དེ་ཡི་ཕྱོགས་མཚམས་བཀའ་རྟགས་ཡིག་འབྲུ་དང་།
ལྷ་སྐུ་ཕྱག་ཞབས་རྗེས་བཅས་མང་དུ་ཡོད།
ཚེ་དབང་རིག་འཛིན་མཆོག་གི་སྒྲུབ་གནས་གཅེས།
རིན་ཆེན་བྲག་རིར་སྟོང་རྒྱུང་མཐུ་ཆེན་གྱིས།
ལས་ཐིག་བསྒྲུབས་པས་འབྲུག་ཞལ་དབལ་མོའི་སྐུ།
བྲག་ལ་རང་བྱོན་ས་ལེར་དོད་པར་སྣང་།
ལས་བཞིའི་དབྱིབས་བྲག་ལོགས་ལ་དབལ་ཟངས་དང་།
སྟ་རེ་དབལ་གཡག་དབལ་རུ་དབལ་རྡོ་བཅས།
དངོས་སུ་མིག་གིས་མཐོང་ཆོག་བར་ཆད་སེལ།
དབལ་ཆུ་ས་སྣ་རེག་ཆོག་བྱིན་ཅན་ཡོད།
དེ་ཡི་ནུབ་ཕྱོགས་སྟོང་རྒྱུང་བཞུགས་ཁྲི་དང་།
དེ་མདུན་སྡེ་བརྒྱད་བླ་རྡོ་ཕུལ་བ་ཡོད།
ཁྱུང་སྡེང་འདྲ་རིར་འཆི་མེད་ཚེ་ཆུ་བརྡོལ།
གནས་སྲུང་ཀླུ་བདུད་གཉན་སྲས་རྟག་དུ་འཁོར།
གཞག་ཆོག་བསིལ་ཚལ་འདྲ་བའི་དུར་ཁྲོད་དང་།
རྒྱལ་མཚན་སྦལ་པ་བདུད་གཡག་དབྱིབས་ཆགས་རིར།
བོན་སྡེ་བཞི་དང་རྟེན་བཅས་གཏེར་དུ་བཞུགས།
བཀའ་རྟགས་མི་འགྱུར་མཐུན་རྐྱེན་དེ་ཉིད་ཀྱིས།
ཕྱག་ཞབས་སྐུ་རྗེས་ཡི་གེ་བྲིས་ཏེ་གསལ།
སྤུ་རྒྱལ་གནས་ཀྱི་མཆོག་ལ་གསོལ་བ་འདེབས།
ཕྱི་ནང་གསང་བའི་བར་ཆད་ཀུན་སེལ་ནས།
བསམ་པའི་དོན་ཀུན་འགྲུབ་པར་བྱིན་གྱིས་རློབས།
བར་སྒོ་རི་བྲག་ཟང་ལྕགས་འཁོར་ལོའི་དབྱིབས།
ཐང་ལྷ་གཉན་སྲས་གནས་དེར་རྟག་ཏུ་རྒྱུ།
ཤར་གྱི་བྲག་དེལ་དཀར་པོ་མཁའ་འགྲོའི་གནས།
དྲན་པ་ཉིད་ཀྱི་སྙིང་སྡེ་སྐོར་གཅིག་སྦས།
རིན་ཆེན་འབར་བའི་བཀའ་རྟགས་གསལ་བར་ཡོད།
དེ་གོང་གྲུབ་གནས་ཆེན་པོ་སྡེ་དགུ་ཡི།
ས་བཅུད་བྱིན་ཆེན་ཡོངས་སུ་གསོ་བར་བྱེད།
དེ་འདས་གླིང་མཚལ་ངོ་མཚར་སུམ་ལྡན་འཁྲུངས།
སྤུ་རྒྱལ་གནས་ཀྱི་མཆོག་ལ་གསོལ་བ་འདེབས།
ཕྱི་ནང་གསང་བའི་བར་ཆད་ཀུན་སེལ་ནས།
བསམ་པའི་དོན་ཀུན་འགྲུབ་པར་བྱིན་གྱིས་རློབས།
ནང་སྒོ་གངས་རི་ཚོགས་ཕོར་འདྲ་བ་ལ།
སྤར་བ་དུང་མགོ་གནས་ཏེ་བསྟན་པ་བསྲུང་།
གཡས་ཟུར་འཆི་མེད་རིག་འཛིན་ལུང་བསྟན་པས།
དབང་གི་ཆུ་བོ་བདུན་གྱི་ཟླ་བ་བཞིར།
ཟམ་མོ་སྒྲུབ་པའི་ཁང་བུ་ངོ་མཚར་ཡོད་།
རྟག་གཟིགས་མཁའ་འགྲོའི་བརྡ་ཡིག་ལྔ་བརྒྱ་དག
ཉེ་ཆར་རིན་ཆེན་བྲག་ངོས་གསལ་བར་བཀྲ།
ལས་བཞི་དཀྱིལ་འཁོར་དབུས་ཀྱི་གངས་ཆེན་ངོས།
རང་དོད་ཚུལ་དུ་ལྷ་ཚོགས་མངོན་དུ་བཞུགས།
དབང་ཆེན་སྤྱི་སྤུངས་ངོ་མཚར་རྒྱས་པ་ཡི།
གཙོ་མཆོག་མཁའ་འགྱིང་ལ་སོགས་ཚོམ་བུའི་སྡེ།
ཡོངས་རྫོགས་ལྷ་ཡི་ཐུགས་ཉིད་ཡིད་ཙམ་རྒྱུ།
དེ་ཡི་རྟགས་སུ་གཞའ་སྐར་ནམ་མཁར་འགྲོ།
དུས་བཟང་ལས་ལྡན་རེས་འགའི་མིག་གིས་མཐོང་།
སྤུ་རྒྱལ་གནས་ཀྱི་མཆོག་ལ་གསོལ་བ་འདེབས།
ཕྱི་ནང་གསང་བའི་བར་ཆད་ཀུན་སེལ་ནས།
བསམ་པའི་དོན་ཀུན་འགྲུབ་པར་བྱིན་གྱིས་རློབས།
ནུབ་ཕྱོགས་རྔ་ཞེས་ཕྱི་སྒོ་བྲག་རི་ནི།
སོག་པོ་ཁྲོས་ལྟར་འབར་ནག་རང་བྱོན་གསལ།
དེའི་མདུན་ཐུགས་རྗེ་བྱམས་མའི་ཕོ་བྲང་གནས།
གསང་བའི་ཕུགས་སར་ཡོངས་རྫོགས་ཞི་ལྷ་གསལ།
བླ་མ་ཆེ་དྲུག་བྱིན་རླབས་ཁྱད་པར་ཅན།
འཇིགས་པའི་དུར་ཁྲོད་གནས་དང་རིག་ཆོད་རྫས།
བདུད་རྩི་མཁའ་འགྲོའི་ཐོད་ཞལ་བཀང་སྟེ་སྦས།
སྤུ་རྒྱལ་གནས་ཀྱི་མཆོག་ལ་གསོལ་བ་འདེབས།
ཕྱི་ནང་གསང་བའི་བར་ཆད་ཀུན་སེལ་ནས་།
བསམ་པའི་དོན་ཀུན་འགྲུབ་པར་བྱིན་གྱིས་རློབས་།
བར་སྒོར་འགྱིང་ཆེན་བརྗིད་ལྡན་དྲག་པོའིགནས་།
ལྷ་བཙན་ཧུར་པ་གནས་ཀྱི་སྲུང་མར་མཛད།
བྱང་ངོས་བཀའ་གསང་ལྷ་མོའི་བླ་མཚོ་འཁྱིལ།
མཚམས་སུ་རིན་ཆེན་བྲག་ངོས་འབུམ་ལྔ་དང་།
ཕར་ཕྱིན་བཅུ་དྲུག་བྲམ་ཟེའི་སྐུ་ཤ་དང་།
རྒོད་ལྕམ་མཁའ་འགྲོའི་རུས་རྒྱན་བཅས་ཏེ་སྦས།
