ལུང་རིགས་སྨྲ་བའི་གྲྭ་ཚོགས་།
དྭངས་གསལ་སེམས་ཀྱི་ཀློང་རུམ་ནས། །
ནམ་ཡང་ཡིད་ལ་འཁྱུད་པ་ནི། །
ངུར་སྨྲིག་སུལ་མའི་འདབ་འོག་གི །
ན་གཞོན་རིགས་པ་སྨྲ་བའི་ཁྱུ། །
འདི་ཡང་ང་ཡི་སློབ་གླིང་སྟེ། །
ཚོགས་གཅིག་ཞོགས་ཇ་རོལ་བའི་རྗེས། །
དོན་རྨོངས་འཐིབ་པ་དཀྲོག་པའི་གཉེན། །
ཡིན་ལུགས་ཚད་མར་རྩོད་ལ་གཞོལ། །
འདི་ཡང་ང་ཡི་འཚོ་བ་སྟེ། །
གུང་གི་འབྲས་ཚལ་བཞེས་པའི་རྗེས། །
བགྲོ་གླེང་ལྷ་ཡི་གར་སྟེགས་སུ། །
སྲིད་པའི་ཟུང་བཅུད་གནས་ལྔ་སྨྲ། །
ཕྱི་དྲོ་ལྔ་པའི་དུས་ཚོད་ནས། །
ལུས་ཀྱི་ཉམས་དང་རིག་པའི་རྣོ། །
ལྷན་འཛོམས་གཟི་བརྗིད་འབར་དང་ལྷན། །
རིགས་པ་སྨྲ་བའི་དབལ་ཁ་བདར། །
གསུམ་གཉིས་ཉི་མའི་དུས་ཚིགས་སུ། །
ངར་ཆེན་ལྕགས་རྔ་བརྡུང་བའི་སྒྲས། །
ཕྱོཌ་ཀྱི་གྲྭ་ཤག་བར་གསེང་ནས། །
འདུས་མང་བསྡུས་པའི་རླབས་ཕྲེང་མཛེས། །
དྲང་པོའི་དཔང་དང་སྔ་ཕྱིའི་རྒོལ། །
དགྱེས་པར་བཞུགས་པའི་ཚོགས་གླིང་དུ། །
བདེན་པའི་དོན་ཉིད་གསལ་བྱེད་པའི། །
ངེས་དོན་རྩོད་པའི་གཟི་ཉམས་འབར། །
ལ་ལས་རྫས་ལྡོག་རིག་འཕྲུལ་གྱིས། །
ཆེ་འབྲིང་ཆུང་གི་བསྡུས་རིགས་སྨྲ། །
མཚོན་དང་སྦྱོར་བའི་རྣམ་བཞག་གིས། །
མགོ་འཐུམ་རྨུག་པ་ཧར་གྱིས་བསལ། །
ལ་ལས་རིགས་པའི་དན་རྟགས་སམ། །
ཕྱོགས་དང་ཁྱབ་པའི་ཚད་ཤིང་གིས། །
ལྐོག་ཏུ་གྱུར་པའི་དཀའ་གནད་མདུད། །
དལ་གྱིས་འགྲོལ་བའི་སྟངས་སྟབས་ངོམས། །
ལ་ལས་ཚད་དང་ཚད་མིན་གྱི། །
རྣམ་བཞག་སྒྲུབ་དང་སུན་འབྱིན་རྣམས། །
གངས་ཅན་ཚད་མའི་མགོན་པོ་ཡི། །
རྣམ་འབྱེད་གོ་བདེའི་རྗེས་སུ་འབྲེང་། །
ལ་ལས་གྲུབ་པའི་མཐའ་ཆེན་གྱི། །
རྣམ་པ་གསལ་བའི་མེ་ལོང་ལས། །
ཐེག་དང་འདེགས་ལུགས་མི་འདྲ་བའི། །
རིག་སྟོབས་དགུ་ཡི་ཁྱད་འབྱེད་ཤེས། །
ལ་ལས་ཤེས་རབ་ཆེན་པོའི་གཞུང་། །
གཤེན་རབ་གསུང་གི་བམ་བརྩེག་གམ། །
