ཟིན་བྲིས་ལི་ཐོ།
སྒྲིག་འཇུག...

སྤྱི་བསྒྲགས།
སྒྲིག་འཇུག...

ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...

ཟིན་ཐོ་གསར་བ།
སྒྲིག་འཇུག...

དཔྱད་གཏམ་གསར་བ།
སྒྲིག་འཇུག...

ཆེམས་གསར་བ།
སྒྲིག་འཇུག...

འཚོལ་བཤེར།

སྦྲེལ་མཐུད།

ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 

སྲིད་གསུམ་བློ་གསུམ་ལ་བསྟན་པའི་སྐོར་གྱི་བསམ་གཞིགས་ཉི་ཚེ་བ།
[ 2012/8/26 18:36:00 | By: ཀུ་ས་ལི། ]
 

 

སྲིད་གསུམ་བློ་གསུམ་ལ་བསྟན་པའི་སྐོར་གྱི་

བསམ་གཞིགས་ཉི་ཚེ་བ།

 

དེ་ཡང་མཁས་བཞིའི་མཛོད་འགྲེལ་ལས། དེ་བས་ན་རང་བཞིན་ཡེ་སྲིད་ཀྱི་སྲིད་པ་ནི། གང་ཟག་དབང་པོ་འབྲིང་དང་བསམ་པ་བསྟན་པའོ། བྱེད་པས་བྱས་པའི་སྲིད་པ་ནི། དབང་པོ་ཐ་མ་དང་བསམ་པ་བསྟུན་པའོ། རྒྱུ་མཐུན་འབྱུང་བའི་སྲིད་པ་ནི། དབང་པོ་རབ་དང་བསམ་པ་མཐུན་ནས་བསྟན་ཏེ། དེ་བས་ན་དབང་པོ་རབ་ནི། ཕྱི་ནང་བོན་ཐམས་ཅད་རྩ་བ་སེམས་སུ་འདུས་པ། སེམས་རྒྱུ་རྐྱེན་ལས་སྐྱེ་ཞིང་འཁོར་བར་རྟོགས་སོ། དབང་པོ་འབྲིང་ནི། ཕྱི་ནང་བོན་ཐམས་ཅད་སྤྱི་མཐུན་གྱི་ལས་དང་ཉོན་མོངས་པས་སྐྱེ་ཞིང་སྲིད་པས་༼པར༽རྟོགས་སོ། དབང་པོ་ཐ་མས་ནི། བྱེད་པས་བྱས་ནས་སྲིད་པར་ལྟ་སྟེ། ཕ་དང་མ་ལ་མངོན་པར་ཞེན་ཏེ་རྟག་པར་ལྟའོ། ཞེས་གསུངས་སོ། 

ཡང་འགྲོ་མགོན་གྱི་མཛོད་ལས བློ་ལ་ལྟོས་ཏེ་ཕྱེ་ཚུལ་ནི། སྐྱེས་བུ་བློ་རབ་ཀྱི་རང་བཞིན་ལ་བྱེད་པ་མེད་པ་དང། འབྲིང་གིས་ཐུགས་རྗེ་ལས་ལས་གྲུབ་པ་དང། ཐ་མས་རྒྱུ་རྐྱེན་ལས་གྲུབ་པར་རྟོགས་པས་རིམ་པ་བཞིན་ཕྱེ་ལ།  ཞེས་སོ། དེ་དག་ལས་འདིར་འགྲོ་མགོན་མཛོད་འགྲེལ་ལས་གསུངས་པའི་དོན་ལ་བསམ་གཞིགས་ཕྲན་བུ་གྲོས་འདེབས་ཀྱི་ཚུལ་དུ་འབུལ་བར་འདོད་པས།

