ཟིན་བྲིས་ལི་ཐོ།
སྒྲིག་འཇུག...

སྤྱི་བསྒྲགས།
སྒྲིག་འཇུག...

ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...

ཟིན་ཐོ་གསར་བ།
སྒྲིག་འཇུག...

དཔྱད་གཏམ་གསར་བ།
སྒྲིག་འཇུག...

ཆེམས་གསར་བ།
སྒྲིག་འཇུག...

འཚོལ་བཤེར།

སྦྲེལ་མཐུད།

ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 

འདུལ་བའི་ཁྲིམས་སྡེ་ཉི་ཤུ་རྩ་ལྔ་ཞེས་པའི་སྐོར་གྱི་གླེང་མོལ་ཐོར་བུ། 
[ 2012/8/22 21:12:00 | By: ཀུ་ས་ལི། ]
 

 

གཤེན་གྱི་མཛད་སྤྱོད་འདུལ་བའི་ཁྲིམས་སྡེ་ཉི་ཤུ་རྩ་ལྔ་

ཞེས་པའི་སྐོར་གྱི་གླེང་མོལ་ཐོར་བུ།

 

 

དེ་ཡང་རབ་ཏུ་བྱུང་བའི་སྡེ་དག་པ་དྲང་སྲོང་གི་སྡེ་དང་། གཙང་མ་གཙུག་ཕུད་ཀྱི་སྡེ་གཉིས། ཁྱིམ་ལ་བརྟེན་པའི་སྡེ་ཚུལ་གནས་དགེ་བསྙེན་གྱི་སྡེ་དང་། བསྙེན་གནས་ཡན་ལག་གི་སྡེ་གཉིས་དང་བཞི་དག་ལ་རྩ་བའི་ཁྲིམས་ཆེན་གྱི་སྡེ་བཞི་ཞེས་བྱ་སྟེ། གཟི་བརྗིད་ལས། དེ་ལྟར་རྩ་བའི་ཁྲིམས་ཆེན་སྡེ་བཞི་ལ། ཞེས་པས་སོ། དེའི་ནང་གསེས་རེ་ལ་གཉིས་རེ་ཕྱེས་པས་ཡན་ལག་ལ་བརྒྱད་དུ་དབྱེ་བ་སྟེ།

༈དག་པ་དྲང་སྲོང་གི་སྡེ་ལ། དག་པ་དཀའ་ཐུབ་ཀྱི་སྡེ་དང་། སོ་སོར་ཐར་པའི་སྡེ་གཉིས།

༈གཙང་མ་གཙུག་ཕུད་ཀྱི་སྡེ་ལ་ཡང་། ཚངས་སྤྱོད་མཚུངས་པའི་སྡེ་དང་། གཙང་གཙུག་དག་པའི་སྡེ་གཉིས།

༈ཚུལ་གནས་དགེ་བསྙེན་གྱི་སྡེ་ལའང་། ཚུལ་ལྡན་དགེ་བསྙེན་གྱི་སྡེ་དང་། ཚུལ་ཞུགས་དགེ་བསྙེན་གྱི་སྡེ་གཉིས།

༈བསྙེན་གནས་ཡན་ལག་གི་སྡེ་ལ་ཡང་། ཡན་ལག་གཏན་བསྲུང་གི་སྡེ་དང་། ཡན་ལག་དུས་འཛིན་གྱི་སྡེ་གཉིས་དང་བཅས་ཏེ་བརྒྱད་དག་ལ་ཡན་ལག་གི་སྡེ་བརྒྱད་ཅེས་བྱ་སྟེ། གཟི་བརྗིད་ལས། དེ་ཡང་བཞི་འགྱུར་བརྒྱད་དུ་དབྱེ། ཞེས་དང་། ཡན་ལག་ཏུ་གྱེས་པ་བརྒྱད་དེ། ཞེས་པས་སོ།  དེ་དག་བརྒྱད་ཀྱི་ནང་གསེས་རེ་ལའང་གསུམ་རེ་ཕྱེས་པས་ཉིང་ལག་ཉི་ཤུ་རྩ་བཞི་རུ་ཕྱེས་པ་སྟེ།

 ༈དེ་ཡང་དག་པ་དཀའ་ཐུབ་ཀྱི་སྡེ་ལ། སྙོམས་འཇུག་འགོག་པའི་སྡེ་དང་། དག་པ་མཐར་ཕྱིན་གྱི་སྡེ། བསླབ་པ་མཐར་རྫོགས་ཀྱི་སྡེ་དང་གསུམ།

༈སོ་སོ་ཐར་པའི་སྡེ་ལའང་། དག་པ་གདན་གཅིག་གི་སྡེ་དང་། དག་པ་གཞི་བཟུང་གི་སྡེ། དག་པ་ཚུལ་འཛིན་གྱི་སྡེ་དང་གསུམ།

༈ཚངས་སྤྱོད་མཚུངས་པའི་སྡེ་ལ་ཡང་། བྲམ་ཟེ་མཚུངས་སྤྱོད་ཀྱི་སྡེ་དང་། ཚངས་པ་མཚུངས་སྤྱོད་ཀྱི་སྡེ། ངང་པ་མཚུངས་སྤྱོད་ཀྱི་སྡེ་དང་གསུམ།

༈གཙང་གཙུག་དག་པའི་སྡེ་ལ་ཡང་། བསླབ་གསུམ་དག་པའི་སྡེ་དང་། སྡོམ་ཚུལ་དག་པའི་སྡེ། རབ་བྱུང་དག་པའི་སྡེ་དང་གསུམ།

༈ཚུལ་ལྡན་དགེ་བསྙེན་གྱི་སྡེ་ལ་ཡང་། དག་པ་དགེ་བསྙེན་གྱི་སྡེ་དང་། མ་དག་པ་འདུལ་བ་དགེ་བསྙེན་གྱི་སྡེ། རང་རྒྱུད་སྦྱང་བ་དགེ་བསྙེན་སྡེ་དང་གསུམ།

༈ཚུལ་ཞུགས་དགེ་བསྙེན་གྱི་སྡེ་ལ་ཡང་། བྱམས་པ་དགེ་ཚུལ་གྱི་སྡེ་དང་། སྦྱིན་པ་དགེ་ཚུལ་གྱི་སྡེ། ཞི་བ་དགེ་ཚུལ་གྱི་སྡེ་དང་གསུམ།

༈ཡན་ལག་གཏན་སྲུང་གི་སྡེ་ལ་ཡང་། སྨེ་བ་གཏན་སྤངས་ཀྱི་སྡེ་དང་། འཆལ་བ་གཏན་སྤངས་ཀྱི་སྡེ། དྲི་མ་གཏན་སྤངས་ཀྱི་སྡེ་དང་གསུམ།

 ༈ཡན་ལག་དུས་འཛིན་གྱི་སྡེ་ལ་ཡང་། ཡན་ལག་བརྒྱད་པའི་སྡེ་དང་། ཡན་ལག་གསུམ་པའི་སྡེ། ཡན་ལག་བཞི་པའི་སྡེ་དང་གསུམ་སྟེ་བཅུ་གཉིས་པོ་ནི་ཁྱིམ་པའི་སྡེའོ།

དེ་ལྟར་ཕྱེས་པའི་གྲངས་བསྡོམས་ཉི་ཤུ་རྩ་བཞི་ལ་ཉིང་ལག་གི་སྡེ་ཞེས་བྱ་སྟེ། གཟི་བརྗིད་ལས། བརྒྱད་ལ་སུམ་འགྱུར་ཉི་ཤུ་རྩ་བཞི་སྟེ། ཞེས་དང་། དེ་ལ་ཉིང་ལག་ཉི་ཤུ་དབྱེ་བ་ནི། ཞེས་གསུངས་པས་སོ། དེ་ལྟར་རྩ་བའི་སྡེ་དང་ཡན་ལག་གྱི་སྡེ་དང་ཉིང་ལག་གི་སྡེ་བཅས་སོ་སོར་ཕྱེས་པ་ལས་འདིར་ཉིང་ལག་གི་སྡེ་ཉི་ཤུ་རྩ་བཞི་དག་གི་ཁྱད་པར་ཅུང་ཟད་གླེང་བར་སྤྲོ་བ་སྟེ།

