བོད་ཡིག་ལ་ཉེ་བར་མཁོ་བའི་“རྟགས་“སྣ་ཚོགས།
རྩོམ་པ་པོ། ཁམས་འཛུམ་གྲོལ
དེ་ཡང་༡༩༩༦ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་བོད་ཡིག་རྩོམ་སྒྲིག་ཚད་ལྡན་དུ་གཏོང་བའི་སྐོར་གྱི་གྲོས་གཞི་བཏོན་པ་ལྟར། ཞིང་ཆེན་དང་ལྗོངས་དྲུག་གཙོའི་བོད་ཡིག་དཔེ་སྐྲུན་ཁང་གི་སྐུ་ཚབ་ཐུན་མོང་ནས། གྲོས་གཞི་ཡང་ཡང་བྱས་མཐར་གཏན་ལ་ཕབས་པའི་ཚིག་ཤད་དང་རྟགས་འགའ་ཞིག་༡༩༩༧ལོ་ནས་བཟུང་ཐུན་མོང་དུ་སྤྱོད་པའི་མགོ་བརྩམས་ཤིང་།དེ་དག་བོད་ཡིག་གི་《དུས་དེབ་》དང་། 《ཚགས་པར་》སོགས་ཀྱི་སྟེང་དུ་བེད་སྤྱོད་གཏོང་བཞིན་ཡོད་པ་དང་། ད་ལྟ་རྩོམ་པ་པོ་དང་། རྩོམ་སྒྲིག་པ་སོགས་ཀྱིས་རང་སྣང་གང་ཤར་གྱིས་རྟགས་སྣ་ཚོགས་ཞིག་བཀོལ་བཞིན་ཡོད་པ། དེའི་ནང་གི་འགའ་ཞིག་ནི་གཟུགས་མཛེས་གོས་ཀྱིས་རྒྱན་པ་བཞིན་མེད་ཐབས་མེད་པའི་ལེགས་ཆ་ཞིག་ཏུ་མཐོང་ལ། འགའ་རེ་ནི་སྦྲུལ་ལ་སུག་པ་བཏགས་པ་བཞིན་སྐྱོན་དུ་སྣང་། འདིར་བོད་ཡིག་སྤུས་ཚད་ཇེ་ལེགས་ཡོང་བའི་དགོས་པ་ལ་དམིགས་ཏེ་དཔྱོད་ལྡན་རྣམས་ལ་དཔྱད་གཞི་ཙམ་དུ་དབྱེ་ཞིབ་ཕྲན་བུ་ཞིག་བྱེད་པ་ལ།
དང་པོ།
བོད་ཡིག་ལ་ཉེ་བར་མཁོ་བའི་རྟགས་འགའ་ཞིག་བརྗོད་པར་བྱ་སྟེ། གཙོ་བོ་གོང་ནས་བཤད་པ་བཞིན་བོད་ཀྱི་ཞིང་ཆེན་དང་ལྗོངས་དྲུག་གི་བོད་ཡིག་དཔེ་སྐྲུན་ཁང་གི་སྐུ་ཚབ་ཐུན་མོང་ནས་གྲོས་གཞི་བྱས་པ་རྒྱུད་《བོད་ཡིག་རྩོམ་སྒྲིག་ཚད་ལྡན་དུ་གཏོང་བའི་སྐོར་གྱི་གཏན་ཕབས་འགའ་》ཞེས་པ་ཞིག་གྲོས་མཐུན་བྱུང་བ་དེ་དག་གཞིར་བཟུང་ བ་ཡིན།
རྟགས་༝༝༝འདི་ལ་སྐུང་རྟགས་ཟེར་ཞིང་དཔེ་ཆ་འགའ་རེའི་ནང་དུ་གསལ་པོར་འགོད་མི་རུང་བ་དང་། ཚིག་དུ་མ་བསྐྱར་ཟློས་དགོས་པ་ སོགས་སྐུང་བའི་མཚོན་བྱེད་ཡིན། ད་དུང་གྲངས་ཀ་མཚོན་པའི་ཕྱིར་དུའང་སྤྱོད་པ་ཡིན་ལ་བོད་ཀྱི་དཔེ་རྙིང་དག་ལས་ཀྱང་མང་པོ་མཐོང་རྒྱུ་ཡོད་དོ།།
