ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
ཐུགས་རྗེ་སེམས་དཔའི་སྐོར་ལ་དཔྱད་པ། | 2011/8/26 14:31:00

                                                

༄༅།        ཐུགས་རྗེ་སེམས་དཔའི་སྐྱེ་མཆེད་ཡང་འཁྲུལ་གཉིས་དང་ནང་གསེས་བཞི་རུ་

                                དབྱེ་བའི་ཁྱད་པར་ལ་དཔྱད་པ། 

བོན་སྨྱུག

ཆོ་འཕྲུལ་སྣ་དགུས་འཚེ་བ་རྩུབ་ཀྱང་ཁྱོད་ཐུགས་ཞི་བས་བཏང་སྙོམས་བཞག 

         མི་གཙང་མནོལ་ཆགས་རྫས་ངན་དགུ་ཡང་ཕ་མེས་དགྲ་བླའི་གཡང་དུ་བླངས། །

         སྐུ་གསུང་ཐུཌ་ལ་དོས་འཛུག་བདུད་ཀྱང་བྱམས་བརྩེ ས་སྐྱོང་མཛད་ཐོད་དཀར་སྲས། །

         མི་མཇེད་འདུལ་བའི་དེད་དཔོན་མཆོག་ཏུ་རྣམ་དཔྱོད་ཡངས་པས་བཀུར་འདི་ཅི། །

                                   ཞེས་མཆོད་ཚིག་ཡིད་ཀྱི་མེ་ཏོག་གིས་སྣ་དྲངས་ཏེ་སྐབས་འདིར་གླེང་བར་བྱ་བ་ནི་ཐུགས་རྗེ་སེམས་དཔའི་སྐྱེ་མཆེད་ཡང་འཁྲུལ་གཉིས་དང་ནང་གསེས་བཞི་རུ་དབྱེ་བའི་ཁྱད་པར་ལ་ཅུང་ཙམ་དཔྱད་པ།       དང་པོ་སྐྱེ་མཆེད་ཡང་འཁྲུལ་གཉིས་ཀྱི་འདོད་ཚུལ་མི་མཐུན་པ་ནི།  རྗེ་རིན་པོ་ཆེའི་ཐེག་འགྲེལ་ལས་རྒྱུ་མཚན་ནི་ཤེས་པའི་སྐྱེ་མཆེད་གཞན་དབང་དུ་འདོད་པ་དང་ཀུན་བཏགས་སུ་འདོད་ལ་སོགས་ལས་རིམ་བཞིན་དུ་ཕྱེའོ། ཞེས་གསུངས་པའི་ཕྱིར།       དེའི་ཤེས་པའི་སྐྱེ་མཆེད་ནི། སོ་སྐྱེའི་དབང་ཤེས་ལ་ཤར་བའི་ནང་གི་རྣམ་པ་དེ་ལ་འཇོག་དགོས་པ་ཡིན་ཏེ། དེ་འདྲའི་སྐྱེ་མཆེད་དེ།  ཡང་དག་པས་གཞན་དབང་འདོད་པ་གང་ཞིག གཞན་དབང་ཡིན་ན་རང་འཛིན་ཤེས་པ་དང་ངོ་བོ་གཅིག་པ་ཡིན་དགོས་པས་ན། རང་ཅག་གིས་མཛུབ་མོ་བཙུག་ནས་ཕར་བལྟ་སའི་ཀ་བ་ལ་སོཌ་སོ་སྐྱེའི་དོན་རིག་མངོན་གསུམ་གྱི་ཡུལ་དུ་གྱུར་པའི་ཕྱི་དོན་རྣམས་དེར་འཛིན་ཤེས་པ་དང་ངོ་བོ་གཅིག་པ་མ་ཡིན་པས་སོ།། གཞན་ཡང་གཟུགས་སོགས་ཕྱི་དོན་ལྔ་པོ་དེ་ཡང་འཁྲུལ་གཉིས་ཀས་ཀུན་བཏགས་སུ་འདོད་པའི་ཕྱིར་ཏེ། གཟུང་བའི་ཀུན་བཏགས་སུ་འདོད་པའི་ཕྱིར།     དེར་ཐལ་ཆ་ལག་ལས་ཀུན་བཏགས་ལ་གཉིས་ཏེ་གཟུང་བ་དང་འཛིན་པའོ།    ཞེས་དང་། ཤེར་ཕྱིན་སྐབས་དང་པོའི་རྣམ་བཤད་ལས། དང་པོ་ནི་གཟུཌ་སོཌ་དོན་ལྔ་ལྟ་བུ་ཞེས་གསུངས་པའི་ཕྱིར།     ཁ་ཅིག་གིས་དེ་བྱིས་པ་སོ་སྐྱེ་ལ་སྣང་བའི་གཟུཌ་ལྟ་བུ་ལ་འཇོག་དགོས་པ་ལས། གཟུགས་དངོས་པོ་ཡིན་པས་ཀུན་བཏགས་སུ་འདོད་པ་མི་རིགས་ཟེར་ན།  འོ་ན་མཚན་ཉིད་གསུམ་གྱི་རབ་དབྱེ་ལས། སྣང་བའི་ཀུན་བཏཌ་ནི་གཟུང་འཛིན་ཆ་གཉིས་སོ།། ཞེས་དང་། དེའི་གཟུང་བའི་ཀུན་བཏགས་ཀྱི་མཚན་གཞི་རུ། སྐབས་དང་པོ་ལས། དང་པོ་ནི་གཟུཌ་སོཌ་དོན་ལྔ་ལྟ་བུ་ཞེས། གཟུཌ་སོགས་དོན་ལྔ་སྣང་བའི་ཀུན་བཏཌ་སུ་གསུངས་པ་དང་།  སྣང་བའི་ཀུན་བཏཌ་ཡིན་ན་ཡོད་དགོས་པས་ན། གཟུགས་སོཌ་དོན་ལྔ་འཇོག་པ་ལས། སོ་སྐྱེ་ལ་སྣང་བའི་གཟུཌ་སོགས་བཞག་ན་མི་འཐད་དེ། དེ་མེད་པ་ཡིན་པས་སོ།། དེ་གལ་སྲིད་ཡོད་ན་དངོས་པོ་ཡིན་འདུག་པས་གང་ལྟར་བྱས་ཀྱང་ཁྱོད་ཀྱི་འདོད་པ་འཇིག་པར་ཟད་དོ།།           