དེ་ཡང་དག་པ་དཀའ་ཐུབ་ཀྱི་སྡེ་གསུམ་ལས།

སྙོམས་འཇུག་འགོག་པའི་སྡེ་པས་ནི། ཕྱི་ཡི་སུམ་བརྒྱ་དྲུག་ཅུ་དང་ནང་གི་ཁྲིམས་བསླབ་པ་མཐར་རྫོགས་སུ་སྲུང་བའོ། གནས་མལ་ནི་དབེན་པར་གཅིག་པུར་རྣམ་དག་ལྷ་ཡི་དཀའ་ཐུབ་ལ་སྤྱོད་ཅིང་། སྒོམ་པ་ནི་ཏིང་འཛིན་གྱིས་སྙོམས་པར་འཇུག་སྟེ་བསྐལ་པར་བཞུགས་པའོ།  

དག་པ་མཐར་ཕྱིན་གྱི་སྡེ་པས་ནི། བསྲུང་བྱ་ཕྱི་ཡི་སུམ་བརྒྱ་དྲུག་ཅུ་དང་ནང་གི་ཁྲིམས་བསླབ་པ་མཐར་རྫོགས་སུ་གོང་ལྟར་སྲུང་ཞིང་། གནས་ནི་བྲག་དགོན་དུ་དྲི་མེད་རྒྱལ་གྱི་དཀའ་ཐུབ་ལ་སྤྱོད་དོ།  དེ་ཡང་ཡུན་ནི་བདུན་བར་རེའོ། སྒོམ་པ་ནི་ཏིང་ངེ་འཛིན་ལ་གནས་ཏེ་ཇི་སྲིད་འཚོ་ཡི་བར་དུ་དུས་སུ་བཅས་པའོ།

བསླབ་པ་མཐར་རྫོགས་ཀྱི་སྡེ་པས་ནི། ཕྱི་ཡི་སུམ་བརྒྱ་དྲུག་ཅུ་དང་ནང་གི་ཁྲིམས་བསླབ་པ་མཐར་རྫོགས་སུ་སྲུང་བ་གོང་ལྟར་ལ། གནས་ནི་དབེན་གནས་ངེས་མེད་ལ་གཅིག་པུར་རྨད་བྱུང་མི་ཡི་དཀའ་ཐུབ་ལ་སྤྱོད་པའོ། དེས་ན་སྡེ་པ་དེ་གསུམ་ནི་དྲང་སྲོང་གི་རྟེན་ཅན་ཡིན་པར་གསལ།

དེ་ལྟར་ན་སྡེ་པ་འདི་གསུམ་ལས་འདུལ་བའི་སྡེ་འཛིན་པ་གཞན་རྣམས་ཀྱིས་དཀའ་ཐུབ་ལ་སྤྱད་དགོས་པ་མ་ཡིན་ནམ་ཞེ་ན། འདུལ་བ་འཛིན་པ་ཀུན་གྱིས་དགེ་སྤྱོད་དཀའ་ཐུབ་ལ་གནས་དགོས་པ་ཡིན་ཏེ། ཇི་སྐད་དུ། འདུལ་བའི་སྲོག་ཤིང་དཀའ་ཐུབ་ཡིན་ཞེས་པས་ངེས་སོ། འོ་ན་འདི་གསུམ་དམིགས་ཀྱིས་བཀར་ཏེ་དཀའ་ཐུབ་ཀྱི་སྡེ་ཇི་ལྟར་བྱ་ཞེ་ན། སྡེ་པ་གསུམ་གྱིས་དམིགས་བསལ་རྒྱལ་བ་གཤེན་གྱི་མཛད་སྤྱོད་དཀའ་ཐུབ་རྣམ་གསུམ་ལས་རེ་རེ་སྒོས་སུ་སྤྱོད་ཅིང་དེ་ཡང་དབྲི་བསྣན་མེད་པར་རྒྱུན་ཆགས་སུ་དམ་པར་སྤྱོད་ཅིང་གནས་པས་དཀའ་ཐུབ་ཀྱི་སྡེ་ཞེས་གསུངས་པར་མངོན།

