ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
དམུ་ལྷ་ལུང་དགོན་གཡུང་དྲུང་ཀུན་གྲགས་གླིང་གི་ལོ་རྒྱུས་གནད་བསྡུས། | 2011/11/6 22:00:00

 ༄༅།།   དམུ་ལྷ་ལུང་དགོན་གཡུང་དྲུང་ཀུན་གྲགས་

གླིང་གི་ལོ་རྒྱུས་གནད་བསྡུས།།

༧། གཅིག་དགོན་པ་ཆགས་ཡུལ་ནི།  བོད་ཆེན་པོའི་ཡུལ་ཁམས་འདི་ལ་སྟོད་མངའ་རིས་སྐོར་གསུམ་བར་

དབུས་གཙང་རི་བཞི་སྨད་མདོ་ཁམས་སྒང་དྲུག་ཅེས་གྲགས་པའི་ནང་ཚན་མདོ་སྟོད་རྔུལ་རྫ་ཟལ་མོའི་སྒང་རྒྱུད་་་ཁྱུང་ཡུལ་དགའ་བའི་བྱང་ཟུར་དུ།དམུ་གཞུང་ཞེས་པའི་ས་ཆ་དེར་ཆགས་ཡོད།  དམུ་གཞུང་ནི་གངས་ལྗོངས་

ས་མཐོའི་འབྲོག་ཡུལ་གྱི་རྩྭ་ཐང་ཞིག་ཡིན་ལ་སྟེང་ཆེན་རྫོང་ནས་དམུ་ཐ་བར་ལེ་བར་༢༠༠ལྷག་ཙམ་ཡོད། དམུ་

གཞུང་གི་ནུབ་ཕྱོཌ་ནག་ཆུ་ས་ཁུལ་སྦྲ་ཆེན་རྫོང་དང་། བྱང་ཕྱོགས་མཚོ་སྔོན་ཞིང་ཆེན་རྫ་སྟོད་རྫོང་གི་ས་མཚམས་

དང་འབྲེལ་ཡོད།  ཡུལ་འདིར་རྒྱ་བོད་སོགས་གསུམ་དུས། དམུ་ནག་རུ་དཔོན་ཚང་གིས་དཔོན་རྒྱུད་འཛིན་ནས། ནག་རུ་དཔོན་གེ་ཁོད་དང་། རྒན་པོ་མདོ་ར་ཚེ་རིང་དར་དབང་། རག་ཤི་ཤེས་གྲགས།    ཨ་འཚོ་རྡོ་རྗེ། མགོ་འཕན་

ནག་ར་བཅས་ཡིན། ཡུལ་སྡེ་འབུ་ཚབ་དང་དམུ་ཐ་གཉིས་ལ་དུད་གྲངས༡༠༠ ལྷག་ཙམ་ཡོད། 

༧།  གཉིས་དགོན་བདག་བླ་མ་ནི  གདུང་རྒྱུད་ཆེ་དྲུག་གི་ནང་ཚན་སྒོ་རིགས་ཞིག་པོའི་གདུང་ལས་འཁྲུངས་པའི་ཤེལ་ཞིག་ཚུལ་ཁྲིམས་རྒྱལ་མཚན་ནས་ཤེལ་ཞིག་རྣམ་ཚང་གི་བླ་རབས་རིམ་བྱོན་གྱིས་མཛད། དེ་ཡང་ཤེལ་ཞིག་ནི།

གནམ་གྱི་དམུ་ཐག་བརྒྱུད་ནས་ཤེལ་གྱི་མི་ཆུང་ཚོན་གང་བ་གཅིག   རྒྱ་ནག་རི་བོ་རྩེ་ལྔ་ལ་བབས་ནས་ཁྱེའུ་དེ་ལ་མཚན་དུ་རྒྱ་ནག་ལེགས་སྟོན་རྨོན་པོ་ཞེས་གསོལ། ལེགས་

སྟོན་རྨོན་པོ་ནས་རིམ་བཞིན་བརྒྱུད་དེ། ཤེལ་ཞིག་ནམ་མཁའ་གྲགས་པ་རྔུལ་རྫ་ཟལ་མོའི་སྒང་རྒྱུད་དུ་བྱོན།  དེ་

ནས་བཟུང་ལོ་རྒྱུས་མང་པོ་འདུག་ཀྱང་སྐབས་འདིར་ཡི་གེར་མ་བཀོད།  ཕྱིས་སུ་ཤེལ་ཞིག་བླ་མ་ཨ་བརྟན་གྱི་་་

དུས་སུ་ཁྱུང་པོ་སྒང་རི་བྱང་ཐ་ལ་སྡོམ་འབྲི་རག་ནས་བྱོན་པའི་ཁྱུང་པོའི་གདུང་འཛིན་ཞིག་བྱོན་ནས་དུང་གཞོང་ཀོག་ལ་ས་བཟུང་མཛད་ནས་བཞུགས།  ཤེལ་ཞིག་ཨ་བརྟན་གྱི་སྲས་གཡུང་དྲུང་དབང་རྒྱལ་གྱིས་ཡབ་ཀྱི་གདུང་

ས་དུང་གཞོང་ལ་བཏབ་པས་ཤེལ་ཞིག་དང་ཁྱུང་པོ་གཉིས་ཕན་ཚུན་མ་མཐུན་པའི་སྐབས་སུ།  དམུ་ཐ་དཔོན་

གེ་ཁོད་གཙོའི་དམུ་ཐ་འབུ་ཚབ་གཉིས་ཀྱི་སྡེ་དཔོན་ཀུན་བློ་སེམས་གཅིག་སྒྲིལ་གྱི་སྒོ་ནས་ཡུལ་འདིར་ཤི་བོའི་་་་ འདྲེན་སྟོན་དང་གསོན་པོའི་སྐུ་རིམ་ཞུ་སའི་བླ་མ་ཞིག་གདན་དྲངས་དགོས་པའི་གླེང་མོལ་བྱུང་དོན་ལྟར་ཤེལ་་་

ཞིག་རྣམ་པ་ཚང་དམུ་གཞུང་དུ་གདན་དྲངས་ཏེ་ཡུལ་སྡེ་ཀུན་གྱིས་རྩ་བའི་བླ་མར་བཀུར།

༧། གསུམ་དགོན་པ་ཆཌ་བཏབ་ཚུལ་ནི།མཁར་སྣའི་་རྒྱལ་ཚབ་བསོད་ནམས་གཡུང་དྲུང་བྱང་རྒྱུད་དུ་གདུལ་

བྱར་ཕེབས་པ་དང་བསྟུན།  འབུ་ནག་སྒང་གསུམ་གྱིས་ཝ་རུག་སྐྱིད་རི་མ་ལ་སྤྱི་རིམ་བཅས་ནས། ཤེལ་ཞིག་ཚུལ་

ཁྲིམས་རྒྱལ་མཚན་དང་ལྡིང་དཔོན་གེ་ཁོད་བླ་དཔོན་གཉིས་ཡུལ་སྡེ་དང་བཅས་པས་ཞུ་བ་ཕུལ་དོན།  དཔོན་

གེ་ཁོད་ཀྱིས་སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་ལ།  དར་དཀར་དྲི་མེད་དང་དངོས་རྫས་རིན་ཆེན་སྣ་ལྔ་དང་བརྒྱ་