གཞན་ཡང་དངོས་པོ་ཡིན་པས་ཀུན་བཏགས་མ་ཡིན་པའི་རྒྱུ་མཚན་མི་འཐད་དེ། རིང་ཐུང་ཆེ་ཆུང་ལ་སོགས་ཕན་ཚུན་ལྟོས་འཇོག་རྣམས་དངོས་པོ་གང་ཞིག་གཞན་དབང་བཏགས་པ་བར་གསུངས་

པས་ཀུན་བཏགས་ལས་འོས་མེད་དོ།   ཁ་ཅིག་གོང་གི་ལུང་དེ་དག་ཐུགས་རྗེ་སེམས་དཔའི་སྤྱི་བཤད་ཡིན་པ་ལས་སྐྱེ་མཆེད་ཡང་དག་པས་གཟུཌ་སོགས་

ཀུན་བཏགས་སུ་འདོད་པའི་དོན་མེད་ཟེར་ན།   དེ་ལ་འོ་ན་གཟུགས་ཀུན་བཏགས་སུ་འདོད་པའི་ཐུགས་རྗེ་སེམས་

དཔའ་དེ་སྐྱེ་མཆེད་འཁྲུལ་པ་བ་ཁོ་ནར་འཇོག་དགོས་སམ།  དེ་ལྟར་ན།     འགྲེལ་མེ་ལོང་ལས།གཟུང་བ་ནི་སྒྲོ་བཏགས་ཀྱི་ངོ་བོར་ཡོད་དེ། ཕྱི་དོན་དུ་ཡོད་པའི་ཕྱིར་རོ།     ཞེས་ཕྱི་དོན་དུ་ཡོད་པའི་རྒྱུ་མཚན་གྱིས་གཟུགས་ཀུན་བཏགས་སུ་འདོད་པ་མི་འཐད་པར་ཐལ།   ཕྱི་དོན་དུ་ཡོད་པའི་ཚུལ་མེད་པའི་ཕྱིར།  བྱས་པ་ལ།  ཁོ་ན་རེ་ཕྱི་དོན་དུ་ཡོད་པའི་ཚུལ་ནི་གཟུང་འཛིན་རྫས་ཐ་དད་དུ་གྲུབ་པ་ལ་བྱ་ཟེར་ན།   འོ་ན་གཟུགས་བོན་ཅན། གཟུགས་འཛིན་ཤེས་པ་དང་རྫས་ཐ་དད་དུ་གྲུབ་པར་ཐལ།  ཕྱི་དོན་དུ་ཡོད་པ་དེའི་ཕྱིར།   དེར་ཐལ། སྒྲོ་བཏགས་ཀྱི་ངོ་བོར་ཡོད་དེ། ཕྱི་དོན་དུ་ཡོད་པའི་ཕྱིར།    ཞེས་རྒྱུ་མཚན་འཐད་པའི་ཕྱིར།རྩ་བར་འདོད་མི་ནུས་ཏེ་གཟུང་འཛིན་རྫས་ཐ་དད་དུ་གྲུབ་པ་ཐུགས་རྗེ་སེམས་དཔའི་ལྟ་བའི་དགག་བྱ་ཡིན་པའི་ཕྱིར། གཞན་ཡང་སྣང་བའི་ཀུན་བཏཌ་ནི་གཟུང་འཛིན་ཆ་གཉིས་སོ། །  ཞེས་པའི་སྐབས་ནས་བསྟན་པའི་སྣང་བའི་ཀུན་བཏགས་དེ། གཟུང་འཛིན་རྫས་གཞན་དུ་གྲུབ་པའི་གཟུགས་སོཌ་ལ་འཇོག་མི་རིགས་ཏེ། སྣང་བའི་ཀུན་བཏཌ་ཡིན་ན་ཡོད་དགོས་པས་སོ། །

དེས་ན་ཕྱི་དོན་ཡོད་ཅེས་པའི་དོན་ནི། ཚུལ་མཐོང་གི་རྒྱུད་ཀྱི་དོན་རིག་མངོན་གསུམ་གྱི་ཡུལ་དུ་གྱུར་པའི་ཕྱི་དོན་ཏེ། ཕྱི་རོལ་དུ་གྲུབ་པའི་བེམ་པོ་སོགས་ལ་བྱ་དགོས་པ་གང་ཞིག   དེ་ལྟར་བྱས་ན།    ཕྱི་དོན་དུ་ཡོད་པའི་རྒྱུ་མཚན་གྱིས་གཟུགས་སྒྲོ་བཏགས་ཀྱི་ངོ་བོར་ཡོད་པ་དེ།   ཡང་དག་པའི་ལུགས་ལ་ཡང་འཐད་པ་ཡིན་ནོ།།  རྗེ་རིན་པོ་ཆེའི་ཐེག་འགྲེལ་ལས། ཡང་དག་པས་ནི་ཡུལ་གྱི་སྐྱེ་མཆེད་གཞན་དབང་དུ་འདོད། འཁྲུལ་པ་བས་ནི་ཀུན་བཏཌ་སུ་འདོད་དོ།།  ཞེས་པའི་ཡུལ་གྱི་སྐྱེ་མཆེད་དེ། གོང་དུ་བཤད་པ་བཞིན་སོ་སྐྱེའི་དོན་རིག་མངོན་གསུམ་ལ་ཤར་བའི་ནང་གི་གཟུགས་ཀྱི་རྣམ་པ་དང་། གཟུགས་གཉིས་ལ་ཁྱད་པར་ཅི་ཡོད་ཅེ་ན། དེའི་ཁྱད་པར་ནི། དཔེར་ན་ཟ་འོག་ཁ་དོག་སྣ་ཚོགས་ཀྱི་སྟེང་ཤེར་སྒོང་དྭངས་མ་ཞིག་བཞག་ན་ཤེར་སྒོང་ནང་གི་ཟ་འོག་གི་རྣམ་པ་དང་། ཟ་འོག་གི་ཁྱད་པར་བཞིན། ཕྱི་ནང་གི་རྣམ་པ་ཐ་དད་པས་སོ། ༧ ཡང་དག་པའི་ལུཌ་ལ་སོ་སྐྱེའི་དབང་ཤེས་ལ་ཤར་བའི་ནང་གི་རྣམ་པ་དེ་དག་གཞན་དབང་དུ་འདོད་དེ། རྒྱུ་རྐྱེན་གཞན་གྱི་དབང་གིས་རྫས་སུ་གྲུབ་པར་འདོད་པའི་ཕྱིར། དེར་ཐལ། ངོ་བོར་སྐྱེས་པ་འདོད་པའི་ཕྱིར། དེར་ཐལ། རང་འཛིན་ཤེས་པའི་ངོ་བོར་བདེན་པ་གང་ཞིག ཤེས་པའི་ངོ་བོར་བདེན་ན་དོན་དམ་པར་ཡོད་དགོས། དོན་དམ་པར་ཡོད་ན། སྒྲ་རྟོག་གིས་བཞག་པ་ཙམ་མ་ཡིན་པར་ཡུལ་རང་ངོས་ནས་གྲུབ་དགོས་པས་སོ།། དེ་ཡང་གལ་མདོ་དྲི་མེད་གསལ་སྒྲོན་ལས། གཤེན་རབ་རྣམ་བཅས་པས་ནི་ཡུལ་དུ་སྣང་ཡང་སེམས་སུ་བདེན་ལ་སེམས་བདེན་པ་ཡང་དག་གི་དངོས་པོར་འདོད། ཅེས་དང་། འགྲེལ་མེ་ལོང་ལས། སྐྱེ་མཆེད་ཡང་དག་པ་ན་རེ་ཞེས་པ་ནས། གཞན་དབང་དུ་འདོད་དོ།། ཞེས་པའི་བར་དུ་གསུངས་སོ།།    ༧ སྐྱེ་མཆེད་འཁྲུལ་པའི་ལུགས་ལ་སོ་སྐྱེའི་དབང་ཤེས་ལ་ཤར་བའི་ཁ་དོག་དང་དབྱིབས་ཀྱི་རྣམ་པ་དེ་དག་འཁྲུལ་པ་འམ་