 སོ་ཐར་སྡེ་གསུམ་ལས།

དག་པ་གདན་གཅིག་གི་སྡེ་པས་ནི། བསྲུང་བྱ་ནི་ཕྱི་ཚུལ་སུམ་བརྒྱ་དྲུག་ཅུ་དང་ནང་ཁྲིམས་ཉིས་བརྒྱ་ལྔ་བཅུ་ཟུང་འབྲེལ་དུ་སྲུང་བའོ། གནས་ནི་དབེན་པར་ཤིང་དྲུང་དུ་གཅིག་པུར་དག་པའི་སྤྱོད་ལམ་ལ་འཇུག་ཅིང་། དགེ་སྤྱོད་རྣམ་དག་གི་རྒྱུན་སྐྱོང་བ་ལས་གཞན་པའི་འཆད་རྩོད་སོགས་མི་བྱ་ཞིང་། ཁ་ཟས་གདན་གཅིག་ཏུ་བཀོལ་བའོ།

དག་པ་གཞི་བཟུང་གི་སྡེ་པས་ནི། བསྲུང་བྱ་ནི་ཕྱི་ཚུལ་སུམ་བརྒྱ་དྲུག་ཅུ་དང་ནང་ཁྲིམས་ཉིས་བརྒྱ་ལྔ་བཅུ་ཟུང་འབྲེལ་གོང་ལྟར་དུ་སྲུང་ལ། གནས་ནི་རི་བོ་དང་གངས་གླིང་གི་ཁྲོད་དུ་དགེ་འདུན་འཚོགས་པའི་སྡེ་རུ་གཉེར་ཏེ་འཆད་རྩོད་རྩོམ་གསུམ་ལ་བློ་སྦྱང་ཞིང་གཞན་རྒྱུད་འདུལ་ཐབས་ལ་འབད་པའོ།

དག་པ་ཚུལ་འཛིན་གྱི་སྡེ་པས་ནི། བསྲུང་བྱ་ནི་ཕྱི་ཚུལ་སུམ་བརྒྱ་དྲུག་ཅུ་དང་ནང་ཁྲིམས་ཉིས་བརྒྱ་ལྔ་བཅུ་ཟུང་འབྲེལ་དུ་སྲུང་ལ། གནས་ནི་ངེས་མེད་ཀྱི་དབེན་པ་ལ་བསྟེན་ཅིང་ཕྱི་དྲོའི་ཁ་ཟས་མི་རོལ་བར་ལུས་ངག་ཡིད་གསུམ་གྱིས་དགེ་བར་བརྩོན་ཏེ་བདག་རྒྱུད་ཡོངས་སུ་སྦྱང་བར་བགྱིད་པའོ།

དེ་ལྟར་ན་སྤྱིར་སོ་ཐར་གྱི་སྡེ་ལ་བསྲུང་བྱའི་སྒོ་ནས་བཞི་དང་རྟེན་གྱི་སྒོ་ནས་བརྒྱད་དུ་དབྱེ་བ་ཡོད་པས་འདིར་བསྟན་གྱི་སོ་ཐར་གྱི་སྡེ་པ་བྱ་བ་འདི་ནི་སོ་ཐར་སྤྱི་ལས་བྱེ་བྲག་ཅིག་ཏུ་གོ་དགོས་ཏེ་བསྲུང་བྱ་དང་དབྱེ་གཞི་སོགས་ལས་ཤེས་ནུས་སོ།

