚད་མ་ཀུན་བཏུས་ལས། དངོས་པོ་དངོས་མེད་སྔོན་པོ་ཡིན་མིན་ལས་སོགས་ངོ་བོའི་ཆ་ནས་རྫས་ཀྱི་བོན་ནོ། །ཁོ་ན་རེ་མི་རྟག་པ་ཤེས་བྱའི་ངོ་བོ་ལས་མི་འདའ་བས་མི་རྟག་པ་མ་ཡིན་པ་དང་ངོ་བོ་གཅིག་པར་མི་འགྱུར་རམ་ཞེ་ན། ཤེས་བྱའི་ངོ་བོའི་དབྱེ་བ་རྟག་དངོས་གཉིས་སུ་ཁ་ཚོན་ཆོད་པ་ལ། རྟག་པ་རྟག་པའི་ངོ་བོ་དང་། མི་རྟག་པ་མི་རྟག་པའི་ངོ་བོ་ལས་མི་འདའ་བས་མི་རྟག་པ་མི་རྟག་པ་མ་ཡིན་པའི་ངོ་བོར་མི་འགྱུར་རོ། །དཔེར་ན། ཤེས་བྱ་བདག་མེད་དང་ངོ་བོ་གཅིག་ཀྱང་མེད་དགག་དང་ངོ་བོ་གཅིག་པར་མི་འགྱུར་བ་བཞིན་ནོ། ཤེས་བྱ་རྟག་པ་ཡིན་པ་ཡང་ལྡོག་ཆ་ནས་ཡིན་པས་ཤེས་བྱ་ཡིན་ཡང་རྟག་པའི་ངོ་བོར་མི་འགྱུར་བའི་ཁྱད་པར་མི་འཐད་པ་མེད་སྙམ། དེ་ལ་རྗེ་རིན་པོ་ཆེའི་ཚད་མ་ལས། ཁ་ཅིག་སྒྲུབ་པ་རྣམས་སྟོང་ཉིད་དུ་ངོ་བོ་གཅིག་པའི་ཕྱིར། དགག་སྒྲུབ་ངོ་བོ་གཅིག་པར་སྨྲའོ། །དངོས་པོ་དང་དངོས་མེད་ངོ་བོ་གཅིག་པར་འགྱུར་ཏེ། དངོས་པོ་རྣམས་བདག་མེད་དུ་ངོ་བོ་གཅིག་པའི་ཕྱིར། ཞེས་མཚུངས་སོ་གསུངས་པས་ཤེས་ནུས། ཡང་དེ་ཉིད་ལས། རྟག་པ་དང་མི་རྟག་པ་ལྟ་བུ་ཤེས་བྱ་ལས་སོཌ་ལྡོག་པ་གཅིག་ལ་འདུ་ཡང་། ཞེས་གསུངས་པ་ནི། རྟག་མི་རྟག་གཉིས་ཤེས་བྱ་མ་ཡིན་པ་ལས་ལོག་པ་སྟེ་ཙམ་ལྡོག་གཅིག་ལ་འདུ་བའི་དོན་ནོ། །ཚད་མ་ཀུན་བཏུས་ལས། རྫས་ལ་བརྟེན་པའི་བོན་གྱི་མཚན་ཉིད་ཟུར་དུ། ལྡོག་པ་གཅིག་ལ་དེ་དང་དེ་མ་ཡིན་གྱི་ཆ་གཉིས་འདུ་སྲིད་ཀྱི་ཞེས་པ་ཡང་འདི་ལ་དགོངས་པར་སེམས་སོ། ། ༧ལྡོག་པ་ལ་བརྟེན་པའི་བོན་གྱི་མཚན་ཉིད་དུ། དེ་མ་ཡིན་དང་རྫས་གཅིག་ལ་འདུ་བའི་བོན། ཞེས་དང་། མཚན་ཉིད་ཀྱི་ཐ་སྙད་བྱ་རུང་དང་མི་རུང་ལྟ་བུ་རྫས་གཅིག་ལ་འདུ་ཡང་ལྡོག་པ་གཅིག་ལ་མི་འདུ་བས་ལྡོག་པ་ལ་བརྟེན་པའི་བོན་ནོ། །ཞེས་གསུངས། དེ་མ་ཡིན་དང་རྫས་གཅིག་ལ་འདུ་ཚུལ་དེ་ཡང་། ལྡོག་པའི་ཆ་ནས་བརྩི་དགོས་ཏེ། རྣམ་འགྲེལ་ལས། དེ་ཡང་ངོ་བོའི་ཆ་ནས་ལྡོག་པའི་ཆ་ནས་བརྩི་བའོ། །ཞེས་གསུངས་པའི་ཕྱིར། དེའི་ལྡོག་པའི་ཆ་ནས་བརྩི་ཚུལ་ནི། འདི་ལྟར་སྙམ་སྟེ་གཞི་ལ་སྦྱར་ཏེ་བཤད་ན། དོན་བྱེད་ནུས་པ་མཚན་ཉིད་ཀྱི་ཐ་སྙད་བྱ་རུང་ཡིན་ལ། དངོས་པོ་མཚན་ཉིད་ཀྱི་ཐ་སྙད་བྱ་མི་རུང་བ་ཡིན་པ་དེ་ལྡོག་པའི་ཆ་ནས་ལས། ངོ་བོའི་ཆ་ནས་དངོས་པོ་ཞེས་པ་དེ་དོན་བྱེད་ནུས་པ་ལས་གཞན་པ་ཞིག་དང་། དོན་བྱེད་ནུས་པ་ཞེས་པ་དེ་དངོས་པོ་ལས་གཞན་དུ་གྲུབ་པ་མེད་པ་གོང་དུ་བཤད་པ་བཞིན་ཡིན། དེས་ན་ལྡོག་པའི་སྒོ་ནས་དོན་བྱེད་ནུས་པ་ནི་མཚན་ཉིད་ཀྱི་ཐ་སྙད་བྱ་རུང་ཡིན་ལ་དངོས་པོ་ནི་མཚན་ཉིད་ཀྱི་ཐ་སྙད་བྱ་མི་རུང་བ་ཡིན། དེ་གཉིས་རྫས་གཅིག་ལ་འདུ་སྟེ་ཤིང་གི་ཀ་བའི་སྟེང་དུ་ངོ་བོ་གཅིག་ཏུ་འདུས་པའམ་རྫས་གཅིག་ཏུ་གནས་ཡོད་པས། ལྡོག་པའི་ཆ་ནས་དེ་མ་ཡིན་དང་རྫས་གཅིག་ལ་འདུ་ཞེས་ཟེར་དགོས། དེ་བཞིན་དུ་མངོན་གྱུར་གྱི་ཐ་སྙད་བྱ་རུང་ཡང་དེ་མ་ཡིན་དང་རྫས་གཅིག་ལ་འདུ་སྟེ། མིའི་བྱད་མངོན་གྱུར་གྱི་ཐ་སྙད་བྱ་རུང་ཡིན་ལ། བྱད་ཀྱི་སྟེང་གི་སྐད་གཅིག་མ་མངོན་གྱུར་གྱི་ཐ་སྙད་བྱ་རུང་མིན། མིན་པའི་རྒྱུ་མཚན་ནི་མངོན་གྱུར་མིན་པས་རེད། མངོན་གྱུར་ཡིན་མིན་གྱི་སྒོ་ནས་དེའི་ཐ་སྙད་དུ་བྱ་རུང་མི་རུང་བལྟ་བ་མ་གཏོག་ཚུལ་གཞན་མེད།  དེ་ལྟར་མངོན་གྱུར་ཡིན་མིན་གྱི་ལྡོག་ཆ་ནས་དེ་མ་ཡིན་ཞེས་བརྗོད་པ་ལས་རྫས་ཀྱི་ཆ་ནས་བྱད་དང་བྱད་ཀྱི་སྟེང་གི་སྐད་གཅིག་མ་གཉིས་ཡན་གར་བ་འཇོག་རྒྱུ་མེད་པ་ཤེས་གསལ་ལྟར་ཡིན་མོད། དེས་ན་ལྡོག་པའི་ཆ་ནས་དེ་མ་ཡིན་དང་རྫས་གཅིག་ལ་འདུ་ཞེས་ཟེར་ལུགས་གོང་བཞིན་མཚུངས། དེ་ལྟར་ཡིན་པ་ཡང་། ༧བོན་གྱི་སྤྱན་ལྡན་ཆེན་པོ་འགྲོ་མགོན་བློ་གྲོས་རྒྱལ་མཚན་གྱི་ཚད་མ་ཀུན་བཏུས་ལས། མངོན་གྱུར་གྱི་ཐ་སྙད་འདི་མངོན་གྱུར་གྱི་ཐ་སྙད་བཀག་པ་དང་ངོ་བོ་གཅིག་སྟེ། ཇི་ལྟར་ན་སྔ་མ་ནི་སྔོན་པོ་ལ་ཚང་ལ། ཕྱི་མ་ནི་སྐད་གཅིག་གི་ཐ་སྙད་རང་ལ་ལྟོས་ནས་ཡིན་ཏེ། དེ་ཡང་སྔོན་པོ་སྐད་གཅིག་ངོ་བོ་གཅིག་པས་དེ་ལྟར་དུ་འགྱུར་རོ། །ཞེས་གསུངས་པ་བཞིན་ནོ། །

གཤམ་དུ་ཁོ་བོས་བསམ་ཚུལ་དང་བསྟུན་པའི་དོགས་སློང་ཞིག་ཞུས་ན། རྫས་ལ་བརྟེན་པའི་བོན་དང་ལྡོག་པ་ལ་བརྟེན་པའི་བོན་གཉིས་གཞི་མཐུན་ཡོད་སྙམ་སྟེ། སྔོན་པོ་དེ་ངོ་བོའི་ཆ་ནས་དེ་མ་ཡིན་དང་རྫས་གཅིག་ལ་མི་འདུ་ཡང་། ལྡོག་པའི་ཆ་ནས་དེ་མ་ཡིན་དང་རྫས་གཅིག་ལ་འདུ་བ་མིན་ནམ་སྙམ་སྟེ། དཔེར་ན་སྔོན་པོའི་སྟེང་གི་མི་རྟག་པ་དེ་ལྡོག་པའི་ཆ་ནས་སྔོན་པོ་མ་ཡིན་པར་ཁས་ལེན་དགོས་པ་གང་ཞིག དེ་དང་སྔོན་པོ་གཉིས་རྫས་གཅིག་གི་སྟེང་དུ་འདུ་བས་ན། སྔོན་པོ་དེ་རྫས་ལ་བརྟེན་པའི་བོན་དང་ལྡོག་པ་ལ་བརྟེན་པའི་བོན་གཉིས་ཀ་ཡིན་ཞེས་བརྗོད་ན་ཆོག་གམ་སྙམ། དེ་ལྟར་བཤད་པ་ལ་འོལ་ཚོད་ཙམ་གྱིས་སྒོ་ནས་དེ་མ་ཡིན་དང་རྫས་གཅིག་ལ་འདུ་བ་དང་མི་འདུ་བ་གཉིས་ཅི་ལ་གཞི་མཐུན་སྲིད་དེ་མི་སྲིད་དོ་སྙམ་ནས་ཚིག་ཙམ་གྱི་སྒོ་ནས་འགལ་བར་ཁས་ལེན་པ་ལས་ཞིབ་ཏུ་བསམ་ན་གཅིག་ཤོས་ངོ་བོའི་ཆ་ནས་བརྩི་དགོས་པ་དང་གཅིག་ཤོས་ལྡོག་པའི་ཆ་ནས་བརྩི་དགོས་པར་གསུངས་པས་མ་ཟད།  ཚད་མ་ཀུན་བཏུས་ལས། དེ་བཞིན་དུ་དངོས་པོ་དངོས་མེད་སྔོན་པོ་ཡིན་མིན་ལ་སོགས་ངོ་བོའི་ཆ་ནས་རྫས་ཀྱི་བོན་ནོ། །ཞེས་དང་། དེ་བཞིན་དུ་རྟགས་ཀྱི་ཐ་སྙད་དང་། མཚན་ཉིད་མཚོན་བྱའི་ཐ་སྙད་དང་། མི་རྟག་པའི་ལྡོག་པ་ཡིན་མིན་ལ་སོཌ་པ་ཐམས་ཅད་ལྡོག་པའི་ཆ་ནས་ལྡོག་པ་ལ་བརྟེན་པའི་བོན་ནོ། །ཞེས་གསུངས་པའི་བབ་ལ་བརྟག་ན་ཤེས་ནུས་པར་སྙམ་མོ། །ཡང་དེ་ཉིད་ལས། ལྡོག་པ་ལ་བརྟེན་པའི་བོན་གྱི་མཚན་ཉིད་ཀྱི་ཟུར་དུ། ལྡོག་པ་གཅིག་ལ་འདུ་མི་སྲིད་གསུངས་པའི་དོན་ནི། དེ་དང་དེ་མིན་གཉིས་ལྡོག་པ་གཅིག་མིན་པའི་དོན་ཡིན་ནམ་སྙམ་ཡང་དཔྱད་རོགས་ཞུ། ཁ་ཅིག་མངོན་གྱུར་གྱི་ཐ་སྙད་བྱ་རུང་མི་རུང་ལྟ་བུ་ལྡོག་པ་གཅིག་ལ་འདུ་བ་ཐལ། ཤེས་བྱ་ལ་སོགས་ལྡོག་པ་གཅིག་ལ་འདུ་བའི་ཕྱིར་ཟེར་ན། རྟགས་མ་གྲུབ་སྟེ། གོང་གི་དེ་ནི་ངོ་བོའི་ཆ་ནས་བརྩིས་པའི་ལྡོག་པ་གཅིག་ལ་འདུ་ཚུལ་ཡིན་ལ། འདིར་ནི་ལྡོག་པའི་ཆ་ནས་བརྩིས་པའི་ལྡོག་པ་གཅིག་ལ་མི་འདུ་བས་སོ། །ཞེས་དྲང་རྒྱན་པས་སྤྱི་ལོ་༢༠༠༨ལོར་རང་གི་ཟིན་ཐོ་བཀོད་པ་ལ་གཞིར་བྱས་ནས་སླར་ཡང་དཔྱད་བཅོས་ཅུང་ཙམ་བགྱིས་ཏེ་བྲིས་པའོ། །

                                                                                                    

                                            

 

Re:རྫས་དང་ལྡོག་པའི་གོ་ལམ། | 2013/5/21 15:29:23
zhongsongམི་ལྟོས་ཏེ། མཐའ་གཅིག་ཏུ་མ་ངེས་པས་སོ། རྩོམ་པ་པོས།
Re:རྫས་དང་ལྡོག་པའི་གོ་ལམ། | 2012/11/8 1:03:16
སྐུ་མགྲོན་pul8OB(སྐུ་མགྲོན)རྒོལ་བ་ཐ་དད་པ་གཉིས་ལ་ལྟོས་ཏེ་ཚད་མས་དེ་དང་དེ་མ་ཡིན་པར་ངེས་རྒྱུ་ཡོད་མེད་ལ་ལྟོས་སམ།
རྩོམ་པ་པོ།:སྐུ་མགྲོན་pul8OB(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:རྫས་དང་ལྡོག་པའི་གོ་ལམ། | 2012/6/23 21:13:34
yongzhoglangdaངོ་མ་ཡག་འདུག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.