རྫུན་པར་འདོད་དེ། དེ་དག་མ་རིག་པ་ལ་སྣང་བར་འདོད་པས་སོ།།  སྤྱིར་དབང་ཤེས་ལ་སྣང་བའི་ཡུལ་རྣམས་མེད་པ་མ་ཡིན་ཀྱང་། གངས་རི་སེར་འཛིན་དབང་ཤེས་འཁྲུལ་པ་ཡིན་པས་དེ་ལ་སྣང་བའི་གངས་རི་སེར་པོ་མེད་པ་བཞིན། སོ་སྐྱེའི་དབང་ཤེས་རྣམས་མ་རིག་པའི་དབང་གིས་འཁྲུལ་པ་ཡིན་པས་དེ་ལ་ཤར་བའི་རྣམ་པ་ཀུན་རྫུན་པ་འམ་

ཀུན་བཏགས་སུ་འདོད་པ་སྐྱེ་མཆེད་འཁྲུལ་པའི་ལུགས་ལ་འཐད་པ་ཡིན་ཏེ། འགྲེལ་མེ་ལོང་ལས། སྐྱེ་མཆེད་འཁྲུལ་པ་བ་ན་རེ། ཁ་དོག་དབྱིབས་ཀྱི་སྐྱེ་མཆེད་སྣ་ཚོཌ་སུ་སྣང་བ་འདི་རྫུན་པར་འདོད་ཅེས་པ་ནས། སྣ་ཚོཌ་སུ་སྣང་བ་ཀུན་བཏཌ་སུ་འདོད་པའོ།། ཞེས་དང་། ཁ་དོག་ཏུ་སྣང་བའི་ཤེས་པའི་སྐྱེ་མཆེད་དེ་ལ། གནས་སྐབས་རྣམ་པར་རྟོག་པ་ཞེས་བྱའོ། ཤེས་པ་རང་གི་ངོ་བོ་རིག་པ་གཉིས་མེད་དེ་ལ་རང་བཞིན་རྣམ་པར་དག་པ་ཞེས་བྱའོ། དེས་ཕྱིར་ཁ་དོག་སྣ་ཚོགས་སུ་སྣང་བ་ཤེས་པའི་སྐྱེ་མཆེད་འདི་མ་རིག་པ་ལ་སྣང་བར་འདོད་དོ། དེས་ན་ཁ་དོག་དབྱིབས་ཀྱི་སྐྱེ་མཆེད་མི་བདེན་པའོ།། ཞེས་གསུངས་པའི་ཕྱིར་རོ།། དེས་ན་སྐྱེ་མཆེད་འཁྲུལ་པས་ཤེས་པ་ཉིད་གཅིག་པུ་མ་གཏོཌ་གཟུཌ་སོཌ་ཕྱི་དོན་སྣང་རྣམས་ཏེ་རང་ཅག་གིས་

མཛུབ་མོ་བཙུག་ནས་ཕར་བལྟ་སའི་ཡུལ་ཀ་བ་ལྟ་བུ་དང་།ནང་ཤེས་རྣམ་སྟེ་ཀ་འཛིན་ཤེས་པ་ཀ་བའི་རྣམ་པ་ཅན་

དུ་གྱུར་པའི་གནས་སྐབས་ཀྱི་

ཀ་འཛིན་ཤེས་པའི་སྟེང་གི་རྣམ་པ་གང་ཡང་བརྟགས་ཤིང་དཔྱད་ན་གཏན་མེད་དུ་འདོད་ལ། ཤེས་པ་གཅིག་པུ་དེ་ལ་རང་རྐྱང་པ་ཞེས་ཐ་སྙད་བྱེད་དོ།། ཡང་དག་པས་ཕྱི་དོན་སྣང་ལས་ནང་ཤེས་རྣམ་ཐམས་

ཅད་དཔྱད་ན་ཤེས་པ་རང་ཡིན་པར་འདོད་དེ། སྐབས་དང་པོ་ལས། སྔོན་པོའི་རྣམ་པ་ཉིད་སྔོན་འཛིན་ཤེས་པ་ཡིན་ལ། ཤེས་པ་ཉིད་སྔོན་པའི་རྣམ་པ་ཤར་བར་འདོད་དོ།། ཞེས་གསུངས་པའི་ཕྱིར་རོ།།  འདིར་ཤེར་ཕྱིན་སྐབས་དང་པོ་ལས་མི་རྟོགས་ཡེ་ཤེས་ཀྱི་ངོ་བོར་མ་གྱུར་པའི་རྒྱུ་རྐྱེན་གཞན་གྱིས་དབང་གིས་བྱུང་

བའི་བོན་གཞན་དབང་གི་མཚན་ཉིད་དུ་བཞེད་པ་ལ། ཁ་ཅིག་གིས། གཟུགས་བོན་ཅན། གཞན་དབང་ཡིན་པར་ཐལ། མཚན་ཉིད་དེས་ཕྱིར། རྟགས་གྲུབ་སྟེ། མི་རྟོགས་ཡེ་ཤེས་ཀྱི་ངོ་བོར་མ་གྱུར་པ་གང་ཞིག རྒྱུ་རྐྱེན་གཞན་གྱིས་དབང་གིས་བྱུང་བའི་བོན་ཡིན་པའི་ཕྱིར་ཞེ་ན། མ་ཁྱབ་ཅེས་ལན་འདེབས་པ་ལ། དེའི་རྒྱུ་མཚན་ནི་གཞན་དབང་ཡིན་ན། དོན་དམ་པར་གྲུབ་དགོས་པ་མ་ཟད་དོན་ལ་ཤེས་པའི་ངོ་བོ་ཡིན་པ། དོན་ལ་ཤེས་པ་ཉིད་ཡིན་པ་ཞིག་དགོས་པར་ལུང་གིས་གྲུབ་སྟེ། འགྲེལ་མེ་ལོང་ལས། གཞན་དབང་ནི་རྣམ་པར་རྟོག་པའི་ཤེས་པ་སྟེ་ཞེས་དང་། གཞན་དབང་ནི་རྣམ་རྟོག་གི་ངོ་བོ་ཡིན་པའོ་ཞེས་དང་། རྗེ་རིན་པོ་ཆེའི་ཐེག་འགྲེལ་ལས། གཞན་དབང་ནི་རྣམ་རྟོག་གི་ངོ་བོ་ཡིན་པའོ། ཞེས་རྣམ་རྟོག་གི་ངོ་བོ་ཡིན་པ་གཞན་དབང་གི་མཚན་ཉིད་དུ་བཞེད་པ་དག་གིས་ཤེས་སོ།། དེས་ན་གོང་གི་མཚན་ཉིད་ཀྱི་ཟུར་དུ་མི་རྟོག་ཡེ་ཤེས་ཀྱི་ངོ་བོར་མ་གྱུར་པའི་ཞེས་པས། རྣམ་རྟོག་གི་ངོ་བོ་ཡིན་པར་ཤུགས་ལས་བསྟན་ནམ་སྙམ་སྟེ་དཔྱོད། ཡང་རྒྱུ་རྐྱེན་གཞན་གྱི་དབང་གིས་རྫས་སུ་གྲུབ་པ་གཞན་དབང་གི་མཚན་ཉིད་དུ་བཞེད་པ་ལྟར་ནའང་། གཟུཌ་སོགས་བེམ་པོ་རྣམས་གཞན་དབང་དུ་མི་འཐད་དེ། རྫས་སུ་གྲུབ་ཞེས་པའི་དོན། ངོ་བོར་སྐྱེས་པ་ལ་འདོད་དགོས་པ་དང་། ངོ་བོར་སྐྱེས་པའི་ཚད་རྟོག་པས་སྒྲོ་བཏཌ་པ་ཙམ་མ་ཡིན་པར་རང་གི་ངོ་བོའི་ཆ་ནས་གྲུབ་དགོས། དེ་གྲུབ་ན་རང་འཛིན་ཤེས་པ་དང་རྫས་ཐ་དད་དང་རྫས་གཅིག་གང་རུང་དགོས་པ་ལས། དང་པོ་ལྟར་ན། ལྟ་བའི་དགག་བྱ་གྲུབ་པར་འགྱུར་བ་དང་། གཉིས་པ་ལྟར་ན། ལྷན་གཅིག་དམིཌ་ངེས་ཀྱི་གཏན་ཚིགས་སྐབས་སུ་གནོད་པ་འབྱུང་བས་མི་འཐད་དོ། །     ཁོ་བོས་སྐྱེ་མཆེད་ཡང་འཁྲུལ་གཉིས་ཀྱི་ཁྱད་པར་ལ་རང་གི་བསམ་ཚུལ་དུམ་བུ་ཞིག་བཀོད་འདི་ནི། རེ་ཞིག་གཞན་ལ་བསམ་འཆར་སྤེལ་རེས་དང་། རང་གི་དཔྱད་པ་དྲན་གསོའི་ཆེད་དུ་ཟིན་རིས་སུ་བཀོད་པ་ལས།  དཔྱད་པ་རྫོགས་པའི་རྩོམ་ཡིག་དང་། གཞུང་ལུགས་སྨྲ་བའི་ཁུར་ལེན་སོགས་གང་ཡང་མིན་པས། གཟིགས་པ་པོ་རྣམས་ཀྱིས་དགོངས་ཚུལ་ཡང་དེ་ལུགས་གནང་རོགས་ཞུ།        སྐབས་འདིར་ལྟ་བ་གཏན་ལ་འབེབ་བྱེད་ཀྱི་གཏན་ཚིགས་བཞི་ཡི་སྐོར་ཅུང་ཙམ་གླེང་བར་བྱ་སྟེ། ཡོད་པ་མ་ཡིན་ལ་དོན་དུ་སྣང་བ་རང་བཞིན་གྱི་གཏན་ཚིགས་ནི། སྣང་བ་ཉམས་སུ་མྱོང་བ་བོན་ཅན། རྣམ་རིག་གི་ཤེས་པ་ཙམ་ཡིན་ཏེ། ཡོད་པ་མ་ཡིན་ཞིང་དོན་དུ་སྣང་བའི་ཕྱིར་རོ།། དཔེར་ན་དུང་ལ་སེར་པོ་མཐོང་བ་བཞིན་ནོ།།    ཞེས་སྣང་བ་ལ་ཉམས་སུ་མྱོང་བ་འདི་དག  རྣམ་རིག་གི་ཤེས་པ་ཙམ་ཡིན་ཏེ་ཞེས། ཤེས་པའི་སྐྱེ་མཆེད་ཡིན་པ་འམ་དོན་སྣང་ཐམས་ཅད་རིགས་དྲུག་གི་སེམས་ཅན་སོ་སོའི་སེམས་ཀྱི་བག་ཆགས་

དབང་གིས་སྣང་བ་མ་གཏོགས་སེམས་ལས་ལོགས་སུ་ཚུགས་ཐུབ་ཏུ་གྲུབ་པ་མེད་པར་སྒྲུབ་སྟེ། སྣང་བ་ཉམས་མྱོང་འདི་དག་ཤེས་པ་ལས་ཕྱི་རོལ་དུ་གྲུབ་པ་འམ་རང་གི་རྣམ་པར་རིག་པའི་ཤེས་པ་ལས་རྫས་