དེ་ཡང་སྐྱེས་བུའི་བློ་རབ་ལ་ལྟོས་ཏེ་ཡེ་སྲིད་བསྟན་པ་འདི་ནི་ཡེ་སྲིད་ཀྱི་ཕྱོགས་ཐམས་ཅད་ལ་ཁྱབ་པར་གསུངས་པ་མ་ཡིན་པར་དེའི་ཕྱོགས་རེའི་དོན་ལ་དགོངས་ཏེ་གསུངས་པར་སྣང་། ཅི་སྟེ་ན་ཡེ་སྲིད་ལ་བློ་རབ་ལ་ལྟོས་པའི་བོན་དང་བློ་རབ་འབྲིང་ཐ་གསུམ་ཐུན་མོང་ལ་ལྟོས་པའི་བོན་གཉིས་ཡོད་པས་ཤེས་ནུས་སོ། འདིར་ཡང་བློ་རབ་ལ་ལྟོས་པ་དོན་དམ་པའི་ཡེ་སྲིད་བོན་ཉིད་ཀྱི་གཤིས་སོགས་ལ་དགོངས་ཏེ་གསུངས་པར་མངོན། དེ་ལྟར་མིན་ན་པད་མའི་འཇམ་དང་། ཚེར་མའི་དབལ། སྲན་མའི་དབུ་རིལ། རླུང་ལྕེ་འཕྲེད་འགྲོ་སོགས་ཐུན་མོང་གི་རྟོགས་ཚད་ལ་གྲུབ་པའི་ཡེ་སྲིད་ཀྱི་བོན་གྲངས་ལས་བརྒལ་བ་རྣམས་བློ་རབ་འབྲིང་ཐ་མ་གསུམ་ལས་རབ་ལ་ལྟོས་པ་ཉིད་དུ་ཁས་འཆེ་དགོས་པར་འགྱུར་རོ། དེ་ལྟར་དུ་ཡིན་ཚོད་ཀྱི་སྒྲུབ་བྱེད་འཚོལ་བར་སྒྱིད་ལུག་གི་ལས་ཉིད་དུ་ཟད་པས་སྨྲ་བར་མི་སྤོབས་སོ།

 བློ་དབང་པོ་འབྲིང་ལ་ལྟོས་ཏེ་བྱེད་བྱས་བསྟན་པ་འདི་ཡང་རིང་རྒྱུ་ལ་དགོངས་སྟེ་ཕྱི་སྣོད་རྩོམ་བྱེད་ཀྱི་རླུང་རྡུལ་ངད་ཙམ་བྱུང་བ་དེ་ཉིད་མངོན་རྫོགས་ལྷ་ཡི་ཐུགས་རྗེའི་བྱེད་པ་དང་སེམས་ཅན་སྤྱི་མཐུན་གྱི་ལས་དག་ལས་གྲུབ་པར་འདོད་པའི་དམིགས་བསལ་གྱི་འདོད་ཚུལ་དེ་ལ་གཙོར་མཛད་དེ་གསུངས་པར་སྙམ།

ཐ་མ་ལ་ལྟོས་ཏེ་རྒྱུ་མཐུན་གྱི་སྲིད་པ་བསྟན་པ་འདི་ནི། དེ་ཉིད་ཀྱིས་རྒྱུ་འབྲས་རིགས་མཐུན་ལས་གྲུབ་པར་འདོད་པས་འདིར་རེ་ཞིག་དེ་ལྟར་བསྟན་པ་ཡིན་ནམ་སྙམ། དེའང་གོང་མའི་ཚུལ་ལ་བསམ་ཚེ་དམིགས་བསལ་གྱི་འདོད་ཚུལ་ཞིག་ལ་ལྟོས་པར་འབྲེལ་བས་དཔྱད་པར་བྱའོ། དེ་མིན་གོང་མ་གཉིས་ཀྱིས་ཀྱང་རྒྱུ་འབྲས་རིགས་མཐུན་ལས་གྲུབ་པ་ཙམ་འདོད་པས་འོག་མ་ཉིད་ལ་དམིགས་བཀར་གྱིས་བསྟན་པའི་རྒྱུ་མཚན་ཆེར་མེད་པར་འགྱུར་རོ།

དེ་ལྟར་བློ་རབ་འབྲིང་ཐ་མ་གསུམ་ལ་སྲིད་གསུམ་ཁ་ཡར་དུ་བསྟན་པ་འདི་ནི་དམིགས་བསལ་གྱི་འདོད་ཚུལ་རེ་ལ་ལྟོས་ཏེ་གསུངས་པ་ལས་གདུལ་བྱ་དབང་པོ་རབ་འབྲིང་ཐ་གསུམ་པོ་བྱེ་བྲག་རང་རང་གི་ལུགས་རེ་འང་སྲིད་པ་གསུམ་ཚང་བར་འདོད་པར་མངོན་ནོ། དེ་ཡང་མཁས་པ་ལ་ལས་སྲིད་གསུམ་བློ་རབ་འབྲིང་ཐ་གསུམ་ལ་བསྟན་པ་འདི་ནི་མདོ་སྔགས་སེམས་གསུམ་གྱི་ཐེག་སྒོ་ལ་སྦྱར་བར་སྣང་ཡང་རང་ལུགས་ལ་མདོ་ཕར་ཕྱིན་སྡེ་པའི་ཐེག་རིམ་ལ་སྦྱར་དགོས་པར་མངོན་ཏེ་མཛོད་གཞུང་གིས་མཚན་ཉིད་ཀྱི་བོན་ཤས་ཆེ་བར་སྟོན་པར་བཞེད་པའི་གནད་ཀྱིས་གྲུབ་བོ།།

 

 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.