འབུལ་བཅས་ཀྱིས་སྣ་དྲངས་ཏེ་ཞུ་བ་གསོལ་བ་ནི།

འགྲོ་བའི་སྐྱབས་རྗེ་རྒྱལ་ཚབ་དམ་པ་མཆོག།

ལྔ་བདོའི་སེམས་ཅན་དུ་ཁའི་ནད་སེལ་སྨན།

བདག་འདྲའི་དཔོན་མིང་མི་མང་སྡིག་ལ་འབག།

བག་སྒྲིབ་ནད་རྐྱེན་སེལ་བའི་དགོན་གནས་ཞུ།

ཚོཌ་གཉིས་སྔོན་ནས་རྫོཌ་པའི་བླ་དཔོན་སྡེ།

ལས་འཕྲོའི་ཆུ་གཏེར་རྡོར་བག་ད་ལམ་འཕྲད།

དུག་ལྔའི་མུན་ནག་སེལ་བ་རྟ་བདུན་ཟེར།

བོན་བསྟན་རྒྱལ་མཚན་བསྒྲེང་བའི་དགོན་གཞི་འདེབས།   ཞེས་གསུངས།

༡༩༢༥ལོ་ཆུ་སྟོད་ཟླ་བའི་འགྲུབ་སྦྱོར་ཉིན་དགོན་གཞི་བཙལ་ཚུལ་ནི་བླ་དཔོན་ཡུལ་སྡེ་བཅས་སྐྱ་མི་བརྒྱ་་་

སྐོར་ཙམ་ཞིག་དམུ་ཆུ་བརྒལ་ནས་ས་ནག་ཁུག་ཞེས་པའི་ཡུལ་དེར་ཆིབ་རྒྱུག་མཛད་སྐབས་སྐུ་གཟན་ས་ལ་ལྷུང་་་

སོང་།  དེར་རྒྱལ་ཚབ་ཀྱི་ཞལ་ནས་འདིར་དགོན་པ་བཏབ་ན་ལེགས་གསུང་ནས་ས་ཆའི་མཚན་ཉིད་ལ་ཡང་།

རྒྱབ་རི་རྒྱལ་པོ་གདན་ལ་བཞུག་འདྲ།

མདུན་རི་ནོར་བུ་གདན་ལ་བཞུག་འདྲ།

གཡས་རི་གླང་ཆེན་ཆུ་ལ་ཞུགས་འདྲ།

གཡོན་རི་དར་དཀར་ཡོལ་བ་འཐེན་འདྲ།

ས་མིག་ཁྱུང་ཆེན་གཤོག་པ་ལྡེབ་འདྲ།  ཅེས་གསུང་ནས།

སྤྱི་ལོ༡༩༢༥ མེ་ཕོ་སྟག་གི་ལོར་གོང་གི་ས་གནས་དེར་དགོན་པ་ཆགས་བཏབ་ནས་མཚན་དུ་གཡུང་དྲུང་

ཀུན་གྲགས་གླིང་ཞེས་གསོལ། 

༧།  བཞི་དགོན་པ་དར་རྒྱས་སོང་བའི་སྐོར།  དེ་ནས་བཟུང་དགོན་དེའི་བསྟན་པའི་དག་པོ་ཤེལ་ཞིག་

ཚུལ་ཁྲིམས་རྒྱལ་མཚན་མངའ་གསོལ་མཛད་ནས་དད་ལྡན་མང་ཚོགས་ཡོངས་ཀྱི་རྒྱུ་དང་རྩོལ་བ་ཇི་སྙེད་ཀྱི་སྒོ་་་ ནས་དགོན་འདིའི་ཕྱི་ནང་འཁོར་ཡུག་དང་ནང་རྟེན་སོགས་རྒྱ་ཆེན་ཡོད་པ་སྟེ་འདུ་ཁང་ཀ་ཐུང་ཉི་ཤུ་ཀ་རིང་་་

གཉིས་། ནང་དུ་མཛད་ཆེན་སུམ་བརྒྱ་དྲུག་བཅུ་དང་བོན་སྐྱོང་སྲུང་མ་རྣམས་ཀྱི་སྐུ་བརྙན་ལྡེབས་རིས་བཅས་་་་

ཡོད།  ཐོག་ཁར་ཀ་བ་བཞི་ཡི་ལྷ་ཁང་གཅིག་དང་སྒྲུབ་ཁང་ཀ་བ་བཞི་དང་ལྷ་ཁང་ཀ་གཉིས་གཅིག  ཇ་ཁང་

ཀ་བ་བརྒྱད་ཅན་མཛོད་ཁང་ཀ་བ་བཞི་བླ་བྲང་གཟིམ་ཆུང་གཅིག  མ་རྒྱུད་ལྷ་ཁང་གཅིག་བྱམས་མའི་སྨན་སྐུ་