ལོགས་སུ་ཡོད་པ་མ་ཡིན་ཞིང་། དོན་དུ་སྣང་བའི་ཕྱིར་རོ།། ཞེས་སེམས་་ཀྱི་བག་ཆཌ་དབང་གིས་ཕྱི་རོལ་དུ་སྣང་བར་བརྗོད་པའོ།།  དེ་ནི་སྐྱེ་མཆེད་ཡང་འཁྲུལ་གཉིས་ཀ་མཐུན་པར་སྨྲ་བ་ཡིན། སྒ་སྟོན་ཐེག་འགྲེལ་ལས། རྟགས་མ་གྲུབ་ཞེ་ན། རང་རང་གི་བག་ཆཌ་སད་སྟོབས་ཀྱིས་འབྱུང་བ་གཅིག་ལ་ཡང་སྣང་བ་ཡང་ཐ་དད་དུ་མཐོང་བའི་ཕྱིར་ཏེ། ཆུ་ལ་ལྷས་བདུད་རྩི། དམྱལ་བས་མེ་མ་མུར། ཡི་དྭགས་ཀྱིས་གྲམ་ཁྲོད། མིས་ཆུར་མཐོང་བའི་ཕྱིར། ཞེས་གསུངས་པ་ལྟར་རོ།།  སྣང་བ་དེ་དག་བག་ཆཌ་དབང་གིས་སྣང་བ་ཡིན་ན། རང་ངོས་ནས་གྲུབ་པ་མ་ཡིན་ནམ་ཞེ་ན།   སྤྱིར་ཀུན་བཏཌ་གང་ཡིན་བདེན་མེད་དང་། གཞན་དབང་དང་། ཡོངས་གྲུབ་གང་ཡིན་བདེན་གྲུབ་ཏུ་འདོད་པའི་སྲོལ་ལྟར་ན། སྐྱེ་མཆེད་འཁྲུལ་པའི་ལུགས་ལ་རང་ངོས་ནས་མ་གྲུབ་པར་འདོད་པ་བདེན་མོད། འོན་ཀྱང་ཡང་དག་པའི་ལུགས་ལ། རྣམ་རིག་གི་ཤེས་པར་ཤར་བའི་ནང་གི་དོན་རྣམ་དེ་དག་གཞན་དབང་དུ་འདོད་པས་དང་། ཤེས་པའི་ངོ་བོར་བདེན་པ་འམ། དོན་ལ་ཤེས་པ་ཡིན་པར་འདོད་པས་ན། བདེན་གྲུབ་ཏུ་འདོད་དགོས། དེས་ན་རང་ངོས་ནས་གྲུབ་པར་འགྱུར་རོ།།  དེ་ཡང་བག་ཆཌ་དབང་གིས་སྣང་བ་ཡིན་ན་ཤེས་པས་ཕར་བཞག་པ་འམ་རྟོག་པས་སྒྲོ་བཏགས་པ་ཡིན་མི་དགོས་

སམ་སྙམ་ཡང་ཚད་རིག་པ་དག་གིས་དཔྱད་པར་གསོལ།།     ཕྱི་དོན་ལ་གནོད་པ་གཏོང་བ་གཅིག་དང་དུ་བྲལ་གྱིས། ཤེས་པ་ལས་མ་གཏོཌ་པའི་ཕྱི་རོལ་གྱི་དོན་བོན་ཅན་ཞེས། དོན་ལ་ཤེས་པ་ཡིན་པ་འམ་ཤེས་པ་དང་ངོ་བོ་དབྱེར་མེད་དུ་གྱུར་པའི་བོན་རྣམས་ལས། གཞན་པའི་ཡོད་མེད་གང་ཡིན་ཀྱང་བདེན་པར་མ་གྲུབ་པར་སྒྲུབ་པ་ཡིན་ནོ།། དེས་ན་གཅིག་དང་དུ་བྲལ་གྱི་གཏན་ཚིགས་འདི་ནི་ཀུན་བཏགས་རྣམས་བདེན་མེད་སྒྲུབ་བྱེད་ཀྱི་གཏན་ཚིགས་ཡིན་ནོ།། དེ་ལ་ཁོ་ན་རེ། ཁ་དོག་དབྱིབས་ཀྱི་སྐྱེ་མཆེད་རྣམས་དོན་ལ་ཤེས་པའི་ངོ་བོ་མ་ཡིན་ན། དོན་ལ་ཤེས་པ་དང་རྫས་ཐ་དད་དུ་འགྱུར་བས་ན། ཐུགས་རྗེ་སེམས་དཔའི་ལྟ་བའི་དགག་བྱ་དེ་གྲུབ་པར་ཐལ་ལོ་ཞེ་ན། སྐྱོན་མེད་དེ་འགྲེལ་མེ་ལོང་ལས། ཤེས་པ་རང་གི་དེ་ཉིད་ཀྱང་མ་ཡིན་ལ། དེ་ལས་གཞན་ནའང་བརྗོད་དུ་མེད་དེ་ཞེས་ཤིན་ཏུ་གསལ་བར་གསུངས་སོ།། རིགས་པས་ཀྱང་དོན་ལ་ཤེས་པ་རང་གི་ངོ་བོར་བདེན་པ་མིན་ན། ཤེས་པ་ལས་རྫས་ལོཌ་སུ་གྲུབ་མི་དགོས་ཏེ། ཁ་དོག་དབྱིབས་ཀྱི་སྐྱེ་མཆེད་དེ་དག་དོན་ལ་གཏན་མེད་ཡིན་པས་སོ།། དཔེ་རི་བོང་གི་རྭ་བཞིན་ནོ།།   རིག་པའི་གཏན་ཚིགས་དང་། ལྷན་གཅིག་དམིཌ་ངེས་ཀྱི་གཏན་ཚིགས་ལ་ཡང་འཁྲུལ་གཉིས་མི་མཐུན་པའི་རྒྱུ་མཚན་ནི།  ནང་ཤེས་པའི་རྣམ་པར་ཤར་བའི་གཟུཌ་བརྙན་ཏེ་དོན་རིག་མངོན་གསུམ་གྱི་ནང་གི་ཡུལ་རྣམ་དེ་དག། ཡང་དག་པ་འམ་ཤེས་པའི་རང་བཞིན་ཡིན་པར་འདོད་མི་འདོད་ལ་ཐུག་ཡོད་པས་རེད། ཡང་དག་པས་དེ་འདྲའི་སྐྱེ་མཆེད་དང་ཤེས་རིག་གཉིས་ཀ་ཤེས་པ་དང་ངོ་བོ་གཅིག་པར་འདོད་ཅིང་། ངོ་བོ་གཅིག་ལ་ལྷན་གཅིག་དམིཌ་ངེས་ཀྱི་རྟཌ་ཀྱིས། ཤེས་རིག་ལས་གཞན་མ་ཡིན་པར་སྒྲུབ། འཁྲུལ་པ་བས་སྐྱེ་མཆེད་དང་ཤེས་རིག་གཉིས་ངོ་བོ་གཅིག་པར་མི་འདོད་ཀྱང་། ཐ་དད་ཀྱི་འབྲེལ་བ་མེད་ལ་ལྷན་གཅིག་དམིགས་པར་ངེས་པའི་རྟགས་ཀྱིས་ཤེས་རིག་ལས་གཞན་མེད་པར་སྒྲུབ་བོ། རིག་པའི་གཏན་ཚིགས་ནི་དེས་ཤུགས་ལས་ཤེས་སླའོ། དེས་ན་སྐྱེ་མཆེད་འཁྲུལ་པའི་ལུགས་ལ་ཁ་དོག་དབྱིབས་ཀྱི་སྐྱེ་མཆེད་སྣ་ཚོགས་འདི་དག་ཤེས་པ་དང་ངོ་བོ་

གཅིག་པར་མི་འདོད་དོ།གལ་དེ་ཤེས་རིག་དང་ངོ་བོ་གཅིག་ན།སྐྱེ་མཆེད་དང་ཤེས་རིག་གཉིས་ཀ་བོན་ཅན། ཤེ་པ་ལ་གཞན་མ་ཡིན་ཏེ། ངོ་བོ་གཅིག་ལ་ལྷན་གཅིག་དམིགས་པར་ངེས་པའི་ཕྱིར། ཞེས་བཀོད་པའི་གཏན་ཚིགས་དེ་ཡང་རྟགས་ཡང་དག་ཏུ་འགྱུར་བ་དང་། དེ་དག་ཤེས་པའི་ངོ་བོར་བདེན་པ་འགྱུར་བས་ན། དོན་ལ་ཤེས་པ་ཡིན་པ་འགྱུར་རོ།། དོན་ལ་ཤེས་པ་ཡིན་པར་བདེན་ན། ཡང་དག་པ་དང་འཁྲུལ་པ་བ་གཉིས་ལྷན་གཅིག་དམིགས་ངེས་ཀྱི་གཏན་ཚིགས་ལ་མི་མཐུན་པའི་རྣམ་བཞག་

འཇོག་རྒྱུ་མེད་པར་འགྱུར་རོ།།གཞན་ཡང་གོང་དུ་གཅིག་དང་དུ་བྲལ་གྱི་གཏན་ཚིགས་ཀྱི་སྐབས་སུ། ཤེས་པ་ལས་མ་གཏོགས་པའི་ཕྱི་རོལ་གྱི་དོན་བོན་ཅན་ཞེས་པས། དོན་ལ་ཤེས་པའི་ངོ་བོ་མ་ཡིན་པའི་བོན་རྣམས་ཡང་དག་པ་མེད་པར་སྒྲུབ་འདུག་པས་དེས་ཤུགས་ལས་ཤེས་པའི་

ངོ་བོ་འམ་དོན་ལ་ཤེས་པར་བདེན་པའི་བོན་རྣམས་བདེན་པར་གྲུབ་པ་ཤུགས་ལས་བསྟན་པས། ཀུན་བཏགས་ཡིན་ན་བདེན་མེད་ཡིན་པས་ཁྱབ་པ་ཡང་མེད་པ་འགྱུར་རོ།། གལ་སྲིད་ཀུན་བཏགས་གང་ཞིག་བདེན་པ་གྲུབ་ན་རྟོག་པས་སྒྲོ་བཏགས་ཅེས་པའི་དོན་ཡང་མེད་དོ། དེས་ན། ཐུགས་རྗེ་སེམས་དཔའི་ལུགས་ལ་ཀུན་བཏགས་ཡིན་ན་ཤེས་པའི་ངོ་བོར་བདེན་པ་མ་ཡིན་པས་ཁྱབ་པ་དང་། གཞི་གྲུབ་ན་ཤེས་པའི་བདག་ཉིད་ཡིན་པས་མ་ཁྱབ་པའི་ཚུལ་གྱི་རྣམ་བཞག་འཐད་པར་སྙམ་མོ། འོ་ན་སྐྱེ་མཆེད་འཁྲུལ་པའི་ལུཌ་སམ་ཐུགས་རྗེ་སེམས་དཔའི་ལུཌ་ལ། རང་ཅག་གིས་ཕར་བལྟ་སའི་གཟུཌ་སོགས་ཕྱི་དོན་གྱི་ཡུལ་ལྔ། རང་འཛིན་ཤེས་པའིབདག་ཉིད་དུ་མི་འདོད་ན། གཟུང་འཛིན་རྫས་ཐ་དད་དུ་འགྱུར་ཏེ། གཟུཌ་སོགས་ཕྱི་དོན་ལྔ་ཡོད་པ་གང་ཞིག་ཤེས་རིག་དང་ངོ་བོ་གཅིག་མ་ཡིན་པས་སོ།། ཞེ་ན་མ་ཁྱབ་སྟེ། མ་བརྟགས་མ་དཔྱད་པའི་སོ་སྐྱེའི་སྣང་ངོར་རྫས་ཐ་དད་དུ་གྲུབ་ན། ལྟ་བའི་དགག་བྱ་གཟུང་འཛིན་ཐ་དད་དུ་གྲུབ་པར་མི་འགྱུར་ལ། བརྟཌ་ཤིང་དཔྱད་དེ་ལྟ་བ་སྒྲུབ་པ་ལ་རྫས་ཐ་དད་དུ་མི་འགྱུར་ཏེ། ཀུན་བཏཌ་རྣམས་དོན་དམ་པར་དཔྱད་ན་མེད་པ་ཡིན་པས་སོ།།  ༧ །བྲལ་བ་གཉིས་མེད་ཀྱི་ཤེས་པའི་གནས་ལུགས་ནི་ཞེས་པའི གཉིས་མེད་ཀྱི་ཤེས་པ་གང་ལ་ངོས་བཟུང་ཞེ་ན། དེ་ནི་གྲུབ་མཐའི་རྣམ་བཞག་འཇོག་ཚུལ་ལྟར་ན། ཤེར་ཕྱིན་སྐབས་དང་པོ་ལས། གཟུང་འཛིན་གཉིས་མེད་ཀྱི་ཤེས་པ་དོན་དམ་དུ་འདོད་ཞེས་དང་། ཐེག་འགྲེལ་ལས། ཕྱི་ནང་ལོག་ན་མེད་དེ་གཟུང་འཛིན་བྲལ་བའི་སེམས་ཞེས་དང་། རང་གི་ཤེས་པ་ཙམ་མྱོང་བ་ཙམ་ཡོད་དེ་ཞེས་པའི་མྱོང་བྱ་དེ་དང་། ཤེས་པ་རང་གི་ངོ་བོ་རིག་པ་གཉིས་མེད་དེ་ལ་རང་བཞིན་རྣམ་པར་དག་པ་ཞེས་བྱའོ་ཞེས་དང་། རིག་པ་ཚད་མའི་ངོ་བོ་དེ་ལ་ཀུན་གཅིག་ཏུ་བདེན་ཞེས་དང་། ཤེས་པ་ཙམ་ཞིག་ཡོད་དེ་དེ་རྒྱུ་འབྲས་སུ་བརྗོད་དུ་མེད་པའོ། ཞེས་སོཌ་ཀྱི་སྐབས་ནས་དངོས་སུ་བསྟན་པའི་མཐར་ཐུག་གི་རང་རིག་དེ་ལ་འཇོག་དགོས་པར་སྣང་ངོ།། འདི་ནི་རང་རིག་རང་གསལ་བློ་གང་གིས་འགྱུར་བ་མེད་པས་ཡོངས་གྲུབ་ཏུ་འདོད་དོ་ཞེས་དང་།

