༼སྐབས་སུ་དུས་བཀྲའི་ལ་ཚིགས་འདི་ལྟར་གསུངས༽ཞེས་པ་འདི་ནི་མཁས་ཤིང་གྲུབ་པ་བརྙེས་པའི་
སྐྱེས་མཆོག༧སྒང་རི་དཔོན་སློབ་ཚུལ་ཁྲིམས་རྒྱལ་མཚན་རིན་པོ་ཆེ་མཆོག་གིས་གསུངས་པ་ཞིག་རེད་འདུག ཁོ་བོས་འདི་ཡི་མ་དཔེ་ནི་ཁྱུང་པོ་སྒང་རི་བྱང་ཐ་ནས་ཡིན་པའི་དམ་པ་གང་དེའི་ཞལ་མཇལ་ཙམ་མྱོང་བའི་གྲྭ་རྒན་༼བོན་བསྟན་རྒྱལ་མཚན་༽ཟེར་བ་དེ་ལ་མ་དཔེ་འཁྱུག་བྲིས་ཅན་ཞིག་འདུག་པ་ལས་ཞལ་བཤུས་པ་ཡིན། དེ་ཡང་གྲྭ་རྒན་དེའི་ཕྱག་ཏུ་ཐོབ་ཚུལ་ནི་སྔོན་དུས་འགྱུར་སྐབས་སྒང་རུ་བྱང་བའི་སྡེ་རྣམས་སྦྲ་ཆེན་རྫོང་དུ་མགོ་བཏགས་ཞུས་སྐབས་དམ་པ་གང་ཉིད་སྤོ་ཁང་གི་གཟིམ་ཤག་ཆུང་ངུ་ཞིག་ཡོད་པ་དེར་བཞུགས་ཤིང་རྗེས་སུ་སྦྲ་ཆེན་དུ་ཚུར་བསུ་བའི་སྐབས་སུ་ཁང་གི་གཟིམ་ཤག་ཏུ་ཅ་ལག་གང་ལུས་འདུག་གམ་ལྟོས་ཤིག་གསུངས། དེའི་སྐབས་༼བོན་བསྟན་རྒྱལ་མཚན༽ཁོང་ནི་ཕྲུག་གུ་ལོ་བཅུ་གཅིག་ཙམ་ཞིག་ཡིན་པས་བླ་མའི་གཟིམ་ཁང་དུ་སོང་ནས་བལྟས་པས་འཁྱུག་བྲིས་ཅན་གྱི་ཤོག་ཛར་ཞིག་འདུག་པ་ཁྱེར་ནས་བླ་མ་ལ་ཕུལ་བས་བླ་མས་གཡག་རྭ་ཞིག་གི་ནང་དུ་བཅུག་ནས་རྔ་མ་དཀར་པོ་ཞིག་ཁ་འཚང་བྱས་ནས་གཟིམས་ཤག་གི་རྩེག་གསེང་དུ་སྨོན་ལམ་ཐོབས་ནས་རྫངས་ཤོག་གསུངས་པས་སྨོན་ལམ་འདེབས་མ་ཤེས་ནའང་བླ་མའི་གཟིམ་ཤག་གི་རྩེག་གསེང་དེར་བརྫངས་པ་ཡིན་ཟེར། རྗེས་སུ་སྤྱི་ལོ་༼༡༩༧༧༽ལོའི་ཡར་མར་ཙམ་དུ་༼བོན་རྒྱུད་ཁྲ་སྒྱིག༽ཟེར་བའི་ཕྲུག་གུ་ཞིག་གིས་གོང་གསལ་གྱི་སྤོ་ཁང་ཞིག་ཧྲུལ་དེའི་གསེང་ནས་རྙེད་ཅིང་སྒང་རུ༼དབང་སྲོག༽གིས་ཉར་ར་བྱས། དབང་སྲོག་གི་ལག་ནས་༼བོན་བསྟན་རྒྱལ་མཚན་གྱིས་༽༼༡༩༨༠༽ལོར་བཤུས་པ་ཡིན་ཟེར། འདིར་ཚིག་རྐང་རིང་ཐུང་མི་མཉམ་པ་དང་དེ་བཞིན་གོ་བ་ལེན་སྟབས་དཀའ་བའི་ཚིག་ཁ་ཤས་འདུག་པ་རྣམས། རྩ་བའི་མ་དཔེ་ལས་བཤུ་སྐབས་ཆད་ལྷག་སོང་བ་འམ་ནོར་འཁྲུལ་ཤོར་བ་གང་རུང་ཞིག་ཡིན་ནའང་ཆོག་མོད། འོན་ཀྱང་སྐབས་འདིར་ཁོ་བོས་མ་དཔེ་འདི་གཅིག་པུ་ལས་དཔེ་གཞན་བསྡུར་ས་མ་རྙེད་པས་གོང་གསལ་མ་དཔེ་དེའི་ནང་ཇི་ལྟར་བྲིས་པ་ལྟར་རང་སོར་འཇོག་པ་ལས་དག་བཅོས་ཀྱི་ཐབས་མ་རྙེད་པས་ཀློག་པ་པོ་རྣམས་ལ་དགོངས་དག་ཞུ་བ་ཡིན་ཞེས་གསལ་བཤད་ཐུང་ངུ་ཞིག་གི་གཤམ་ནས། ༧སྒང་རུ་དཔོན་སློབ་དྲན་དབང་ཚུལ་ཁྲིམས་རྒྱལ་མཚན་མཆོག་གིས་མ་འོང་ལུང་བསྟན་གྱི་ཚུལ་དུ་བསྩལ་གནང་བའི་གསུང་གང་དེར་གཟིགས་པར་འཚལ་ལོ།
སྐབས་སུ་དུས་བཀྲའི་ལ་ཚིགས་འདི་ལྟར་གསུངས།
རྩོད་ལྡན་དུས་འདིར་འགྲོ་ཀུན་བུང་མཚོར་བྱིང་། །ནད་རིམས་འཁྲུག་རྩོད་དུས་ཀྱི་འགྱུར་ལྡོག་ཆེ། །
གངས་སེང་ལྕགས་ཀྱི་སྡེར་མོས་འབྲུག་རྔར་འཇུ། །མེ་ཆུ་རླུང་གཤོག་རྩལ་སྤྱོད་འཚེ་མི་ནུས། །
ཐོག་སེར་འབྱུང་བའི་གཡོ་འཁྲུག་འབྱུང་བའི་ཚེ། །ངང་པ་སེར་པོས་ཟུར་ནས་ཕག་ལྟས་བྱེད། །
ས་ཞག་འདམ་བུས་འབྲང་སྟེ་རང་ཚོ་ཟིན། །རེང་ཕོན་ནགས་གསེབ་སྤྲིན་ནག་ལངས་པའི་དུས། །
ནམ་མཁའ་བར་སྣང་སྤྲིན་ནག་འཚུབ་མས་གཡོག །སྡེར་ཆགས་རང་མགོ་མི་ཐོན་གཡང་ལ་ལྷུང་། །
དམེ་ཞག་ཁྲག་གི་ཟླ་སྤྲིན་མཁའ་ལ་འཆར། །ཁྲག་ཟོར་བུ་ཡུག་ཡོངས་ལ་འགྲོ་བའི་ཚེ། །ཡང་ཟུར་ཅུང་ཙམ་དཀར‘སྒྲིབ’གསལ་འོད་ཟེར་འཕྲོ‘ནས’། །དཀར་ཕྱོགས་ཁས་དམན་རང་མགོ་ཐོན་པ་ཙམ། ། དགུང་ནས་རྔ་ཆེན་ཁམས་གསུམ་ཡོངས་ལ་ལྡིར། །དུག་སྦྲུལ་རང་མཐོང་ཅན་རྣམས་སྐྲགས་བསྔང་འབྱུང་། །གཡུ་བྱ་ཁུ་བྱུག་གསེར་གཤོག་པ་ཏྲ་ཅན། །ཙན་དན་སྡོང་པོའི་ཤིང་ཅན་བསིལ་ངད་ལྡན། །ཡལ་ག་ལོ་འདབ་གསུམ་གྱི་རྩེ་མོར་འཁྲ། །ཚངས་པའི་གསུང་སྐད་འཇིག་རྟེན་ཀུན་ལ་གྲགས། །སྔོན་གྱི་སྨོན་ལམ་དུས་ཀྱི་ལས་དབང་གིས། །མཛམ་གླིང་མཐོང་ཐོས་དད་ལྡན་དྭངས་བ་འདྲེན། །སྲིད་པའི་སྒྲོན་མེ་རང་མདངས་ཡང་ཡང་གསལ། །མཐའ་དབུས་ངེས་འབྲེལ་འཛིན་མའི་རྡུལ་གསེབ་ནས། །ཐོ་མགོན་རང་གཟུགས་གྲགས་ཞན་སེར་སྐྱ་འགའ། །རུ་ཏྲའི་རྫི་རླུང་གཡའ་མའི་ཟུར་ཙམ