ལྷ་ཁང་གཅིག་རྣམ་རྒྱལ་སྨན་སྐུ་གཅིག་དང་སྨན་སྐུ་ཆུང་བ་སྟོང་གཅིག་གསས་མཁར་མཆོག་ལྔའི་སྐུ་དང་། གཤེན་

ལྷའི་གསེར་སྐུ་གཅིག་བཅས་ཡོད།  གཞན་ཡང་འཕར་ཆུང་གཅིག  འཛམ་ལྷའི་སྐུ་གཅིགབླ་མ་ཨ་བརྟན་་་་

དབུ་གཡང་།  གཡུང་དྲུང་དབང་རྒྱལ་ཐུགས་མེ་གདུག  བླ་མ་ནམ་མཁའ་རྒྱལ་མཚན་གྱི་རིལ་སེལ་དགུ

ཁྲོ་གསས་འགྲམ་པ་ལ་ཨ་མ་ཛ་ཡི་རང་བྱོན་ཡོད་པ་དང་།  གྲི་མདུད་གཅིག་བཅས་ཡོད།  དཔེ་ཆའི་སྐོར་ལ་

མདོ་རིགས་པོ་ཏི་གྲངས༨༥ གསང་སྔགས་པོད་གྲངས༡༠༨  ཐང་ཆེན༣༥ རྒྱན་ཕྲེང༢  རྒྱན་རྫས༢  སྦུབ་

ཆལ༤  གཤང་ཆེན༤  རྔ༢  གསེར་གླིང༢  དུང་ཆེན༢  དུང་རྐང་ཆ༡  དུང་དཀར་ཆ༢ འཆམས་གོས༨ འབག་༢༠བཅས་ཡོད། དགོན་པའི་འདུ་འཚོཌ་སྐོར། ཁྲོ་ཕུར་དགུ་ཉིན༢༠ དབྱར་འཚོགས་ལ་མ་རྒྱུད་དང་མ་ཏྲིའི་བུམ་སྒྲུབ་ཆོག་ག་བཅུ་གཉིས་དང་མེ་ཏོག་མཆོད་པ་བཅས་ཉིན༡༥རིང་་་་འཚོགས་རྒྱུ་དང་འཚོགས་མཁན་མི་གྲངས་༤༠ཡན་མན་ཙམ་ཡོད།  

༧ལྔ།  ༡༩༤༨ལོར་དགོན་འདི་འཐོར་ཞིག་སོང་བའི་རྐྱེན་ནི།  སྤྱིར་བོན་བསྟན་སྤྱི་དང་སྒོས་སུ་ནག་

རུ་བྱང་ཤོག་སྡེ་བཞིའི་ས་ཆ་ཡུལ་སྡེ་ལ་བསམ་ངན་དུག་ལྟར་འཆང་བའི་འབྲང་པ་བེ་ཧུས་དམག་དཔུང་ཁྲིད་དེ་་་་

དགོན་འདི་གཏོར་བཤིག་ཚབ་ཆེན་བཟོས་པ་རེད།   

༧།  དྲུག་ནས་རི་ལྟག་ལུང་ལ་དགོན་པ་སླར་ཡང་གསར་བཞེངས་བྱས་པའི་སྐོར།  དེའི་རྗེས་ནག་རུ་

དཔོན་བསོད་ནམས་གྲགས་པ་དང་། ཤེལ་ཞིག་བླ་མ་བློ་གྲོས་རྒྱལ་མཚན་དང་།  སྤྱང་ཚེ་མཚམས་པ་སྐལ་བཟང་

ཚུལ་ཁྲིམས་གསུམ་གྱིས་གཙོ་བོར་མཛད་ནས༡༩༥༠ལོར་ནས་རི་ལྟག་ལུང་ལ་དགོན་པ་གཅིག་གསར་བཞེངས་བྱས།

དགོན་དེའི་འདུ་ཁང་ཀ་བ༢༤  སྒྲུབ་ཁང་ཀ་བ༨  ཇ་ཁང་དང་གཉེར་ཁང་ཀ་བ༨  ཕུར་པའི་ལྷ་ཁང་

བཅས་ཡོད།  ནང་རྟེན་དང་འདུ་འཚོཌ་སྔར་ཡོད་ཉམས་པ་སོར་ཆུད་བྱས།  ཡུལ་སྡེ་ནི་འབུ་ནག་གཉིས་སྔར་