རྟགས་《》འདི་ལ་དཔེ་རྟགས་ཟེར་ཞིང་རྩོམ་ཡིག་དག་གི་ནང་ དུ་གཞན་གྱི་དཔེ་དེབ་དང་། རྩོམ་ཡིག་སོགས་ཀྱི་ཁ་བྱང་འགོད་པར་བྱེད་པ་དེ་དག་མཚོན་བྱེད་ཡིན་ཏེ། དཔེ་རྟགས་འདི་མཐོང་མ་ཐག་དེའི་ནང་དུ་བཀོད་ཡོད་པ་དེ་ནི་དཔེ་མིང་གམ་རྩོམ་གང་རུང་ཞིག་གི་ཁ་བྱང་ཡིན་པ་གསར་པོར་ཤེས་ཐུབ་སྟེ་དཔེར་ན།《ཆོས་འབྱུང་གསལ་བྱེད་སྒྲོན་མེ》ལྟ་བུའི།།
རྟགས་འདི་ལ་མཆན་རྟགས་ཟེར་ཞིང་རྩོམ་དག་གི་ཚིག་བར་དུ་བཞག་ན་ཟུར་དུ་མཆན་ཡོད་པ་མཚོན་པར་བྱེད་ཐུབ། མཆན་གྱི་ མང་ཉུང་ལྟར་ཨང་གྲངས་ཡང་རིམ་པ་ལྟར་བཀོད་ཆོག་སྟེ་《སྦྲང་ཆ ར་》སོགས་《དུས་དེབ་》དག་ལ་བལྟས་པས་ཤེས་ཐུབ་བོ།།
རྟགས་……འདི་ལ་བསྡུས་རྟགས་ཟེར་ཞིང་རྩོམ་གང་རུང་གི་མཇུག་ཏུ་ཡོད་ཚེ། བརྗོད་བྱ་མ་རྫོགས་ཀྱང་རེ་ཞིག་ཚིག་སྡུས་པའི་དོན་ཡིན་ པས་《དུས་དེབ་》དང་《ཚགས་པར་》སོགས་སུ་མང་པོ་མཐོང་རྒྱུ་ ཡོད་པས་ཤེས་སླའོ།།
རྟགས་“ ”འདི་ལ་འདྲེན་རྟགས་ཟེར་ཞིང་། བརྩམས་སྒྲུང་དག་གི་ནང་དུ་ཚིག་ཉོག་བསྐྱུང་ཕྱིར་མི་སོ་སོའི་སྐད་ཆ་འདྲེན་རྟགས་འདིའི་ནང་དུ་བཅུག་ན། སྐད་ཆ་བཤད་མཁན་གྱི་མིང་རེ་རེ་བཞིན་འགོད་མི་དགོས་ཤིང་། མི་སོ་སོ་སྐད་ཆ་གང་ཞིག་ཡིན་པ་གསལ་པོར་རྟོགས་ ཐུབ་པའི་ཁྱད་ཆོས་ལྡན་པ་སོགས་ད་ལྟའི་《སྒྲུང་གཏམ་》དག་ལ་ བལྟས་པས་ཤེས་པར་འགྱུར་རོ།།
གཉིས་པ།
བོད་ཡིག་ལ་མི་མཁོ་བའི་རྟགས་སྣ་ཚོགས་ནི།
རྟགས ? འདི་ལ་འདྲི་རྟགས་ཟེར་ཞིང་རྒྱ་ཡིག་ལྟར་ན་你是谁ལྟ་བུ་ལ་རྟགས་?འདི་བསྣན་ན་འདྲི་བའི་དོན་ཡིན་པ་རྟོགས་ཐུབ་པ་ལྟ་བུ་རྒྱ་ཡིག་ལ་མེད་དུ་མི་རུང་བ་ཞིག་ཡིན་མོད། བོད་ཡིག་ལ་“ཁྱོད་སུ་ཡིན་”ཞེས་བརྗོད་པའི་ཚེ་“སུ་”སྒྲས་དྲི་བའི་དོན་རང་ཤུགས་སུ་རྟོགས་ཐུབ་པས་མི་དགོས་བཞིན་དེའི་སྟེང་དུ་འདྲི་རྟགས་བསྣན་ན་སྐྱོན་དུ་སྣང་ངོ།།
