༄༅། ། ཁོར་ཡུག་སྲུང་སྐྱོབ་སྐོར་གླེང་བ། རི་མཐོ་ཞིང་ས་གཙང་བའི་གངས་ཅན་བོད་ཀྱི་ཡུལ་གྲུ་འདི་ནི། མནའ་སྔ་མོར་སངས་རྒྱས་སྟོན་པ་གཤེན་རབ་མི་བོ་གངས་ལྗོངས་སུ། སྐུ་མངོན་པར་ཞབས་བཅག་པ་ནས་བཟུང་། རྒྱུ་ཡི་གཡུང་དྲུང་བོན་ཞལ་ཕྱེས་ཏེ། ནང་གི་སེམས་ཅན་རྣམས་ནད་གདོན་སོགས་ཀྱིས་འཇིགས་པ་ལས་བསྐྱབས་ཤིང་། ཕྱི་ཡུལ་འདི་ཉིད་ཡང་དེ་མཚུངས་ཀྱི་སྲུང་སྐྱོབ་མི་དམན་པར་མཛད་ཡོད་པ་སྟེ། དེ་ཡང་འཇིག་རྟེན་ཁམས་འདི་ནི་དང་པོ་སེམས་ཅན་སྤྱི་མཐུན་གྱི་ལས་ལ་བརྟེན་ནས་གྲུབ་པ་ཡིན་ཏེ། མདོ་ལས། གྲུབ་ནི་སྤྱི་མཐུན་ལས་ལས་གྲུབ། །རྒྱུ་ནི་འབྱུང་བ་ལྔ་ལ་བརྟེན། །ཞེས་གསུངས་ཡོད། དེ་ལྟ་བུའི་ཕྱི་སྣོད་འཇིག་རྟེན་འདི། མི་གཅིག་པུས་དབང་བྱ་ཡང་མིན་ལ་མི་དང་དུད་འགྲོ་གཉིས་ཁོ་ན་ལ་དབང་བ་
ཡང་མིན། ད་འོ་ན་དེ་ལ་དབང་བྱེད་པ་གཞན་སུ་ཡོད་ཅེ་ན། ལྷ་ཆེན་པོ་བརྒྱད་དང་ཀླུ་ཆེན་བརྒྱད་གཟའ་ཆེན་བརྒྱད་རྒྱུ་སྐར་ཉེར་བརྒྱད་ཕྱོགས་སྐྱོངས་བཅུ་སོགས་མདོར་ན་རིགས་དྲུག་གིས་ཕྱེས་པའི་འགྲོ་བ་བསམ་གྱིས་མི་ཁྱབ་པར་ཡོད། གངས་ཅན་བོད་ཆེན་པོའི་ཡུལ་ཁམས་འདི་ཡང་དང་པོ་གནོད་སྦྱིན་དང་བདུད་སྲིན་ཀླུ་བཙན་མ་སངས་རྣམས་ཀྱིས་རིམ་བཞིན་དབང་བྱས་ཡོད་པ་ཡོངས་སུ་གྲགས་པའི་ལོ་རྒྱུས་སྤྱི་གཞུང་ལྟར་ཡིན། །དེ་ཡང་གང་ལས་སྲུང་སྐྱོབ་བྱ་དགོས་པ་ནི། བོན་གཞུང་དག་ལས། ཅི་ཡང་མེད་པའི་སྟོང་པ་ལས། འོད་ལས་སྣང་བ་འོད་ལྡན་དང་། མུན་ལས་མུན་པ་ཟེར་ལྡན་སྲིད། ཅེས་གསུངས་པ་ལྟར། དགེ་སྡིག་དང་སྣང་མུན་ཕན་གནོད་སོགས་ལྟོས་གྲུབ་ཏུ་ཆཌ་པ་འདིས་གཅིག་ལ་བརྟེན་ནས་གཅིག་གྲུབ་པ་དང་གཅིག་གིས་གཅིག་འཇིག་པ་སོགས་གནས་ཚུལ་འདི་ལ་བརྟེན་ཏེ། ཕྱི་ཡི་ཁོར་ཡུག་ཡང་རེ་འགས་འཇིག་པ་དང་རེ་འགས་ཆགས་ཤིང་བརྟན་པར་བྱེད་པ་ཡིན། །དེ་ཡང་ཆཌ་འཇིག་བྱེད་པ་ལ་སེམས་མེད་བེམ་པོའི་གཡོ་བསྐྱོད་གཅིག་པུ་མ་ཡིན་པར་ཡོད་ཁམས་སྲིད་པའི་ལྷ་རིགས་སོགས་ཀྱིས་ཕྱི་སྣོད་བརྟན་པར་བྱེད་ཅིང་ནང་བཅུད་སྐྱེ་འགྲོ་རྣམས་མགོན་བྱེད་པ་ཡིན། མེད་ཁམས་སྟོང་པའི་འདྲེ་རིགས་ཀྱིས་ཕྱི་སྣོད་འཇིག་པའི་རྐྱེན་བྱེད་ཅིང་ནང་བཅུད་སེམས་ཅན་རྣམས་ལ་གནོད་པར་བྱེད་བཞིན་ཡོད་པ་རེད། དེ་ལྟ་བུའི་ལྷ་རིགས་དང་འདྲེ་རིགས་དེ་དག་ལས་འགའ་ཞིག་སྔོན་ཆད་བོད་མི་རྣམས་དང་འབྲེལ་བ་ཡོད་པར་བོད་མི་སྲིན་ཚ་སོགས་སུ་བཤད་པས་གསལ། དེས་ན་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་ཚུལ་ཡང་དབྱེ་བ་གསུམ་དུ་ཡོད་དེ། ལྐོག་གྱུར་གྱི་ས་བདག་མི་མ་ཡིན་རྣམས་ལ་མཆོད་བསྟོད་དང་རིམ་གྲོ་བྱེད་དེ་སྲུང་སྐྱོབ་བྱེད་པའི་ཚུལ་དང་། མངོན་གྱུར་དུ་མི་རྣམས་ཀྱིས་སྐྱེ་ཁམས་ལ་གནོད་པའི་ལས་རིགས་དག་ལ་འཛེམ་བག་བྱེད་དེ་སྲུང་སྐྱོབ་བྱེད་པའི་ཚུལ་དང་། ལས་རྒྱུ་འབྲས་སྲུང་ཞིང་སྦྱིན་པ་གཏོང་བ་སོགས་ཀྱིས་དབང་འབྲས་བཟང་པོར་སྒྲུབ་སྟེ་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་ཚུལ་དང་གསུམ་ཡོད།། ༧དེའི་དང་པོ་ནི། མི་རྣམས་ཀྱིས་ས་བརྐོ་རྡོ་སློག་ཆུ་བསྒྱུར་ཤིང་བཅད་སོགས་ཀྱིས། ལྷ་མཐུ་བོ་ཆེ་དང་ཀླུ་མཐུ་བོ་ཆེ་སོགས་འཇིག་རྟེན་གྱི་མངའ་དབང་ཅན་རྣམས་དང་། ཏི་པོམ་ཐང་གསུམ་སོགས་ཡུལ་ཁམས་འདི་ལ་མངའ་མཛད་པའི་ཡུལ་ལྷ་ལྕམ་དྲལ་རྣམས་ལ་ཕོག་ཐུག་སོང་ནས་མ་དགའ་ན། ཡུལ་ཁམས་ལ་བཀྲ་མི་ཤིས་པའི་ནད་ཡམ་དང་འཁྲུག་པ་ས་གཡོ་རི་ཉིལ་སད་སེར་སོགས་འབྱུང་བ་སྒྲོ་བཏགས་མ་ཡིན་པར་འཚོ་བའི་ཉམས་མྱོང་གི་སྟེང་ནས་ར་སྤྲོད་ཐུབ་པ་ཡིན་ཏེ། དཔེར་ན་དེ་རིང་རི་བཙན་ས་ཞིག་ནས་རྫ་ཡུང་བརྐོས་ན་དེ་དགོང་སེར་བ་དྲག་ཏུ་འབེབ་ནས་ཤྭ་འོད་རྒྱུག་པ་སོགས་ཀྱིས་མི་ནོར་ཡུལ་མཁར་རྣམས་ལ་གནོད་འཚེ་ཆེན་པོར་བྱུང་དང་འབྱུང་བ་བཞིན་པ་རེད། དེས་ན་སངས་རྒྱས་སྟོན་པ་གཤེན་རབ་ཀྱིས་དེ་དག་ལ་ཕན་པའི་འཕྲིན་ལས་ཐབས་མཁས་པ་མང་པོ་རུ་བསྐྱངས་ཡོད་པ་རེད། གཡེན་ཁམས་ཀྱི་མདོས་རྣམས་ཀྱང་ཕལ་ཆེར་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆེད་དུ་བསྟན་པ་ཡིན་བྱས་ན་མི་འགྲིག་པ་མེད་སྙམ། ས་བདག་ཀླུ་གཉན་གཏོད་དང་བཞི་ལ་སོགས་པའི་མངའ་དབང་ཅན་རྣམས་ལ་ཤིང་གཉན་བཅད་པ་དང་ཆུ་འགོ་ལ་དམར་ཐབས་སོགས་ཀྱིས་ཕོག་ཐུག་ཤོར་བ་རྣམས་བཤགས་པའི་ཆོ་ག་ཡང་མང་པོ་ཞིག་སྟོན་པ་གཤེན་རབ་མི་བོ་དང་དེའི་སློབ་མ་རྣམས་ཀྱིས་མཛད་ཡོད་དེ། དཔེར་ན་ཀོང་ཙེ་འཕྲུལ་རྒྱལ་གྱིས་མཛད་པའི་ས་བདག་བཤགས་འབུམ་ལྟ་བུ་ཡིན། སྐབས་འདིར་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་ལུང་ཞིག་དྲངས་ན། ས་བདག་བཤགས་འབུམ་ལས། རི་གཉན་ལ་མེ་གཏང་བ་དང་། མཚོ་གཉན་ནང་དུ་དུག་བཏབ་པ་མཐོལ་ལོ་བཤགས། ཤིང་གཉན་སྟ་རེས་བཅད་པ་མཐོལ་ལོ་བཤགས། ས་གཉན་འཇོར་གྱིས་བརྐོས་པ་མཐོལ་ལོ་བཤགས། རྩ་གཉན་ཟོར་གྱིས་བྲག་པ་མཐོལ་ལོ་བཤགས། རྡོ་གཉན་གཟུ་བས་ཀློག་པ་མཐོལ་ལོ་བཤགས། ཞེས་སོགས་ཀྱིས་ཁོར་ཡུག་འདི་དཔལ་མགོན་སྡེ་བརྒྱད་སོགས་མི་མ་ཡིན་མང་པོའི་བདག་ཏུ་བཟུང་ཡོད་པའི་ལྟ་ཚུལ་གཞིར་བཞག་གི་ཐོག་ནས་གང་བྱུང་ཤིང་གཅོད་པ་དང་ས་བརྐོ་བ་རྡོ་སྒྲིལ་བ་སོགས་མི་རུང་བའི་བསླབ་བྱ་གནད་ལ་སྨིན་པར་གསུངས་པ་དང་། བོན་གཞུང་ཡུལ་ས་ཁོལ་སྒྲུབ་ལས། ཀྱེེ་སྟོང་གསུམ་སྲིད་པའི་འཇིག་རྟེན་དང་། །ས་ཕྱོགས་ཡུལ་རི་འདི་དག་ལ། །གནས་པའི་ས་བདག་ཀླུ་གཉན་དང་། །ཡུལ་ས་གཞི་བདག་འཁོར་བཅས་རྣམས། ཞེས་དང་། བར་སྣང་ས་གཞི་ཆུ་བོའི་བདག །བཟང་ངན་གཉིས་ཀྱི་ཤན་ཕྱེད་ཅིང་། །འགྲོ་བ་མི་དང་ལྷན་གཅིག་གནས། །ཞེས་དང་། ཁྱེད་ལ་མཆོད་པ་འབུལ་བ་ནི། །འབྲས་ཀྱི་བཤོས་བུ་རྒྱན་ཅན་དང་། །རིན་ཆེན་འབྲུ་ཡི་གཡག་ལུག་དང་། །ཞེས་སོགས་ནས། ཁྱེད་ཀྱི་འདོད་པ་བསྐངས་ནས་ཀྱང་། །ཞེས་དང་། ནད་ཡམ་མུ་གེ་མཚོན་འཁྲུག་དང་། །བཙའ་སད་སེར་གསུམ་ཐོག་མདའ་དང་། །གོ་ཁ་ཆོ་འཕྲུལ་མ་གཏོང་ཞིག །ཅེས་གསུངས་པ་ལྟར་རོ། དེ་བཞིན་དུ་ས་ལ་གཏེར་བུམ་སྦ་བ། ཆུ་ལ་ཀླུ་གཏོར་གཏོང་བ། མེ་ལ་སྦྱིན་སྲེག་བྱེད་པ། རླུང་ལ་དར་ལྕོག་གཟུགས་པ། ནམ་མཁར་ལྷ་བསང་གཏོང་བ་སོགས་དགེ་བསྙེན་ཐེག་པའི་བཞེད་གཞུང་དང་བསྟུན་པའི་འབྱུང་བ་ལྔ་ཡི་རིམ་འགྲོ་སྣ་ཚོགས་མཛད་པ་དེ་རྣམས་ཀྱིས་ཆར་ཆུ་དུས་སུ་འབེབ་པ་དང་ས་གཡོ་རི་ཉིལ་མི་འབྱུང་བ་སོགས་ལ་ཕན་པ་མ་ཟད། མི་རྣམས་ཀྱིས་གང་བྱུང་དུ་ས་བརྐོ་རྡོ་སློག་སོགས་མི་བྱེད་ཅིང་གལ་ཏེ་ཁང་ས་སོགས་བརྐོ་དགོས་བྱུང་ནའང་། ས་བདག་བརྟན་མ་སོགས་ལ་དཀར་གཏོར་དང་གསེར་སྐྱེམས་འབུལ་ནས་ས་སློང་བའི་ཆོ་ག་མཛད་པ་སོགས་སྟོན་པ་ཐབས་ལ་མཁས་པ་དེས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐད་ལའང་མཛད་སྲོལ་རྨད་དུ་བྱུང་བ་མང་པོ་གནང་ཡོད། །སྔོན་སྟོན་པ་བཀའ་དྲིན་ཅན་དེ་ནས་ད་ལྟའི་བར་དུ་རིམ་གྲོ་ཕུན་སུམ་ཚོཌ་པ་དེ་དག་ལ་བརྟེན་ནས། ཕྱི་ཡི་ལྷ་མཆོད། ནང་གི་བཙོག་སེལ། གཞི་བདག་རུ་ང་ཆེ་བ་རྣམས་དང་འགྲས་པ་སྡུམ། ཀླུ་གཉན་ཕོག་ཐུག་ཤོར་བ་རྣམས་དང་འཁོན་པ་བསལ་ཏེ། གངས་རིའི་སྣོད་བཅུད་གཉིས་འདི་ཀུན་ལས་གཙང་བ། ཁ་ཡོ་སྙོམས་པ། རང་བྱུང་ཁོར་ཡུག་ཉམས་དགའ་བ་ཞིག་སྟེ། དབྱར་གྱི་རྩི་སྨན་གྱིས་ཡམ་ནད་འགོག་པ། རང་བྱུང་ཆུ་ཚན་གྱིས་སྒུར་ནད་བསྲང་བ། དྭངས་གཙང་ཆུ་བོ་ལྷུང་སྒྲ་དང་བཅས་འབབ་པ་དག་འཐུང་ན་བཅུད་ཆེ་བ། མཚོ་དང་མཚེའུ་ངོ་མཚར་ཅན་དེ་དག་ནང་ནས་ཆུ་གླང་དང་བེའུ་ངུར་བ་སོགས་རང་བྱུང་གི་ལྟད་མོ་མཛེས་པ། ཤ་རྣ་རྒོ་བ་འབྲོང་རྒོད་རྐྱང་ཁྲ་སོགས་རི་སྐྱེས་སྣ་ཚོཌ་བག་ཕེབས་ཀྱིས་འཚོ་བ་རོལ་བ་སོགས་ཕྱྭ་གཡང་ཕུན་སུམ་ཚོགས་པའི་ཡུལ་གྲུ་འདི་སྲུང་སྐྱོབ་མཛད་ཡོད། ང་ཚོ་ཕྱི་རབས་པ་རྣམས་ཀྱིས་ཀྱང་མེས་པོའི་ཕྱག་རྗེས་དེ་རྣམས་རྨོངས་དད་རེད་ཟེར་ནས་འདོར་མི་གཏོང་བར་སྲོལ་རྒྱུན་རིག་གནས་རྣམས་ཕ་ཤུལ་བུས་འཛིན་བྱས་ན་ཅིས་ཀྱང་ཕན་ཐོག་ཆེ་བར་སྙམ། ༧གཉིས་པ་མིའི་བྱ་སྤྱོད་ལས་འགུལ་གྱི་སྒོ་ནས་ཁོར་ཡུག་སྲུང་སྐྱོབ་བྱེད་ཚུལ་ཟུར་ཙམ་ཞིག་བཤད་ན། གང་བྱུང་དུ་ཤིང་གཉན་གཅོད་པ་དང་ཐབ་བཞོབ་བྱེད་པ་རྦབ་རྡོ་སྒྲིལ་བ་སོགས་མི་རུང་བའི་གནད་རྣམས་བོན་དཔེ་དག་ལས་བྱུང་བ་རྣམས་ལ་བརྟེན་ནས། བོད་མི་རྣམས་ཤིན་ཏུ་འཛེམ་སྲོལ་ཡོད་པ་མ་ཟད། ཐ་ན་མེ་འོད་ཕྲ་མོ་ཙམ་ཡང་སྒོ་ཁར་ཕོག་མི་རུང་བའི་འདུ་ཤེས་དེ་དག་མ་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་བྱས་ན་ཁོར་ཡུག་སྲུང་སྐྱོབ་ལ་ཤིན་ཏུ་ཕན་ཐོག་ཆེ་བའི་རྟེན་འབྲེལ་གྱི་གནད་དམ་པ་ཡོད། ལྷག་པར་དེང་དུས་ཕྱི་ཡི་འཕྲུལ་ཆས་སོགས་ཉེར་སྤྱད་རྣམས་ཇེ་འཕེལ་དུ་འགྲོ་བའི་སྐབས་དང་བསྟུན་མི་རྣམས་ནང་སེམས་ཀྱི་འདོད་རྔམ་ཡང་ཇེ་ཆེར་འགྲོ་བས། ཐ་ན་རྡོ་ལག་མཐིལ་ཙམ་ཞིག་ཡིན་ན་འདིས་རིན་གོང་ཁུག་ཐབས་ཤིག་ཅི་དྲགས་སྙམ་ནས་སྡོད་པའི་སྐབས་འདིར། རང་གི་ཁོར་ཡུག་སྲུང་སྐྱོབ་བྱེད་ཚུལ་ལ་དོ་སྣང་ཇེ་ཆུང་འགྲོ་བཞིན་འདུག་པ་འདི་མྱུར་སྐྱོབ་བྱེད་པའི་འགན་འཁྲི་དེ། ཡུལ་ལུང་སོ་སོའི་འགོ་ཁྲིད་ལས་བྱེད་པ་གཙོས་བོད་མི་སྐྱ་སེར་ཀུན་ལ་ཡོད་པས་འདིར་དྲན་གསོའི་ཆེད་དུ་གསལ་འདེབས་ཞུ་རྒྱུ་ནི། དུས་རབས་ཉི་ཤུ་པའི་དཀྱིལ་ཙམ་ནས་མདོ་དབུས་མཐོ་སྒང་གི་རང་བྱུང་ཁམས་ཆེན་པོ་འདི་ལ་གཏོར་བཤིགས་ཚབས་ཆེན་ཐེབས་ཡོད་པ་སྟེ། རྡོ་སོལ་སོགས་གཏེར་ཁ་སྔོག་འདོན་དང་ནགས་ཚལ་གཅོད་པ་སོགས་བྱས་པས་ས་ཡི་ཟུང་བཅུད་ཉམས་པ་དང་། རྡོ་སོལ་གྱི་གཏེར་ཁ་བསྔོག་འདོན་བྱེད་དྲགས་ན་མཁའ་དབུགས་བཙོག་པར་འགྱུར་ཞིང་། དེས་རྐྱེན་གྱིས་ས་ཆ་དེ་གའི་མི་རྣམས་ཀྱི་སོ་སེན་ནག་པོར་འགྱུར་བ། མིག་ལོང་བ་པགས་ནད་དང་གློ་ནད་གསོ་དཀའ་བ་སོགས་འབྱུང་བར་བཤད། དེ་བཞིན་རི་དྭགས་རྣམས་རྔོན་རྒྱབ་ནས་བསད་པས་སྔ་ཚེ་རྐྱང་ཁྲ་དང་འབྲོང་གཡག་སོགས་ཡོད་པའི་ཡུལ་ལུང་མང་པོར་དེང་སང་དེ་དག་ཡོད་པའི་དཔང་རྟགས་ལབ་རྩེ་སོགས་སུ་རྭ་ཆོ་བཙའ་ཁྲོ་རེ་གཉིས་ཙམ་ལས་མེད་པར་བཟོས་པ་དང་། སྒོ་ཕྱུག་རྣམས་ཁྱུ་དང་ཁྱུ་བྱས་ནས་བཤས་ར་ནང་ལ་ཕར་བརྒྱབ་ད་དུང་ཅི་ཞིག་དགོས་མདོག་གིས་རྟ་གཡང་ཤོག་ལུག་གཡང་ཤོག་ཅེས་གཡང་འབོད་འདོན་པ་ཁ་དོན་མི་མཚུངས་པའི་སྨྱོན་པའི་ལས་ཀ་ཞིག་མ་ཡིན་ནམ། བྱས་ངན་དེ་དག་གི་རྐྱེན་གྱིས་ཡིན་ན་ཆོག་མོད་དེ་སྔ་གོ་གནའ་རབས་བཅུ་གསུལ་ལ་མ་མྱོང་བའི་གནས་ཚུལ་ཞིག་སྟེ། ད་ལོ་ན་ནིང་འབྲོག་པའི་ས་ཁུལ་ཁག་མང་པོར་དྲེད་མོང་གིས་ཁང་པ་གཏོར་ནས་ནང་སྤྱད་བརླག་པའི་ཆག་སྒོ་མང་པོ་བྱུང་དང་འབྱུང་བཞིན་པ་རེད། དེས་མི་ཚད་གྲོང་ཁྱེར་ཉེ་འཁོར་སོགས་ནས་དྭངས་གཙང་ཆུ་བོ་ལ་གསང་སྤྱོད་བཤར་ཁུ་དང་གད་སྙིགས་སོགས་བཙོག་པ་སྣ་ཚོགས་ཀྱིས་སྦགས་པ་དང་། མཛེས་ལྗོངས་ཀྱི་རྩྭ་ཐང་ཤེལ་ཆག་དང་ཆུ་ཤོག་སོགས་གད་སྙིགས་ཀྱི་ཐང་དུ་བསྒྱུར་བ་དང། དབྱར་རྩྭ་དགུན་འབུ་སོགས་བརྐོ་སྐབས་སྤང་རི་རེ་རེ་ལ་འཇོར་སོ་འབུམ་ཕྲག་མང་པོས་གཙགས་པ་འདི་དག་གིས་རང་བྱུང་ཁོར་ཡུག་ལ་གནོད་སྐྱོན་ཚབས་ཆེན་ཐེབས་ནས། དུས་རབས་ཉི་ཤུ་པའི་སྨད་དང་ཉེར་གཅིག་པའི་དུས་འགོ་གཉིས་འདྲ་བསྡུར་བྱས་ནའང་། རྩི་ཤིང་མེ་ཏོག་རྩྭ་ལྗང་སོགས་ཀྱི་སྐྱེ་ནུས་ཇེ་ཞན་དུ་གྱུར་པ་དང་། ཞིང་