ལྟར་ཡིན།  དགོན་དེའི་དབུ་བླ་ཤེལ་ཞིག་ཚེ་དབང་མཆོག་རྒྱལ་བསྐོས་བཞག་མཛད་པ་དང་གྲྭ་བཙུན༥༨ཙམ་

འཚོགས་མི་ཡོད་སྐད་འདུག

༧། བདུན་རིག་གནས་གསར་རྗེའི་སྐབས་བོད་ཁམས་ཁུལ་གྱི་དགོན་པ་སྤྱི་མཚུང་བཞིན་འདི་ཡང་གཏོར་

བརླགས་སུ་སོང་ནས་བསྟན་པ་འཛིན་སྐྱོང་བྱེད་པའི་གོ་སྐབས་མ་བྱུང་བ་རེད།

༧། བརྒྱད་དམངས་གཙོ་བཅོས་བསྒྱུར་བྱས་ཚར་བའི་རྗེས་སུ་དགོན་པ་སླར་ཡང་ཉམས་གསོ་བྱས་པའི་སྐོར།

དེ་ཡང༡༩༨༦ལོར། ཤེལ་ཞིག་བླ་མ་ཚུལ་ཁྲིམས་བསྟན་འཛིན་རིན་པོ་ཆེས་ཏང་གི་སྲིད་རྒྱུས་བཟང་པོའི་འོད་སྣང་

ཤར་རིའི་འཕྲག་ནས་འཛུམ་ཞིང་ཆོས་དད་རང་མོས་དང་དགོན་པ་བསྐྱར་བཞེངས་བྱེད་ཆོག་པའི་སྐལ་བཟང་་་་

ཤར་བ་དངབསྟུན།  གདན་ས་སྔོན་མ་ས་ནག་ཏུ་སླར་ཡང་དགོན་པ་ཉམས་གསོ་མཛད་རྒྱུའི་ཐུགས་ཐག་བཅད་

དེ་རང་ནུས་གང་ཡོད་ཀྱི་སྒོ་ནས་གཙུག་ལག་ཁང་དང་ཕུར་པའི་ལྷ་ཁང་།  བོད་ཡུལ་མའི་ལྷ་ཁང་།  སྟག་་་་

ལའི་ལྷ་ཁང་དང་། ཇ་ཁང་འཁོར་ཁང་སོཌ་བཞེངས་ཡོད།  རྒྱུན་ལྡན་གྱི་ཆོས་ལུགས་བྱེད་སྒོ་སྤེལ་དུས་འཚོགས་

ཞུགས་མི་གྲངས་ལ་གྲྭ་བཙུན་དགུ་དང་སེར་ཁྱིམ་པ་བཅས་སུམ་ཅུ་ལྷག་ཙམ་ཡོད།  དུས་མཆོད་སྐོར།  དབྱར་

ཁ་སྟོང་མཆོད་དང་མ་རྒྱུད་བོད་ཡུལ་མའི་སྒྲུབ་པ་བཅས་ཉིན༡༢དང་། ཟླ༩ ཚེས༡༨ ཉིན་ནས་ཁྲོ་ཕུར་དང་སྟག་ལ་

བཅས་ཉིན༡༢འཚོགས་སྲོལ་ཡོད། རྒྱུན་བཞུགས་བླ་གྲྭ་རྣམས་ཀྱིས་ཉ་རྣམས་ལ་ཚོགས་འཁོར་དང་མེ་ཏོག་མཆོད་པ་

ཟླ་བ་རེ་ལ་ཉིན་བཞི་རེ་སྡོམ་ལོ་གཅིག་ལ་ཉིན་འཚོགས༤༨བཅས་ཡོད།

༧།  དགུ་དགོན་པ་རྒྱ་བསྐྱེད་བཏང་བའི་སྐོར།  བོད་ཤིང་སྤྲེལ་ལོ་སྤྱི་ལོ་༢༤ལོར་འདུ་ཁང་གསར་་་