ཚངས་སྤྱོད་མཚུངས་པའི་སྡེ་གསུམ་ལས།

བྲམ་ཟེ་ཚངས་སྤྱོད་ཀྱི་སྡེ་པས་ནི། ཕྱི་ཚུལ་དྲུག་ཅུ་རྩ་བཞི་དང་ནང་ཁྲིམས་ཉི་ཤུ་རྩ་ལྔ་ཟུང་འབྲེལ་དུ་སྲུང་བའོ། མང་ཐུན་ཤ་དང་དུས་མིན་གྱི་ཟས་སྤངས་ལ་སེམས་ཅན་ཕྲ་མོའི་སྲོག་ལ་གནོད་པ་ལ་སོགས་སྡོམ་སྟེ་རི་དྭགས་ཀྲི་སྙ་ཤ་ར་ལྟ་བུའི་སྤྱོད་ལམ་ལ་འཇུག་པའོ།

ཚངས་པ་མཚུངས་སྤྱོད་ཀྱི་སྡེ་པས་ནི། ཕྱི་ཚུལ་དྲུག་ཅུ་རྩ་བཞི་དང་ནང་ཁྲིམས་ཉི་ཤུ་རྩ་ལྔ་ཟུང་འབྲེལ་དུ་སྲུང་བ་གོང་མ་དང་མཐུན་ཞིང་། དུས་ཀྱི་ཁ་ཟས་རོལ་ཀྱང་ཡུ་ཏིའི་ཆང་སྤངས་ཤིང་ཅི་མཛད་ཀྱི་སྤྱོད་ལམ་ཀུན་རྣམ་པར་དག་པ་ཚངས་པ་ལྷ་ཡི་སྤྱོད་ཚུལ་དང་ལྡན་ཏེ་གྲོགས་ཀྱང་བཀུར་གནས་དམ་པར་མཛད་པའོ།

ངང་པ་མཚུངས་སྤྱོད་ཀྱི་སྡེ་པས་ནི། ཕྱི་ཚུལ་དྲུག་ཅུ་རྩ་བཞི་དང་ནང་ཁྲིམས་ཉི་ཤུ་རྩ་ལྔ་ཟུང་འབྲེལ་དུ་གོང་གི་རང་སྡེ་གཉིས་དང་མཚུངས་པར་སྲུང་ལ། ཁྱད་པར་དུ་གཡུང་དྲུང་སེམས་དཔའི་སྤྱོད་པ་ཟབ་མོ་ལ་སྤྱོད་པ་རྒྱུན་ཆད་མེད་པ་ངང་པའི་རྒྱལ་པོས་ཁྲུས་བྱེད་པ་ལྟར་སྐད་ཅིག་ཀྱང་ཡེངས་པ་མེད་པ་བརྩོན་པར་མཛད་པའོ།

གཙང་གཙུག་དག་པའི་སྡེ་གསུམ་ལས།

བསླབ་གསུམ་དག་པའི་སྡེ་པས་ནི། བསྲུང་བྱ་ཕྱི་ཡི་ཚུལ་སུམ་ཅུ་རྩ་གཉིས་དང་ནང་གི་ཁྲིམས་ཉི་ཤུ་རྩ་ལྔ་ཟུང་འབྲེལ་དུ་སྲུང་ཡང་ཚོང་འདུས་ཀྱི་ཤ་དང་ཆབ་བསལ་གྱི་ཆང་ལ་རན་པར་བཀོལ་ནས།  བཀའ་ལུང་རིག་པའི་བསླབ་པ་གསུམ་ལ་གུས་ཤིང་བརྩོན་པར་མཛད་པའོ།

སྡོམ་གསུམ་དག་པའི་སྡེ་པས་ནི། བསྲུང་བྱ་ཕྱི་ཡི་ཚུལ་སུམ་ཅུ་རྩ་གཉིས་དང་ནང་གི་ཁྲིམས་ཉི་ཤུ་རྩ་ལྔ་ཟུང་འབྲེལ་དུ་གོང་མ་དང་མཐུན་པར་སྲུང་ཞིང་། ལམ་བསླབ་པ་གསུམ་ལ་འཇུག་ཅིང་། བསྲུང་སྡོམ་གྱི་ཚུལ་དེ་དག་མ་ཉམས་པ་དག་པར་ཐུབ་པར་བསྲུང་བའོ།

རབ་བྱུང་དག་པའི་སྡེ་པས་ནི། བསྲུང་བྱ་ཕྱི་ཚུལ་སུམ་ཅུ་རྩ་གཉིས་དང་ནང་ཁྲིམས་ཉི་ཤུ་རྩ་ལྔ་ཟུང་དུ་འབྲེལ་བ་གོང་མ་དང་མཐུན་པར་སྲུང་ལ། འཁོར་བ་ལས་རབ་ཏུ་བྱུང་ནས་བཙུན་པ་དམ་པའི་སྡེ་རུ་གནས་ཏེ་བསླབ་བྱའི་གནས་ལ་དག་པར་བརྩོན་པའོ། དེ་དག་ནི་རབ་བྱུང་གི་སྡེ་འཛིན་ཤ་སྟག་གོ

ཚུལ་ལྡན་དགེ་བསྙེན་གྱི་སྡེ་གསུམ་ལས།

དག་པ་དགེ་བསྙེན་གྱི་སྡེ་པས་ནི། བསྲུང་བྱ་ཕྱི་ཚུལ་བཅོ་ལྔ་དང་ནང་ཁྲིམས་གཏན་ཁྲིམས་སྣ་ལྔ་ཟུང་འབྲེལ་དུ་སྲུང་སྟེ། འཁོར་བའི་སྐྱེ་ཤི་སྤོང་སྟེ་དག་པ་གཤེན་གྱི་དགེ་སྤྱོད་ལ་བརྩོན་པའོ།

མ་དག་པ་འདུལ་བ་གཤེན་གྱི་དགེ་བསྙེན་གྱི་སྡེ་པས་ནི། བསྲུང་བྱ་ཕྱི་ཚུལ་བཅོ་ལྔ་དང་ནང་ཁྲིམས་གཏན་ཁྲིམས་སྣ་ལྔར་སྲུང་ཞིང་། སྤྱོད་ལམ་སྔགས་ཀྱི་རྣལ་འབྱོར་ལ་བརྩོན་ཏེ་མ་རྟོགས་ལོག་རྟོག་གི་སྟོབས་གཞོམ་པར་མཛད་དེ་བསྟན་པ་སྲུང་བའོ།

རང་རྒྱུད་སྦྱོང་བ་དགེ་བསྙེན་གྱི་སྡེ་པས་ནི། བསྲུང་བྱ་ཕྱི་ཚུལ་བཅོ་ལྔ་དང་ནང་ཁྲིམས་གཏན་ཁྲིམས་སྣ་ལྔ་ཟུང་འབྲེལ་དུ་གོང་ལྟར་སྲུང་སྟེ། སྡིག་སྒྲིབ་སྤོང་སྟེ་རྣམ་དཀར་དགེ་ཚོགས་ལ་འབད་པའོ། སྡེ་པ་འདི་གསུམ་ནང་གསེས་ལ་གཞུང་གི་དངོས་བསྟན་ལྟར་ན་འབྱེད་བྱེད་ཀྱི་ཁྱད་པར་དེ་ཙམ་མི་སྣང་།         

          དགེ་བསྙེན་གྱི་སྡེ་པས་ནི་མགོའི་སྐྲ་བཞར་བ་དང་ན་བཟའ་གོས་རྣམ་གསུམ་བགོ་དགོས་པར་སྣང་། ཚུལ་གོས་གསུམ་མམ་ན་བཟའ་གོས་གསུམ་ནི། སྟོད་གོས་དང་། རྨད་གོས། སྨད་ཤམ་དང་གསུམ་མོ།