ཁའི་ལོ་སྙི་རྣམས་སྤུངས་ཇེ་ཆུང་དང་། མ་འབྲི་རྣམས་ལ་འོ་མ་ཇེ་ཉུང་དུ་གྱུར་ཡོད་པ་འདི་དག་མངོན་གསལ་དོད་པོ་ཡིན་པས། ད་ནས་བཟུང་ང་ཚོའི་ཞིང་འབྲོག་མི་མང་གཙོའི་སྒང་བ་བོད་ཀྱི་མི་རྣམས་སྦྲང་དཀར་རྩམ་པའི་བྲོ་བ་དང་ཞིམ་མངར་འོ་མའི་རོ་བཅུད་ཀྱིས་མཐོ་སྒང་མཛེས་པའི་རྩྭ་ཐང་དུ་ཡུན་རིང་འཚོ་འདོད་ན་རང་བྱུང་ཁམས་ཀྱི་ཁོར་ཡུག་འདི་ལ་གཅེས་སྤྲས་ཤིག་མཛད་དགོས་པའི་དུས་ལ་བབ་ཡོད་པས། གཅིག་རི་སྐྱེས་སྲོག་ཆཌ་རྣམས་རང་གིས་མི་གསོད་ཅིང་གཞན་གྱིས་གསོད་པ་མཐོང་ནའང་དེར་གསོད་མི་གཏོང་བའི་རེ་བ་དང་སློབ་གསོ་བྱེད། དེས་མ་ཐུབ་ན་ཁྲིམས་ལ་གཏུགས་པ་སོགས་ཀྱི་སྒོ་ནས་བཀག་འགོག་བྱས་ན་མི་ཐུབ་པ་ཞིག་མིན་པས་ཅིས་ཀྱང་སྲུང་སྐྱོབ་བྱེད་རོགས་གྱིས། གཉིས་དཔྱིད་དང་དབྱར་གྱི་སྐབས་སུ་སྤང་ལྗང་ཐོག་ཏུ་གང་བྱུང་དུ་འཕྲུལ་རྟ་སོགས་རྒྱུག་མི་ཉན་ཞིང་། གད་སྙིགས་དག་གང་སར་བླུག་པ་དང་ལྷག་པར་ཆུ་ནང་དུ་གད་སྙིགས་བླུག་པ་འཛེམ་དགོས། འགའ་ཞིག་གིས་གད་སྙིགས་རྣམས་མེ་ལ་སྲེག་རྐྱང་བྱེད་པ་དེ་ཡང་མི་ལེགས་ཏེ། བོད་ཁམས་འདི་གཙང་རིགས་དཔལ་མགོན་སོགས་ཀྱི་རྟེན་གཞི་ཡིན་པས་བཞོབ་བདུག་གིས་གཙང་རིགས་ཀྱི་ལྷ་རྣམས་མི་དགའ་ནས་མི་ལ་ན་ཚ་ཕྱུགས་ལ་གོད་ཁ་སོགས་བཀྲ་མི་ཤིས་པར་འབྱུང་བ་དང་། ཆུ་ཤོག་དང་ཤེལ་དམ་སོགས་ཀྱི་གསེང་དུ་གནས་པའི་འབུ་རིགས་ཕྲ་མོ་རྣམས་ཀྱི་སྲོག་ལ་ཡང་གནོད་འཚེ་ཆེན་པོ་འགྲོ་བས་གད་སྙིགས་མེ་ལ་བསྲེག་པ་དེས་ཁོར་ཡུག་སྲུང་སྐྱོབ་ལ་ཕན་པ་ལས་ཀྱང་གནོད་ཚབ་ཆེ་བ་མ་ཡིན་ནམ། དེས་ན་གད་སྙིགས་རྣམས་དོང་དུ་སྦས་པ་འམ་ས་གནས་སོ་སོར་གད་སྙིགས་འདོར་ལེན་གྱི་ས་ཚིགས་གཏན་ཁེལ་བྱེད་ནས་གད་སྙིགས་རྣམས་དེ་གར་བསྐྱལ་བ་སོགས་བྱེད་པ་ལས། མེ་ལ་བསྲེག་པ་དང་ཆུ་ལ་བསྐྱུར་བ་བྱེད་མི་རུང་། ཆུ་ནི་རང་བྱུང་ཁམས་ཀྱི་ཟུང་བཅུད་དང་སྐྱེ་འགྲོ་ཀུན་གྱི་གསོ་བྱེད་ཡིན་པས་ཅིས་ཀྱང་སྲུང་སྐྱོབ་བྱེད་དགོས་པ་ལས་གང་བྱུང་དུ་འབག་བཙོག་བྱེད་མི་ཉན་ཏེ། དཔེར་ན་རང་གི་འཐུང་ཇའི་ནང་དུ་ཐལ་བ་བླུག་ན་ཇི་ལྟར་འབྱུང་སོམ་ཞིག