རང་རིག་ཙམ་ནི་ཞི་ཀས་བདེན་པ་ཡོངས་གྲུབ་ཏུ་འདོད། ཅེས་པའི་ཡོངས་གྲུབ་དེའོ།།འདི་ལས་གཞན་ཀ་འཛིན་རྟོག་པ་ཉམས་མྱོང་གི་རང་རིག་ལྟ་བུ་ཕྱིན་ཅི་

མ་ལོག་པའི་ཡོངས་གྲུབ་ཏུ་འཇོག་ན་མི་འཐད་པར་སེམས་ཏེ། དེ་རྣམ་རྟོག་གི་ངོ་བོ་སྟེ་ཀ་འཛིན་རྟོག་པའི་ངོ་བོ་ཡིན་པའི་ཕྱིར། དེར་ཐལ་ཀ་འཛིན་རྟོག་པ་དང་ངོ་བོ་གཅིག་པའི་ཕྱིར། ཁ་གཅིག་ན་རེ། ཀ་འཛིན་རྟོག་པ་རང་ཉམས་མྱོང་གི་རང་རིག་དང་ངོ་བོ་གཅིག་ཀྱང་རང་རིག་

དེ་ཀ་འཛིན་རྟོག་པ་དང་ངོ་བོ་མི་གཅིག་པས་མི་སྐྱོན་ཞེ་ན། ཧ་ཅང་ཐལ་ཏེ་ཀ་འཛིན་རྟོག་པ་གཞན་དབང་མ་ཡིན་པར་འགྱུར་བའི་ཕྱིར། དེར་ཐལ་མི་རྟོག་ཡེ་ཤེས་ཀྱི་ངོ་བོར་གྱུར་པའི་ཕྱིར་ཏེ། ཁྱོད་ཉམས་མྱོང་གི་རང་རིག་མི་རྟོག་ཡེ་ཤེས་གང་ཞིག ཁྱོད་དེའི་ངོ་བོར་གྱུར་པའི་ཕྱིར། རྟཌ་དང་པོ་གྲུབ་སྟེ། ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་ཡིན་པའི་ཕྱིར། རྟགས་ཁས། ཁོ་ན་རེ། ཀ་འཛིན་རྟོག་མྱོང་གི་རང་རིག་ཀ་འཛིན་རྟོག་པ་དང་ངོ་བོ་གཅིག་ཀྱང་། དེ་ཀ་འཛིན་རྟོག་པའི་ངོ་བོ་ཡིན་མི་དགོས་པས་མི་སྐྱོན་ཞེས་སྨྲ་བ་འབྱུང་སྲིད། དེ་ལྟར་ན་རྣམ་རྟོག་གི་ངོ་བོ་ཡིན་པ་གཞན་དབང་གི་མཚན་ཉིད་དུ་འཐད་པར་དཀའ་སྙམ་སྟེ་བློ་ལྡན་རྣམས་ལ་དཔྱད་པར་ཞུ།

༧ །ཡང་འཁྲུལ་གཉིས་ལ་ནང་གསེས་བཞི་རུ་དབྱེ་བའི་ཁྱད་པར་ནི།  སྐྱེ་མཆེད་འཁྲུལ་པ་བ་ལ། ཕྱོཌ་གཅིག་འཁྲུལ་པས་ནི། བདེ་སྡུག་ཏུ་སྣང་བའི་ཤེས་པའི་རྣམ་པ་འདི་དག་ཡང་དག་པ་འམ་བདེན་པར་གྲུབ་པ་གཞན་དབང་དུ་འདོད། དོན་དམ་པར་ཤེས་པའི་ངོ་བོར་བདེན་པར་འདོད་དེ། ཚོར་བ་དང་ངོ་བོ་དབྱེར་མེད་ཡིན་པའི་གནད་ཀྱིས་དེ་ལྟར་འདོད་པ་ཡིན། མཐའ་དག་འཁྲུལ་པས་ནི། མཐར་ཐུག་རང་རིག་གི་ངོར་ཤེས་པ་ཙམ་མྱོང་བ་ཙམ་ལས་གཞན་བདེ་སྡུག་སོཌ་གང་ཡང་མེད་ཅིང་། གཉིས་སྣང་གི་སྐྱེ་མཆེད་ཡོད་ཚད་འཁྲུལ་སྣང་རྫུན་མ་རུ་འདོད། ཤེས་པ་ཙམ་མྱོང་བ་དེ་ལ་ཤེས་པ་རང་རྐྱང་པ་ཞེས་ཐ་སྙད་བྱེད་དོ།།  ཡང་དག་པ་ལ། སྐྱེ་མཆེད་སྣ་ཚོགས་གཅིག་ཏུ་བདེན་པ་རྒྱུ་འབྲས་དང་བཅས་པའི་འདོད་པ་ནི། སྣང་བའི་ངོ་བོ་ལ་ཁ་དོག་དབྱིབས་དང་བདེ་སྡུག་སོཌ་དུ་མར་སྣང་ཡང་རིག་པ་ཚད་མའི་ངོ་བོ་དེ་ལ་

ཀུན་གཅིག་ཏུ་བདེན་པ་སྟེ་གཉིས་སུ་དབྱེར་མེད་པའོ།། དཔེར་ན་ཟ་འོག་ལྡིང་བའི་ཁུད་དུ་ཤེར་སྒོང་ཞིག་བཞག་ན་ཁ་དོག་དུ་མར་སྣང་ཡང་དོན་ལ་