བཀའ་རྟགས་རིགས་དང་ཡིག་འབྲུ་གསལ་བར་དོད།
སྟག་ལའི་གསང་དར་འདམ་དགུ་སྦས་པའི་སྟེང་།
གཏེར་སྒོ་ཨེ་ཀློང་སྟག་གི་སྦར་རྗེས་གསལ།
སྤུ་རྒྱལ་གནས་ཀྱི་མཆོག་ལ་གསོལ་་བ་འདེབས།
ཕྱི་ནང་གསང་བའི་བར་ཆད་ཀུན་སེལ་ནས།
བསམ་པའི་དོན་ཀུན་འགྲུབ་པར་བྱིན་གྱིས་རློབས།
ནང་སྒོ་གཙུག་རིར་དུང་ཕུར་སྐད་འདྲ་ཡི།
ཁྱུང་གུར་ལྟ་བུའི་གཤོགས་པས་༼པ་༽ཟླ་གམ་ཚུལ།
སྒོ་ངོས་གཤེན་རབ་མི་བོའི་ཕྱག་ཕྲེང་ནི།
དྲོད་ལྡན་འབྲུག་གི་སླག་པས་དྲིལ་ཏེ་སྦས།
ལྷོ་ཕྱོགས་གསང་ལུང་ཀླུ་རྒྱལ་གཏེར་གྱི་མཚོ།
སྔོན་ཚེ་སྣང་མདོག་སྨོན་ལམ་བདེན་སྟོབས་ཀྱིས།
དམ་ཚིག་འདོར་མེད་ལོ་དུས་མཁའ་ལ་འཕྱུར།
འགྲོ་བའི་བསོད་ནམས་བསྐྱེད་པའི་རྟགས་གཞི་༼བཞི་༽སྟོན།
སྤུ་རྒྱལ་གནས་ཀྱི་མཆོག་ལ་གསོལ་བ་འདེབས།
ཕྱི་ནང་གསང་བའི་བར་ཆད་ཀུན་སེལ་ནས།
བསམ་པའི་དོན་ཀུན་འགྲུབ་པར་བྱིན་གྱིས་རློབས།
ལྷོ་སྒོ་མཁའ་འགྲོའི་བརྡ་ལུང་ངོ་མཚར་ཅན།
ཕྱི་སྒོ་བྲག་རོང་ཆུ་བྲག་འཐབ་པའི་བར།
སྟག་ལ་མེ་འབར་སྲིན་བསྒྲལ་སྙིང་རྗེས་ལ།
ཕོ་ཉ་དབལ་ཚོགས་ཁྲོས་ཚུལ་རང་བྱོན་དང་།
དེ་བཞིན་དེ་ཡི་ཆ་ལག་ཚང་མ་ཡོད།
སྤུ་རྒྱལ་གནས་ཀྱི་མཆོག་ལ་གསོལ་བ་འདེབས།
ཕྱི་ནང་གསང་བའི་བར་ཆད་ཀུན་སེལ་ནས།
བསམ་པའི་དོན་ཀུན་འགྲུབ་པར་བྱིན་གྱིས་རློབས།
བར་སྒོ་གར་བྱོན་ཞེས་བྱའི་བྲག་རི་ལ།
དབང་ཆེན་པད་མ་རྟ་འགྲིན་རང་བྱོན་གསལ།
ཚལ་གླིང་རིག་འཛིན་ཚོགས་གནས་རི་ཐང་མཚམས།
གསང་བའི་ཕུགས་སར་འཆི་མེད་དྲན་པ་ཡིས།
གསས་མཁར་མཆོག་ལྔའི་སྒྲུབ་པ་ལོ་གསུམ་བཞུགས།
རི་ཁོང་རྒྱལ་གྱི་དཀོར་ནོར་བཅུད་དུ་སྦས།
གཡོན་ཟུར་བདུད་ཀྱི་ཐོད་མཁར་བཏབ་པའི་སྟེང་།
ཏིང་འཛིན་གཡོ་མེད་སྒོམ་ཆོག་ས་གནད་ཡོད།