བཞེངས་ལ་ཀ་རིང་༢་དང་ཀ་ཐུང་༢༠ཡོད་པ་ཞིག་དང་ཐོག་ལ་ཆོ་ག་བཅུ་གཉིས་དང་། གཙོ་བཞིའི་ལྷ་ཁང་བཅས་

ལྷ་ཁང༢དང་།  གཞན་ཡང་ཁང་མིག༤ཙམ་ཡོད་ནང་རྟེན་སྐོར་ལ་གསེར་ཟང་ལས་གྲུབ་པའི་སྐུ་ཚད་སྐར་མ

༢༧༠་ཡོད་པའི་བྱམས་མ་དང་།  ཀུན་སྣང་ཁྱབ་པ།  ཁྲོ་བོ་གཙོ་མཆོག  ཕུར་པ་འབྲུག་གསས།  གཡུང་

དྲུང་བཀོད་ལེགས་ཀྱི་མཆོད་རྟེན་དང་།  ལོགས་བྲིས་ལ་ཐང་ཆེན་ལྷ་འཁོར་ཆ་ཚང་ཡོད་པ་ཞི་ཁྲོ་གཙོས་པའི་

གསས་མཁར་མཆོག་ལྔ་དང་།  བྱམས་མ།  རྣམ་རྒྱལ།  རྒྱལ་བ་རྒྱལ་མཚོ།  སྒྲིབ་སྦྱོང་ཚེ་དབང་བོད་་་་

ཡུལ་མ་སྟག་ལ་མེ་འབར་སྲིད་རྒྱལ་གཙོས་པའི་མོ་རྒྱུད་ཆ་ཚང་སྤོམ་ར་གཙོས་པའི་ཕོ་རྒྱུད་ཆ་ཚང་བཅས་ནང་ལ་་ཡོད།  སྒོ་ཁྱམ་དུ་རྒྱལ་ཆེན་སྡེ་བཞི་དང་ སྲིད་པ་འཁོར་ལོ་བཅས་ཡོད།  གཞན་ཡང་རྒྱུ་བལ་ཡུལ་ལི་ཁྲ་ལས་

གྲུབ་པའི་སྐུ་བརྙན་ཆུང་བ༡༨ །  གཤེན་ལྷ་དང་སྨྲ་སེང་སྐུ ༥༠  སྟོན་པ་ལོངས་སྤྱོད་རྫོགས་སྐུ༡  བྱམས་

མའི་གསེར་སྐུ༡  ཚོགས་རྔ་ཆ༣  ཐང་ཁ་ཆེ་བ༣༠  གཤང་ཆེན༢  མཁར་རྔ༡   དུང་ཆ༡  རྐང་

ཆ༢   གསུང་རྟེན་སྐོར་ལ་བཀའ་འགྱུར་ཆ༣  བརྟེན་འགྱུར་ཆ༣  མཉམ་མེད་གསུང་འབུམ་ཚར༨  ཤར་རྫའི་གསུང་འབུམ་ཚར༢ ཡོངས་འཛིན་གསུང་འབུམ་ཚར༢ མདོ་སྔགས་པོད་གྲངས༡༥༠ དངུལ་རྐང་གསེར་སྤྲ་མ་ཆ༡  སྦུབ་ཆལ་ཆ༦ བཅས་ཡོད།      ཅེས་ལོ་རྒྱུས་མདོར་བསྡུས་སུ་དགོན་གྱི་བླ་མ་ཚུལ་ཁྲིམས་བསྟན་འཛིན་མཆོག་དང་མདོར་བཙུན་བསམ་འགྲུབ་མཐར་ཕྱིན་རྣམ་གཉིས་ཀྱིས་ཟིན་བྲིས་བཀོད་པ་གཞིར་བྱས་ཤེས་རབ་སྙིང་པོ་དང་དྲང་རྒྱན་ཟུང་གིས་དག་བསྒྲིགས་ཅུང་ཙམ་བྱས་པའི་ཁུལ་གྱིས་ཁྱུང་པོ་སྟེང་ཆེན་དགོན་ནས་གློག་གཟུཌ་སུ་བསྟར་བའོ། ། །

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.