་སྒྲིབ། །མཐའ་ཡི་རླུང་ཆེན་རྩྭ་སྦུར་དབུས་སུ་འཚུབས། །འོལ་བ་སེར་བཀྲ་གཡུ་ཡི་འདབ་གཤོག་ཅན། །
འཛིན་བྱེད་ལྕགས་ཀྱི་མཆུ་སྡེར་ཟུག་པ་ཡིད༼ཡིས༽།།གསེར་སྦྲུལ་སེར་པོའི་ཚང་ལ་ཅུང་ཞིག་འཚེ། །ངང་པ་རྣམས་ཀྱིས་འདམ་ནས་སྨྲེ་ངག་འདོན། །ནང་ནས་དུག་རླུང་སྔོ་དམར་འཕྱུར་བའི་དུས། །གངས་དཀར་དཀྱིལ་གྱི་གསེར་མདངས་ཟུར་ཙམ་ཉམས། །གསེར་གཞོང་མར་ཁུས་གང་བ་ཅུང་ཞིག་སྒྲིས༼སྒྲིབ༽། །ཕ་རོལ་གཡུག་གཅོད་རལ་གྲི་ངར་མ་ཡིས། །ཁྲམ་རྐུན་རང་མཐོང་ཚེར་མའི་ངར་སོ་སྙིལ། །འབུ་སྦྲང་རྩྭ་ཡི་སྤྱིལ་པོར་ངར་གསོས་ཙམ། །ལྷོ་ནུབ་མཚམས་ནས་རླུང་ནག་ལངས་པའི་དུས། །སྤྲིན་ནག་འབྲུག་སྒྲ་ཐོག་གིས་ས་ཐེལ་འཇོམས། ། སྟི་ར་ཞི་བརྩེགས་ཁྲག་གི་མཚོ་མོ་འཁྱིལ། །སྦྲང་བུ་མཆུ་རིང་དག་གིས་ས་གཞི་གང་། །གནམ་གྱི་བུ་ཡིས་མངའ་དབང་བསྒྱུར་བའི་དུས། །འཕུལ་འདེགས་རླུང་གིས་གར་བསྐོར་བདེ་བའི་དུས། །གཡུང་དྲུང་བ་དན་སྲིད་ན་མངོན་པར་མཐོ། །སྟོང་རྒྱུང་འཆི་མེད་ཡབ་སྲས་རྣམ་གསུམ་གྱིས། །ལྷོ་བྱང་སྟོད་སྨད་ཕྱོགས་བཅུར་སྦས་དང་མངོན་སྤྲུལ་པ། །འོད་ཟེར་ནམ་ཕྱེད་སྐར་ལྟར་བཀྲ །གཟུགས་མེད་བླ་འཁྱམས་མང་པོ་བྱང་ཆུབ་ཐོབ། །གསེར་དངུལ་དར་རས་བྱུར་རུ་མོད་པ་དང་། །རིན་ཆེན་རྐང་འགྲོས་གནག་ཕྱུགས་གོང་ཐང་ཆེ། །དུས་སྔབ་དཀྲེས་པའི་མུ་གེ་བག་ཙམ་འབྱུང་། །དུས་ནད་གཉན་རིམས་གཟའ་གདོན་གྲང་ཟུག་འགཌ། །རྨ་མཛེ་ཤུ་འབྲུམ་སྙིང་སྲོག་དུག་རིང་གཏོང་། །ཚ་གྲང་འཁྲུག་འདྲེས་སྨན་སྦྱོར་འཕྲོད་པ་དཀའ། །མཐའ་ཡི་དུག་རླུང་ནག་པོ་ནམ་ཞིག་མ་ལྡང་བར། །རང་ཕྱོགས་ཚོ་ཆེན་ཅུང་ཞིག་བདེ་བའི་དུས། །སེ་ཆེན་ར་ཛའི་རྟེན་འབྲེལ་བརྟག་ཤེས་ན། །ནང་དུག་སྲིན་པོའི་དུག་མདས་མ་འཚེ་ན། །སྔར་གྱི་རང་ས་ཟིན་ཙམ་འབྱུང་ཉེན་ཆེ། །བྱ་རྒྱལ་ཚང་ནས་བྲལ་དགོས་ལ་ཚིགས་ཡོལ། །མི་འགྱུར་དཔག་བསམ་ཤིང་རྩེར་ཚང་ལ་འཁོད། །བན་བོན་བྱད་ཁ་ཟློག་ཐབས་སྟག་ལའི་སྟོང་ཚོཌ་དང་། །བྱད་ཟློག་ཁྲི་ཚར་ཚེ་ཐར་སྟོང་བྱས་ན། །ཚེ་ཡི་རྐྱེན་ཟློག་མངའ་ཐང་དབུ་འཕང་མཐོ། །དེ་ལྟར་མ་བགྱིས་བར་ཆད་འབྱུང་ཉེན་ཆེ། །སེམས་ཅན་གྲི་ལ་འཆི་དང་ནད་རིམས་དྲག་པོ་དང་། །མི་ཕྱུག་ནད་རིམས་དུས་འཁྲུག་ཞི་བའི་ཕྱིར། །ཐ་གྲུ་ཀུན་ནས་མཁའ་ཀློང་མདོས་ཆེན་དང་། །སྲིད་རྒྱལ་དཀར་སྨུག་ནག་གསུམ་བསང་མདོས་དང་། །སྟོང་གསུམ་འཁྲུག་བཅོས་གཞི་བདག་གཡོན་བཅོས་དང་། །ཞི་བརྔན་བསང་མཆོད་གསུང་རབ་ཀློག་ན་ལེགས། །བདེ་བ་སྐབས་སྐབས་འཆར་བའི་དུས་བྱུང་ཚེ། །དྲེད་པོ་ཆོས་སྡུག་སེར་སྐྱ་ཕོ་མོ་རྣམས། །རྒྱུ་འབྲས་སྤང་བླང་མ་ནོར་ཞིབ་ཏུ་རྩིས། །བླ་མ་དཀོན་མཆོག་རྟག་ཏུ་དྲན་པར་གྱིས། །ཡོ་བྱད་ནོར་རྫས་དགེ་བའི་ཕྱོགས་སུ་ཐོངས། །སྐུ་གསུང་ཐུགས་རྟེན་བྲིས་འབུར་བླུག་བཞེངས་སོགས། ཤི་བའི་རྒྱག་ཕྱེ་གཏན་གྱི་རང་དོན་སྒྲུབས། །གཡུང་དྲུང་བོན་ལ་ལྟ་བ་མ་ལོག་སྤྱོད། །བསམ་དཀར་གཞན་ཕན་བྱམས་སེམས་སྙིང་རྗེ་བསྐྱེད། །རང་རང་སོ་སོར་བྱམས་མ་འུར་འདོན་དང་། །སྙིང་པོ་རྣམ་གསུམ་མ་ཆག་རྒྱུན་དུ་འདོན། །ཚོགས་དང་མར་མེ་ཚ་ཚ་ཆུ་གཏོར་ལམ་འཕྲང་བསལ། །གསུར་མཆོད་ཇོ་དར་རྡོ་འབུམ་ཚེ་ཐར་སྲོག་བསླུ་གྱིས། །དེས་ནི་མི་བསླུ་ཐར་པའི་ལམ་སྣ་ཟིན། །ནད་མུག་འཁྲུག་རྩོད་བསྐལ་ངན་ཀུན་ཞི་ནས། །འཛམ་གླིང་བདེ་སྐྱིད་ཉི་མ་འཆར་བ་དང་། །བསྟན་འཛིན་སྐྱེས་བུའི་སྐུ་ཚེ་འཕྲིན་ལས་རྒྱས། །སངས་རྒྱས་བསྟན་པ་དར་བའི་བཀྲ་ཤིས་ཤོག །ཚུལ་རྒྱན་ནས་བྲིས་པ་དགེའོ།།
གྲུབ་བརྙེས་བླ་མའི་དགོངས་རྩལ་ལས་སྐུ་འཁྲུངས་ཤིང་དུས་འགྱུར་རྒན་པོའི་སྐྱིད་སྡུག་དང་ལྷན་དུ་མཚར་ལང་བྱུང་བའི་གསུང་གང་ཉིད་རྩིས་འཕྲུལ་གློག་གི་རྟ་ལ་བཀྱོན་ནས་བོན་སྨྱུག་གི་མཚེར་ས་རུ་སྤྱི་ལོ་༼༢༠༡༢།༥།༡༧༽སྐྱས་སྤོ་བྱས་པ་ཡིན།
- ཟིན་ཐོ་གོང་མ།མཐོ་སྒང་གི་མྱོང་ཚོར། བོན་སྨྱུག་ནས།
- ཟིན་ཐོ་འོག་མ།རིགས་པ་སྨྲ་བའི་གྲྭ་ཚོགས། བོན་སྨྱུག