འབུམ་དོན་མཚོན་པའི་ཞེ་ལྔ་དེ། །
ཡོངས་འཛིན་བླ་མའི་གསུང་བཞིན་བསླབ། །
ལ་ལས་རྒྱལ་བ་གཉིས་པ་ཞེས། །
མཁས་པ་ཀུན་གྱིས་བཀུར་ཐོབ་པའི། །
མཉམ་མེད་བླ་མའི་ས་ལམ་ལས། །
ཕ་རོལ་ཕྱིན་པའི་གོ་སྐབས་དཔྱད། །
ལ་ལས་སྦས་དོན་མངོན་པ་སྟེ། །
དཔལ་ཞེས་བསྒྲགས་པ་ཆེན་པོ་དེས། །
བཀའ་རྒྱུད་བཤགས་པའི་ཤུལ་ལམ་ནས། །
ག་ལེར་བགྲོད་པའི་ལམ་རིག་རྙེད། །
ལ་ལས་དངོས་འཛིན་ནད་ཀྱི་སྨན། །
ཡར་འབྲོག་མེ་ཡི་འོད་ཟེར་གྱིས། །
གསལ་བར་མཐོང་བའི་ལྟད་མོ་གང་། །
མཐོང་བའི་ཐབས་ཤེས་འཚོལ་ལ་རེམས། །
ལ་ལས་སྐད་གཉིས་སྤེལ་མའི་གཞུང་། །
ཞང་ཞུང་བོན་གྱི་མཛོད་ཕུགས་ལས། །
སྣང་སྲིད་མཐོང་བའི་རྒྱང་ཤེལ་ཞིག །
སྤྱན་ལ་གསོལ་བའི་སྐལ་བཟང་ཐོབ། །
ལ་ལས་ངོ་མཚར་ཆེ་བ་ཞིག །
ནོར་གྱིས་དབུལ་བའི་དབེན་ས་ནས། །
ཁྱད་དུ་འཕགས་པའི་ནོར་མཆོག་བདུན། །
བསོག་ཐབས་འདུལ་བའི་གཞུང་ལས་སྦྱོང་། །
ལ་ལས་ལུས་དང་རྣམ་ཤེས་ཀུན། །
གསལ་སྟོང་ཡབ་ཡུམ་ཟུང་འཇུག་གི །
འཁྲིལ་སྦྱོར་ཡེ་ཤེས་རོལ་པ་ལ། །
བསྒྱུར་དང་སྤྲུལ་པའི་བསྐྱེད་རྫོཌ་བསླབ། །
ལ་ལས་མཚན་ནས་བརྗོད་དཀའ་ཞིང་། །
བརྗོད་ན་བསོད་དམན་སྐྲག་བྱེད་པའི། །
སྟོང་པ་རང་གསལ་སེམས་ཉིད་ཅེས། །
བླ་མས་བྱིན་གྱིས་བརླབས་ལས་ཤེས། །
རྟགས་གསལ་གཏོང་ལ་མི་ངལ་ཞིང་། །
ལུང་རིགས་བཀོད་ལ་མི་དབུལ་བའི། །
གཤིས་བཟང་མཆེད་ཀྱི་དྭངས་མ་འགས། །
ཐལ་ངག་འཕང་པའི་སྙན་པ་ལ། །
དཀྱེལ་ཆེན་ཐུགས་ལ་མི་འཚང་ཞིང་། །
བདེ་ཡང་ཞལ་ལ་མི་འགག་པའི། །
བློ་གསལ་རིགས་པ་སྨྲ་བ་དེས། །
སྒྲུབ་བྱེད་བཀོད་པའི་དྭངས་ཆ་ལ། །
མྱུར་རླབས་ལྗཌ་ལ་མི་ཐོགས་ཤིང་། །
སྒྲོས་གསལ་སྐད་ལ་མི་འཛེར་བའི། །
སྔ་རྒོལ་རྟགས་གསལ་འཕེན་པ་དེས། །
ཚུལ་གསུམ་རིགས་པའི་བཙན་པ་ལ། །
ཚ་འུར་སྒྲ་ལ་མི་འཇིགས་ཤིང་། །
ཁྱེར་ཤོག་སྐད་ཀྱིས་མི་གཡོ་བའི། །
སྒམ་བརླིང་དམ་བཅའ་དཔའ་བོ་དེས། །