ཤེར་སྒོང་གི་རང་བཞིན་ལས་མ་འདས་པ་བཞིན་དུ། ཤེས་པའི་ནང་གི་སྐྱེ་མཆེད་ཀྱི་རྣམ་པ་སྣ་ཚོཌ་པ་དེ་དག་ཤེས་པ་རང་རིག་ཕྱིན་ཅི་མ་ལོག་པའི་

ཡོངས་གྲུབ་དེའི་ངོ་བོར་བདེན་པར་འདོད་དོ།། རྒྱུ་འབྲས་མེད་པའི་སྐྱེ་མཆེད་པས་ནི། ཤེར་སྒོང་ནང་གི་ཁ་དོག་གི་རྣམ་པ་བཞིན་ཤེས་རིག་གི་རྣམ་པར་གྱུར་པའི་སྐྱེ་མཆེད་

སྣ་ཚོགས་པ་དེ་དག་ཐ་སྙད་ཀུན་རྫོབ་ཏུ་ཡོད། དོན་དམ་པར་མེད་དོ་སྐད་ཞེས་པའི་ཚིག་གིས་མཐའ་གཅིག་ཏུ་མེད་པར་བརྗོད་མ་ནུས་

པའི་བཟོ་ཞིག་འདུག་པས།དོན་དམ་པར་རྣམ་པ་སྣ་ཚོཌ་པའི་ཤེས་པའི་སྐྱེ་མཆེད་མངོན་གྱུར་དུ་མེད་ཀྱང་། སྐྱེ་མཆེད་འཁྲུལ་པ་བ་ལྟར་དོན་ལ་གཏན་ནས་མེད་པ་ཡང་མ་ཡིན་ཏེ། དེ་དག་ཤེས་པའི་ངོ་བོར་བདེན་པར་ཁས་བླངས་པས་ན། མཐར་ཐུག་གི་རང་རིག་རང་གསལ་ཡོངས་གྲུབ་དེའི་ངོར་ཤེས་པ་དང་རོ་གཅིག་པའི་ཚུལ་དུ་ཡོད་པར་འདོད་དེ།  འགྲེལ་མེ་ལོང་ལས། འོ་ན་གཏན་མེད་དམ་ཞེ་ན། ཤེས་པ་ཙམ་མྱོང་བ་ཙམ་ཞིག་ཡོད་དེ། དེ་རྒྱུ་འབྲས་སུ་བརྗོད་དུ་མེད་པའོ་ཞེས་དང་། རྗེ་རིན་པོ་ཆེའི་ཐེག་འགྲེལ་ལས། རྒྱུ་འབྲས་མེད་པས་ནི། དོན་དམ་པར་སྐྱེ་མཆེད་མེད་པར་འདོད་དོ། ཞེས་གསུངས་པས་སོ།། དེ་དག་རང་བློར་ཤར་ཚོད་ཙམ་ཞིག་བཀོད་པ་འདི་ནི་རང་བློ་གཞུང་ལ་འདྲིས་པའི་ཆེད་དང་། རང་གི་བསམ་ཚུལ་གཞན་ལ་གྲོས་གཞི་བཏོན་པ་འམ། ལས་དང་པོ་བ་རྣམས་ལ་རྩོད་པ་འཕེལ་བའི་ཆེད་དུ་ཡིན་པ་ལས། གྲུབ་མཐའ་སྨྲ་བའི་རྟོཌ་རིག་ཡོད་ཁུལ་གྱིས་ཨོ་ཟོབ་བྱས་པ་ནི་མ་ཡིན་ནོ།      

སྨྲས་པ།       དེ་ལྟར་དཔྱད་བརྗོད་ཡིན་མདོག་སྤེལ་བ་འདི། །

གཞུང་ལུཌ་མཁྱེན་རྣམས་ཁྲེལ་བའི་གནས་ལགས་ཀྱང་། 

རང་གི་རྟོག་བློར་ཤར་ཚོད་ཙམ་ཞིག་ཏུ།   

རང་འདོད་དབང་གིས་རེ་ཞིག་འདི་ན་ཐལ།    

ཐེག་ཆེན་གཞུང་ལུཌ་གཉན་ཞིང་ཟབ་པ་དང་།   

ཁོ་བོ་གཞུང་ལ་དཔྱོད་པའི་བློ་དམན་པས།       

རྟོག་བཟོས་བསླད་དང་ར་ཆོད་གྱུར་པ་རྣམས།    

གཞུང་དོན་ཇི་བཞིན་གཟིཌ་པ་རྣམས་ལ་བཤཌ།   

འོན་ཀྱང་བསམ་སྦྱོར་རྣམ་པར་དཀར་བའི་ཆ།     

ཅུང་ཞིག་མཆིས་ན་དེ་ཡི་དགེ་འབྲས་ཀྱིས།   

མ་གྱུར་འགྲོ་རྣམས་ཐར་པ་ཆེན་པའི་སར།    

མྱུར་དུ་བགྲོད་པའི་ལམ་མཆོག་ཐོབ་གྱུར་ཅིག །         

ཅེས་ཐེག་ཆེན་གྱི་གཞུང་ལ་ཐོས་བསམ་བྱེད་པའི་སྐལ་པ་ཙམ་ཐོབ་པ་དྲང་མིང་པས་རང་གི་ཟིན་ཐོ་རུ་བཀོད་པ་འདི་ཙམ་མོ། ། ། །

Re:ཐུགས་རྗེ་སེམས་དཔའི་སྐོར་ལ་དཔྱད་པ། | 2013/3/7 0:19:36
སྐུ་མགྲོན་q74Xoc(སྐུ་མགྲོན)ཐུགས་རྗེ་སེམས་དཔའི་སྐོར་འདི་ས་འོག་ཏུ་འཛུལ་ནས་ལོ་གཅིག་ལྷག་ཙམ་འདས་སོང་བས་རུལ་འགྲོ་བའི་ཉེན་ཁ་ཆེ་སྙམ་ནས་ད་ལན་སླར་སློག་པ་ཡིན།ཟིན་བདག་ནས།
རྩོམ་པ་པོ།:སྐུ་མགྲོན་q74Xoc(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:ཐུགས་རྗེ་སེམས་དཔའི་སྐོར་ལ་དཔྱད་པ། | 2011/9/28 23:14:43
སྐུ་མགྲོན་uaq0TG(སྐུ་མགྲོན)གྲོགས་པོ་ལགས། དཔེ་ཡག་པོ་འདུག། བཀྲ་ཤིས་བདེ་ལེགས།
རྩོམ་པ་པོ།:སྐུ་མགྲོན་uaq0TG(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.