ཚུལ་ཞུགས་དགེ་ཚུལ་གྱི་སྡེ་གསུམ་ལས།

བྱམས་པ་དགེ་ཚུལ་གྱི་སྡེ་པས་ནི། ཕྱི་ཚུལ་ནང་ཁྲིམས་དགེ་ལ་འདུན་ཞིང་སྡིག་ཚོགས་ལས་བྱོལ་བ་སྟེ། སེམས་བསྐྱེད་མ་བཞིའི་སྡོམ་པ་ནོས་ཤིང་དེའི་རྒྱུན་ལ་གནས་པའོ།

འདིར་སེམས་བསྐྱེད་མ་བཞི་ནི། དཔག་ཏུ་མེད་པ་ནམ་མཁའ་ལྟ་བུའི་སེམས་བསྐྱེད། ཟད་པ་མེད་པ་ས་གཞི་ལྟ་བུའི་སེམས་བསྐྱེད། ཀུན་ལ་སྙོམས་པ་ཉི་མ་ལྟ་བུའི་སེམས་བསྐྱེད། རྒྱུན་ཆད་མེད་པ་ཆུ་བོ་ལྟ་བུའི་སེམས་བསྐྱེད་དང་བཞིར་གསུངས་སོ།

སྦྱིན་པ་དགེ་ཚུལ་གྱི་སྡེ་པས་ནི། སྔར་ལྟར་སེམས་བསྐྱེད་མ་བཞིའི་སྡོམ་པ་དང་དགེ་སྡིག་བླང་དོར་གྱི་གནས་ལ་ཚུལ་བཞིན་གནས་ཤིང་། མཆོད་སྦྱིན་གཏོང་བའི་དགེ་ཚོགས་ཀྱི་རྒྱུན་ལ་ཞུགས་ཤིང་བརྩོན་པར་མཛད་པའོ།

ཞི་བ་དགེ་ཚུལ་གྱི་སྡེ་པས་ནི། སྔར་ལྟར་སེམས་བསྐྱེད་ཀྱི་སྡོམ་པ་དང་དགེ་སྡིག་བླང་འདོར་གྱི་གནས་ལ་ཚུལ་བཞིན་སྤྱོད་ཅིང་། ཕྱིའི་ངང་ཚུལ་ཞི་ལ་རྒྱུད་དུལ་བའི་མཛད་སྤྱོད་གྱི་རྒྱུན་ལ་ཞུགས་པའོ།

དེ་ཡང་དགེ་ཚུལ་སྡེ་གསུམ་འདི་དག་ནི་རྩ་བའི་ཁྲིམས་སྡེ་བཞི་ཡི་དགེ་བསྙེན་གྱི་སྡེ་ཁོངས་ལས་ཕྱེས་པས་དགེ་བསྙེན་གྱི་བསྲུང་སྡོམ་དབོག་དགོས་པར་འབྲེལ་ཡང་ཚུལ་ཁྲིམས་འབོགས་པའི་སྐབས་སུ་དགེ་བསྙེན་ལས་ཟུར་དུ་བཏོན་ཏེ་བསྙེན་གནས་དང་ལྷན་དུ་སེམས་བསྐྱེད་མ་བཞིའི་སྡོམ་པ་དང་མི་དགེ་བཅུ་སྡོམ་དང་དགེ་བཅུ་དང་བླང་གི་བསླབ་བྱ་ལས་མ་གནང་བས་སྡེ་པ་འདི་གསུམ་དགེ་བསྙེན་པ་དང་བསྙེན་གནས་པ་གང་གི་སྡེ་ཁོངས་སུ་འོས་མིན་དཔྱད་བྱའི་གནས་སུ་ལྷག་པར་སྣང་། དེ་ལྟར་ན་རང་ལུགས་ལ་དགེ་ཚུལ་བ་ནི་དེ་གཉིས་གང་རུང་ངེས་པས་ཁྱིམ་པའི་སྡེ་རུ་གཏོགས་པར་མངོན་ན་ཡང་གཞན་སྡེའི་ལུགས་ལའང་དགེ་ཚུལ་བ་ནི་རབ་བྱུང་བ་ཡིན་དགོས་པར་འདོད་དོ།