རྟགས་ !འདི་ལ་བརྣན་རྟགས་ཟེར་ཞིང་རྒྱ་སྐད་ལ་你坐下མཇུག་ཏུ་བརྣན་རྟགས་བསྣན་ན་སྐུལ་ཚིག་གི་དོན་ཡིན་པས་དགོས་པ་ཆེ་ཡང་། བོད་སྐད་དུ་དགོས་མཁོ་མེད་དེ་“ཁྱོད་མར་སྡོད་ཅིག་”ཅེས་བརྗོད་པའི་ཚེ་“ཅིག་”སྒྲས་སྐུལ་བའི་དོན་སྟོན་པའི་ནུས་པ་ལྡན་པས་དེའི་མཇུག་ཏུ་བརྣན་རྟགས་བཀོལ་ན་རྫོབ་སྐྱོན་ཡིན་པ་ཤེས་དགོས་སོ།།
རྟགས་***འདི་ལ་ཆད་རྟགས་ཟེར་ཞིང་། གཞུང་དང་བསྟན་བཅོས་སོགས་གནའ་རབས་ཀྱི་ཡིག་རྙིང་དག་གི་ཡི་གེ་ལ་ཆད་པ་དང་། མི་གསལ་བ་སོགས་བྱུང་ཚེ་ཆད་ཡོད་པ་སྟོན་བྱེད་དུ་བཀོལ་ཀྱང་། ཆད་ལྷག་ཡོད་ཚེ་དེ་ལ་དེབ་གྲངས་དང་། ལེའུ་སོགས་ག་ཙམ་ཆད་པ་སོགས་ཁ་གསལ་གྱི་མཆན་ཡོད་ན་བཟང་བར་མཐོང་ངོ་། །
ད་དུང་རྟགས་(){ }※【】[ ]____{ }﹐。ལ་སོགས་པ་ མང་པོ་ཞིག་དེང་གི་རྩོམ་སྒྲིག་པ་དག་གིས་དོན་དངོས་མཁོ་མིན་ལ་མི་ལྟ་བར། རང་སྣང་གང་ཤར་གྱིས་བཀོལ་སྤྱོད་བྱེད་བཞིན་པ་དེ་ དག་དགོས་པ་ཆེར་མ་མཐོང་ལ། འདིར་བོད་ཡིག་ལ་མཁོ་མིན་གྱི་དཔྱད་གཞི་རུ་སྤེལ་བ་ཡིན་པས་དཔྱོད་ལྡན་མཁས་དབང་རྣམས་ཀྱིས་བླང་དོར་གྱི་བཀའ་མོལ་གནང་འོས་སུ་ཆེའོ། །
སྤྱིར་དུས་རབས་ཀྱི་འགྲོས་དང་བསྟུན་ནས། མིའི་རིགས་ཀྱི་སྤྱི་ཚོགས་ཀྱང་རིམ་བཞིན་མདུན་ནས་མདུན་དུ་བསྐྱོད་བཞིན་ཡོད་པ་དང་། དུས་སྐབས་དེར་རང་རང་སོ་སོའི་རིག་གནས་དག་ཀྱང་། འཕེལ་རྒྱས་དང་འགྱུར་ལྡོག་འབྱུང་བཞིན་པ་ནི་ཆོས་ཉིད་ཡིན་ལ། འཕོ་འགྱུར་དེའི་ཁྲོད་ནས་རིག་གནས་དང་། སྐད་ཡིག་སོགས་སྔར་ལས་ཕུན་སུམ་ཇེ་ཚོགས་ཡོངས་བའི་ཐབས་ལ་འབད་པ་ནི། གཡོལ་དུ་མེད་པའི་ འོས་འགན་ཞིག་ཡིན་པ་སུས་ཀྱང་རྟོགས་དགོས་པ་ཞིག་ཡིན་ཞིང་། ད་རེས་ཀྱི་འདིའང་ང་ཚོའི་སྐད་ཡིག་ཁ་སྐོང་དང་། འཕེལ་རྒྱས་ཀྱི་དགོས་མཁོའི་ཆེད་དུ། གཞན་གྱི་རིག་གནས་ལས་ལེགས་ཆ་བསྡུ་ ལེན་དང་། ངན་ཆ་སེལ་འདོན་བྱས་པ་བསྙོན་དུ་མེད།
དེ་དག་ཀྱང་དུས་རབས་ཀྱི་འགྱུར་ལྡོག་དབང་གིས་སྟོང་ཆ་སྐོང་བ་ཙམ་ཡིན་པ་ལས། བོད་ཡིག་ལ་སྔ་མོ་ནས་དབུ་ཁྱུད་དང་། ཚིག་ཤད་ཀྱི་རྟགས་སྣ་ཚོགས་ཤིག་ཡོད་པ་དེ་དག་གིས་གོ་མི་ཆོད་ཤིང་མི་དགོས་་པ་མ་ཡིན་ནོ། ། |