ཁས་ལེན་བརྗོད་པའི་སྲ་བ་ལ། །
རིས་མེད་སྐོས་རྗེའི་དྲང་ཤིང་དང་། །
ཟིན་མཚམས་སྟོན་པའི་བཀའ་གཞུང་བཞིན། །
ཇི་ལྟར་སྟོན་པའི་དཔང་པོ་དེས། །
ཤན་འབྱེད་གསུང་དབྱངས་ཟབ་པ་ལ། །
ས་ལམ་གྲྭ་ནས་བསྡུས་ཆེན་བར། །
ཆུང་ཆུང་ལོ་ཡིས་བསྡུས་པ་འགའ།
གོ་དོན་རྙེད་དང་རིགས་ལམ་ལྡན། །
དེ་རྣམས་སྣང་བའི་དྭངས་ཆ་དངོས། །
གྲྭ་ཆུང་རིགས་པ་སྨྲ་བ་ཞེས། །
བསྟོད་ན་འོས་པའི་སྣང་བ་ཞིག །
བཅོས་མིན་དགའ་བའི་ཀློང་ནས་རྡོལ། །
དེ་ཡང་གཤམ་དུ་འགོག་མ་ནུས། །
ཞེས་ཁྱུང་པོ་སྟེང་ཆེན་དགོན་གཡུང་དྲུང་བོན་གྱི་ལྔ་རིག་སློབ་ཚོཌ་ཆེན་མོས་བདག་ལ་སྤྲད་པའི་ཚོར་སྣང་ཞིག་ངང་ངམ་ཤུགས་ཀྱིས་རྡོལ་བའི་འཆར་ཡན་དུ་སྤྱི་ལོ་༢༠༡༢ལོའི་ཟླ་༦པའི་ཚེས་༡་གི་དགོང་མོར་ཤར་མར་དུ་བྲིས་པ་ལགས་སོ། །བོན་སྨྱུག་ནས།
- ཟིན་ཐོ་གོང་མ།མཁས་གྲུབ་ཆེན་པོའི་གསུང་ལས།
- ཟིན་ཐོ་འོག་མ།ཚགས་ཤོག་གསར་པ་༼གཞོན་ནུའི་ལང་ཚོ་༽འགྲེམ་སྤེལ་བྱས་པ།
དྲན་བསྐུལ་གནང་བ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ།
སྨྱུག་འགྲོས་གར་གྱི་སྟངས་སྟབས་ཀྱིས། །
མཚེར་རྒོད་བཏུལ་བའི་རྨིག་སྒྲ་རེས། །
ས་ཆེན་སིག་སིག་སྒུལ་འདི་སྤྲོ། །
སྟེང་ཁ་པས།
རྒན་ལགས་སྐུ་ཚེ་བསྐལ་བརྒྱར་བརྟན།
ཡ་སྟག་སོ། ཁྱོད་ཀྱིས་འདོད་པའི་གཡུང་དྲུང་བོན་གྱི་ལྔ་རིག་སློབ་ཚོགས་ཆེན་མོ་དེ་ད་ལྟ་ས་ཆ་གང་དུ་ཡོད་ཅེས་དྲིས་པ་ལས་སྤྱི་ལ་གོ་རྒྱུ་ཨེ་ཡིན་མ་དྲིས་པས་གང་ལྟར་དྲིས་པ་དེ་ལ་ལན་ཡང་དེ་ལྟར་གནང་རོགས་དེ་མིན་ཁ་ཡར་མར་བསྒྱུར་ཤེས་ཙམ་གྱིས་ལན་དོན་མཐུན་མི་ཡོང་། ཡང་ན་ཁྱུང་པོ་སྟེང་ཆེན་དགོན་གྱི་བཤད་སྒྲུབ་འདུས་སྡེ་འདི་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ་མ་ཡིན་ཞེས་ཁ་ཚོན་གཅོད་ཨེ་ཕོད། ཕྱི་ལོག་ནས་བོན་ལ་བརྡོལ་འཁྱལ་བསྒྱུར་གསུམ་ཞེས་པའི་སྐྱོན་བཏགས་དེ་བསལ་མི་དགོས་ན་ཁྱོད་ཀྱིས་ཁུར་རྒྱུ་ཡིན་ནམ། ཁོ་རང་ཚོས་སྒྲོ་བཏགས་ཤ་སྟག་ཡིན་ན་ཁྱོད་ལ་སྒྲོ་བཏགས་ཡིན་ན་བསལ་མི་དགོས་པའི་གཏན་ཚིགས་ཡོད་དམ། སྒྲོ་བཏགས་ཡིན་པས་བསལ་དགོས་པ་ལས་བདེན་པ་ཡིན་ན་ཁྱོད་དང་ངེད་གཉིས་ཙམ་ཕར་ཞོགས་ལུང་རིགས་སྨྲ་བའི་མཁས་དབང་དག་གིས་ཀྱང་བསལ་མི་ནུས་པ་ཁྱོད་ཀྱིས་མ་ཤེས་སམ།ཧ་ཧ།
ཡ་སྟག་སོ་༼༡གཡུང་དྲུང་བོན་གྱི་ལྔ་རིག་སློབ་ཚོགས་ཆེན་མོ་ཟེར་བ་དེ་ངེད་ཀྱི་དགོན་པ་དེ་ཁོ་ན་ལ་གོ་དགོས་སུས་ཟེར།༼༢ཁྱོད་ཀྱིས་འདོད་པའི་གཡུང་དྲུང་བོན་གྱི་ལྔ་རིག་སློབ་ཚོགས་ཆེན་མོ་དེ་ད་ལྟ་ས་ཆ་གང་དུ་གནས་ཡོད། ༼༣སྤྱི་ཡི་མིང་ཡིན་ན་སྒེར་ལ་གདག་མི་ཆོག་པའི་ཁྱབ་པ་ཡོད་དམ། ༼༤ཁྱོད་ནང་ཁུལ་མིང་གདག་ཚུལ་ཙམ་ལ་ཞིབ་ཆ་ཆེན་པོ་དེ་ཙམ་ཡོད་ན་ཕྱི་ལོག་གི་བོན་ལ་བརྡོལ་འཁྱལ་བསྒྱུར་གསུམ་ལ་སོགས་པའི་སྐྱོན་ཚོགས་འགེལ་བཞིན་འདུག་པ་ལ་ཡ་ལན་ཇི་ལྟར་སྤྲོད་རྒྱུ་ཡིན།
ཁྱོད་ཀྱིས་སྔོན་མ་ཇི་ལྟར་བྲིས་པ་ལྟར་ཚུར་ཁྱེར་ཤོག་དང་འགྲིག ངས་ཆེད་དུ་བསུབ་པ་མིན་ཀྱང་རྩི་རྩི་གནོན་ཉེས་ཤོར་སོང་བས་དེ་ལུགས་བསམ་བློ་ཐོངས།
ལགས་ཉིད་ཀྱིས་དགོངས་འཆར་གནང་བ་འཐད་མོད་ཕྲན་ནས་ཀྱང་བསམ་ཚུལ་ཙམ་ཞུས་ན་གཡུང་དྲུང་བོན་གྱི་ལྔ་རིག་སློབ་ཚོགས་ཆེན་མོ་ཞེས་འདི་གར་ཚོགས་འདུ་འདྲ་མོ་ཞིག་བསྡུས་སོང་བ་ག་ལ་ཡིན་ཏེ་མ་ཡིན་ནོ། འོན་ཀྱང་འདི་གར་མདོ་དབུས་སྟོད་སྨད་གང་ས་ནས་སློབ་མ་མང་པོ་འདུ་འཛོམས་བྱུང་ཞིང་བཤད་སྒྲུབ་སྒོམ་གསུམ་ཆ་ཚང་བ་དང་རིག་པའི་གནས་ལྔའི་སློབ་ཚན་ལྡན་པའི་བོན་གྱི་སློབ་གླིང་ཞིག་ལ་དེ་སྐད་དུ་སྨོས་ན་འགལ་བ་མེད་སྙམ། དངོས་མིང་མེད་པ་ཅི་དགོངས་པ་མ་འཚོམ་ཞུ
སྟག་སོ་ནས།
ཁྱོས་གཡུང་དྲུང་བོན་གྱི་སྤྱི་མིང་ཐོག་ཚད་ཀྱི་དགོན་སྡེ་ཐམས་ཅད་ག་དུས་སྤྲད་མིན་བལྟ་རྒྱུ་ཡིན་ནམ། སྐད་ཆ་ཡག་པོ་ཤོད།