དགེ་འདུན་ཆོས་འཕེལ།
དག་ཞིང་དུ་འཐེན་པའི་འཇའ་ཚོན་སྣུམ་པོ།
༡༽
དགེ་འདུན་ཆོས་འཕེན།མི་ཚེ་ཡི་རྐང་རྗེས་ཐོག་མ།
རྔམས་ཟིལ་གྱིས་འཕྱོ་བའི་དགུ་ཆུའི་འགྲམ་རྒྱུད་ལ་བཀོད་དུས།
རྣམ་དཔྱོད་ཀྱི་མེ་ལྕེ་དམར་པོ་ཟིལ་ཤུགས་ཀྱིས་འབར་བས།
འགྲོ་བ་གྲངས་མེད་ཅིག་ལ་བྱམས་སྙིང་གི་དྲོད་ཁོལ་སྦྱིན།
༢༽
རྟོགས་སད་ཀྱི་ཀློངས་ནས་འབུས་པའི་མེ་ཏོག་གི་འདབ་ལོ་རེ་རེ།
ཆེས་མཐོ་བའི་མདོ་དབུས་ཁམས་གསུམ་གྱི་ཡུལ་གྲུ་ཀུན་ཏུ།
ང་རྒྱལ་གྱིས་རྒྱས་ཤིང་།དུངས་སེམས་ཀྱིས་གཏོར་དུས།
གསུང་གླེང་གི་དབྱངས་རྟ་རེ་རེ།ཏེ་སེ་ཡི་དབུ་རྩེ་ན་འཕུར་ཞིང་།
མཚན་སྙན་གྱི་འོད་སྣང་རེ་རེ།པོ་ཏ་ལའི་བྲང་གཞུང་ན་འཕྲོས།
༣༽
དགེ་འདུན་ཆོས་འཕེལ།མི་ཚེ་རྒྱལ་ཁམས་ལ་བཅོལ་ཞིང་།
མི་ལུས་རིག་གཞུང་གིས་བརླན་དུས།ལ་རྒྱའི་ཁ་བ་ལེབ་མོ།
རྫོང་མཐུག་པའི་མུག་ནག་གི་གྲོང་ཚོ་ན།འཕྱོ་ཞིང་རྩེན་པས།
ཐེར་ཟུག་གིས་འགྱིང་བའི་གངས་རིའི་དབུ་འཕང་།ཁྱེད་ཉིད་ཡིན་ལ།
སྒང་བ་ཚང་གི་ཚེ་སྲོག་གི་དྭངས་མ།ཁྱེད་ཉིད་ལས་སུ་ཞིག་མཆིས།
༤༽
ཕམ་ཉེས་ཤིག་གིས།མི་ཚེ་སྡུག་བསྔལ་གྱི་ཀློང་དུ་དྲངས་ཀྱང་།
གསོན་ཤུགས་ཀྱིས་འབར་བའི་སེམས་གཞས་ཤིག་གིས།
ང་ཚོ་ལ་མདུན་བསྐྱོད་ཀྱི་སྒོ་མོ་ཆེ་ཆེར་ཕྱེ་ཞིང་།
རིགས་རྒྱུད་ཅིག་གི་འཚོ་བའི་རྟེན་ཕུར་གྱི་དྲན་ཤིང་བསླང་།
༥༽
དགེ་འདུན་ཆོས་འཕེལ།མུན་ནག་གི་དུས་རབས་སུ།
མཚན་འབར་གྱི་ངོ་བོ་ཇི་ལྟར་བཞེངས་ཀྱང་།
དབུས་རླུང་གི་མངར་ཁ་གདུག་རྩུབ་ཀྱིས་ལྡིང་བས།
སྐྱིད་ཆུའི་རླབས་སྒྲ་ལ་ཉམ་ང་ལྷུང་།དེའི་རྐྱེན་པས།
རྒོད་པོ་ཚོས།སྡུག་བསྔལ་གྱི་རྐང་བྲོ་རྡུང་བཞིན་ཡོད།
༦༽
དགེ་འདུན་ཆོས་འཕེལ།དག་ཞིང་དུ་འཐེན་པའི་འཇའ་ཚོན་སྣུམ་པོ།
ཁྱེད་ཀྱི་འཚོ་བའི་རྒྱུད་རིམ་ལ་ཟབ་ཞུགས་ཤིག་བྱེད་དུས།
ཐེག་དཀའ་བའི་དུས་རབས་ཤིག་གི་འགྱོག་རྡོ་གནམ་དུ་བཏེགས་ཤིང་།
ལེན་དཀའ་བའི་གསར་རྩོམ་གྱི་གཞས་དབྱངས་ཕྲ་མོ་གསང་མཐོར་ལེན་བཞིན།
དབུས་གཙང་དུ།ཚེ་སྲོག་གི་ཕུང་པོ་མཐའ་མ་བསྡུས་པ།
ང་ཚོའི་བླ་ཡིད་སེམས་གསུམ་གྱི་ངོགས་སུ་སྡུག་བསྔལ་གྱི་རང་གཤིས་སུ་སྨིན་པས།
ང་ཚོས་ནམ་ཡང་བརྗེད་ཐུབ་མ་བྱུང་།དགེ་འདུན་ཆོས་འཕེལ།
༢༠༠༤.༦.༢༤ཉིན་འབྲོང་ཆུའི་འགྲམ་ནས་བྲིས།