མ་ཟད་དེང་སང་སྟེང་ཆེན་ཁུལ་སོགས་སུ་དགོན་པ་དང་གྲོང་སྡེ་ཀུན་གྱིས་ཁང་པའི་བད་མུ་ཀུན་ཤིང་རྩེག་གིས་གཡོག་པ་འདི་ནི་རང་ལ་དགོས་མེད་ཀྱི་རྒྱས་སྤྲོས་ཆེད་དུ་སྤྱི་ཚོགས་ཀྱི་ཁོར་ཡུག་ལ་ནགས་ཚལ་ཟད་པ་སོགས་གནོད་སྐྱོན་ཤིན་ཏུ་ཆེན་པོ་འགྲོ་བ་ཡིན་པས་ཅིས་ཀྱང་མི་འཐད་པ་ཡིན། དེས་ན་སྡོད་ཁང་བཟོ་དགོས་ན་སྲ་བརྟན་ལེགས་ཤིང་སྤྱོད་སྒོ་ཆེ་ལ་སྟབས་བདེ་བ་ཁམས་གཙང་བ་ཞིག་བཟོས་བ་ལས་གང་བྱུང་དུ་དཔལ་འབྱོར་དང་ཁོར་ཡུག་གཏོར་བརླག་མི་གཏོང་བར་གལ་ཆེ། དབྱར་རྩྭ་དགུན་འབུ་སོགས་ཐོན་བསྐྱེད་མཁོ་སྒྲུབ་ཀྱི་སྐབས་སུ་གང་བྱུང་དུ་ས་ལ་འཇོར་རྒྱག་ནས་བརྐོ་མི་རུང་། མདོར་ན་སྒོ་ཀུན་ནས་རང་གི་ལུས་ལ་གཅེས་སྤྲས་དང་གཙང་སྦྲ་ཇི་ལྟར་བྱེད་པ་བཞིན་ཕྱི་ཡི་ཁོར་ཡུག་ལ་ཡང་དེ་ལྟར་བྱམས་སྐྱོངས་དང་གཙང་སྦྲ་བྱེད་པ་གལ་ཆེའོ། ༧གསུམ་པ་ནི། སྦྱིན་པ་གཏོང་བ་སོགས་དགེ་བའི་ལས་ཀྱིས་དབང་འབྲས་ཐུན་མོང་སྣོད་དུ་སྨིན་པར་གསུངས་ཡོད་པས་ཀུན་གྱིས་བསམ་པ་བཟང་ཞིང་དགེ་ལ་འབད་པ་ཡིན་ན་ཕྱི་ཡི་ཡུལ་ཁམས་ལ་ཡང་བདེ་ལེགས་ཕུན་སུམ་ཚོཌ་པ་འབྱུང་རྒྱུ་ཡོད་པ་ཐེ་ཚོམ་མི་དགོས་པས་དེ་ལུགས་ཀྱིས་དགེ་སྡིག་སྤང་བླང་ལ་འབད་རོགས་གྱིས་ཞེས་ནན་གྱིས་ཞུ་བ་ལགས་སོ། ། ། གཡམ་དྲང་སྲོང་གིས་མཐོ་སྒང་འབྲོག་པའི་རྩྭ་ཐང་ནས་མཚར་ལངས་བྱུང་བའི་ལེགས་སྐྱེས་སུ་སྤྱི་ལོ་༢༠༡༡ལོར་བྲིས།
- ཟིན་ཐོ་གོང་མ།དམུ་ལྷ་ལུང་དགོན་གཡུང་དྲུང་ཀུན་གྲགས་གླིང་གི་ལོ་རྒྱུས་གནད་བསྡུས།
- ཟིན་ཐོ་འོག་མ།དྲན་པ་དམར་པོ།