གཡོན་ཕྱོགས་ཧྲོམ་པོའི་རྫ་ལ་བདུད་ལྕམ་མོའི།
བླ་མཚོ་དམར་ནག་འཁྱིལ་དང་རི་བོའི་ནང་།
བོད་རྗེའི་དཀོར་ཆས་རལ་གྲི་བཅུ་གསུམ་མོ།
གནས་ཀྱི་སྲུང་མ་མི་བདུད་འབྱམས་པས་མཛད།
གཡས་ཀྱི་བྲག་དམར་སྤངས་ཤམ་ནར་མ་རུ།
སྲིན་ཐོད་རིན་ཆེན་ས་ཚྭ་བཅས་ཏེ་སྦས།
གཡོན་ཟུར་བྲག་ངོས་བཀའ་བརྒྱད་དཀྱིལ་འཁོར་དང་།
རྒྱན་རྫས་སྒྲུབ་ཕྲེང་རིན་ཆེན་གཏེར་དུ་བཞུགས།
བཀའ་རྒྱ་གཡུང་དྲུང་དགུ་ནི་གསལ་བར་ཡོད།
སྤུ་རྒྱལ་གནས་ཀྱི་མཆོག་ལ་གསོལ་བ་འདེབས།
ཕྱི་ནང་གསང་བའི་བར་ཆད་ཀུན་སེལ་ནས།
བསམ་པའི་དོན་ཀུན་འགྲུབ་པར་བྱིན་གྱིས་རློབས།
གང་༼གངས༽སྒོ་རི་བྲག་ལྷུ་དུམ་འདྲ་བའི་གང་།
སྲིད་རྒྱལ་དྲག་མོའི་བླ་མཚོ་དཀར་མོ་འཁྱིལ།
གཡོན་ཕྱོགས་ཆུ་བྲག་འཐབ་པའི་གོང་ངོས་སུ།
མ་གཤིན་སྐུ་ནི་བྲག་ལ་རང་བྱོན་གསལ།
གཡས་མདུན་ཕུགས་སར་གཤེན་གྱིས་འགོག་པ་བཞུགས།
མཚོ་གོང་གྱེར་རིའི་འོད་ཟེར་དང་འབྲེལ་བའི།
ངོ་མཚར་རིན་ཆེན་ཕ་བོང་བཀའ་རྟགས་བཀྲ།
སྤུ་རྒྱལ་གནས་ཀྱི་མཆོག་ལ་གསོལ་བ་འདེབས།
ཕྱི་ནང་གསང་བའི་བར་ཆད་ཀུན་སེལ་ནས།
བསམ་པའི་དོན་ཀུན་འགྲུབ་པར་བྱིན་གྱིས་རློབས།
དེ་ལྟར་སྤུ་རྒྱལ་གངས་ཆེན་གནས་ཀྱི་མཆོག།
དབུ་རྩེ་གངས་རི་གསས་མཁར་སྤྱི་སྤུངས་སོགས།
ཡི་དམ་སྡེ་དགུའི་ལྷ་ཚོགས་སོ་སོར་གནས།
སྐད་པ་གཡས་བྲག་རིན་ཆེན་སྤུངས་པའི་གནས།
སྣང་མདོག་གྱེར་སྤུངས་ལ་སོགས་གྲུབ་པའི་རྩལ།
མངོན་ཐོབ་རིག་འཛིན་ཕོ་མོ་དུ་མ་ཡིས།
གསང་ཆེན་ཞིང་དུ་བྱིན་གྱིས་རླབས་ཏེ་བཞུགས།
རི་འདབ་རྩི་ཤིང་ནག་ཁྲོད་མེ་ཏོག་གླིང་།
གནས་སྲུང་མཁའ་འགྲོ་དམ་ཅན་རྒྱ་མཚོ་སོགས།
ལེགས་ཉེས་ལྟང་འཛིན་སངས་རྒྱས་བསྟན་པ་སྐྱོང་།
ཆེ་བའི་ཡོན་ཏན་ཏེ་སི་གངས་རི་དང་།
ཁྱུང་ལུང་དངུལ་མཁར་རྩ་རི་འཁོར་ལོ་དང་།
རི་བོ་བྱ་རྐང་ཁ་བ་དཀར་པོ་སོགས།
ཁྱད་པར་ཆེ་བའི་གནས་དང་ངེས་པར་མཉམ།
སྤུ་རྒྱལ་གནས་ཀྱི་མཆོག་ལ་གསོལ་བ་འདེབས།
ཕྱི་ནང་གསང་བའི་བར་ཆད་ཀུན་སེལ་ནས།
བསམ་པའི་དོན་ཀུན་འགྲུབ་པར་བྱིན་གྱིས་རློབས།
ཁྱད་པར་དེང་དུས་ཚེ་ལོ་བཞི་བཅུའི་སྨད།
མི་རྣམས་དུག་ལྔ་ཆ་རགས་ལྟ་སྤྱོད་གོལ་།
ཕལ་ཆེར་འདྲེ་སྲིན་དངོས་སུ་རྒྱུག་ཞེས་གྲགས།
རྒྱལ་བསྲེན་བེ་ཐེལ་ཟ་ཁ་དར་བའི་དུས།
སྦས་གནས་བདུན་གྱི་འགྲོ་དོན་བྱིན་རླབས་མྱུར།
ཁྱད་པར་སྤུ་རྒྱལ་གནས་ཆེན་མཆོག་ཏུ་བཞུགས།
བྱིན་རླབས་ཡོན་ཏན་གཞན་ལས་དཔག་པར་ངེས།
ཡུལ་མཆོག་ཞིང་དེར་འདུ་ཤེས་སོམ་བྲལ་ན།
སེམས་བསྐྱེད་བཟང་པོ་གསང་ལམ་མ་ནོར་བརྒྱུད།
བསྐོར་བ་རེ་ལ་མ་ཏྲི་དུང་ཕྱུར་བཅུ།
དུས་ཆེན་བཟང་པོར་འགྱུར་ཚད་བརྒྱ་ཕྲག་འཕེལ།
བསྐོར་བདུན་བརྩོན་པས་ལས་སྒྲིབ་མ་ལུས་བྱང་།
ཕྱི་མར་དག་པའི་ཞིང་དུ་སྐྱེ་བར་ངེས།
རྒྱུ་ལུས་ལྟོས་མེད་དད་བརྩོན་དྲག་པོ་ཡིས།
གུས་པའི་བརྐྱང་ཕྱག་ལན་གཅིག་འཁོར་བ་ན།
ཇི་སྙེད་བསགས་པའི་སྡིག་ལྟུང་ཉམས་འགལ་རྣམས།
བྱང་ནས་ཐར་པའི་ལམ་མཆོག་རྙེད་པར་འགྱུར།
སྤུ་རྒྱལ་གནས་ཀྱི་མཆོག་ལ་གསོལ་བ་འདེབས།
ཕྱི་ནང་གསང་བའི་བར་ཆད་ཀུན་སེལ་ནས།
བསམ་པའི་དོན་ཀུན་འགྲུབ་པར་བྱིན་གྱིས་རློབས།
གསོལ་འདེབས་བུ་ལ་སྐྱབས་གནས་བརྩེ་བས་གཟིགས།
འཇིག་རྟེན་འཁྲུལ་ནོར་ཕྱི་ནང་གསང་བའི་བདུད།
མྱུར་དུ་སོལ་ལ་དགེ་བསམ་མཐར་ཕྱིན་ནས།
ཕྱི་མར་སྐྱབས་མཆོག་ཞིང་དང་ངེས་མཉམ་ཤོག
སྙིང་པོ་ནི། ཧྲི་སང་མ་ཏྲི་ས་ལེ་འདུ།།
།ཅེས་པ་འདི་ནི་སྤ་སྟོན་ཆེན་པོ་ཉི་མ་འབུམ་གསལ་གྱིས་མཛད་པའོ།