ཡན་ལག་གཏན་སྲུང་གི་སྡེ་པ་གསུམ་ལས།

སྨེ་བ་གཏན་སྲུང་གི་སྡེ་པས་ནི། བསྲུང་བྱའི་དམ་ཚིག་ནི། གཡུང་དྲུང་གནས་བཞི་དང་བླ་མེད་སྡེ་གསུམ་ལ་སྐྱབས་སུ་འགྲོ་ཞིང་དེའི་བསླབ་བྱ་དམ་ཚིག་ལ་གནས་ཏེ་སྲོག་གཅོད་ཀྱི་སྡིག་ལས་དང་མང་ཐུན་གྱི་ཤ་གཏན་ནས་སྤངས་པར་མཛད་པའོ།

འཆལ་བ་གཏན་སྲུང་གི་སྡེ་པས་ནི། གཡུང་དྲུང་གནས་བཞི་དང་བླ་མེད་སྡེ་གསུམ་ལ་སྐྱབས་སུ་འགྲོ་ཞིང་དེའི་བསླབ་བྱ་དང་དམ་ཚིག་ལ་གནས་ཏེ་འཆལ་བྱེད་ཀྱི་ཡུ་ཏིའི་ཆང་གཏན་སྤངས་མཛད་པའོ།

དྲི་མ་གཏན་སྲུང་གི་སྡེ་པས་ནི། གཡུང་དྲུང་གནས་བཞི་དང་བླ་མེད་སྡེ་གསུམ་ལ་སྐྱབས་སུ་འགྲོ་ཞིང་དེའི་བསླབ་བྱ་དང་དམ་ཚིག་ལ་གནས་པ་གོང་ལྟར་ལ། རྨོངས་འཐིབས་ཀྱི་སྒོག་ཙོང་གཏན་ནས་སྤངས་པའོ།

སྡེ་པ་འདི་གསུམ་རྩ་བའི་སྲུང་སྡོམ་ལ་ཁྱད་པར་མེད་ཀྱང་ཡན་ལག་གི་སྡེ་ལས་བསྲུང་བྱ་ཁ་ཟས་ཀྱི་ཡན་ལག་འགའ་ཞིག་གི་སྒོ་ནས་ཕྱེས་པ་ཡིན་པས་ཡན་ལག་གཏན་སྲུང་གི་སྡེ་ཞེས་བྱ་མོད་ཀྱང་དོན་དུ་ཡན་ལག་འགའ་ཞིག་ཏུ་གྱུར་པས་སྤྱི་མིང་སྒོས་ལ་བཏགས་པ་ཞིག་སྣང་།

ཡན་ལག་དུས་འཛིན་གྱི་སྡེ་གསུམ་ལས།

ཡན་ལག་བརྒྱད་པའི་སྡེ་པས་ནི། སེམས་བསྐྱེད་ཀྱི་སྡོམ་པ་ནོས་ཏེ་དུས་བརྒྱད་ལ་རྩ་ལག་གི་ཁྲིམས་སྡེ་བརྒྱད་སྲུང་ཞིང་དགེ་བ་ལ་འབད་པའོ།

ཡན་ལག་གསུམ་པའི་སྡེ་པས་ནི། སེམས་བསྐྱེད་ཀྱི་སྡོམ་པ་ནོས་ཏེ་ཉ་གསུམ་ལ་རྩ་བ་དང་ཡན་ལག་གི་བསྲུང་ཁྲིམས་བརྒྱད་དག་སྲུང་མཛད་པའོ། 

ཡན་ལག་གཅིག་པའི་སྡེ་པས་ནི། སེམས་བསྐྱེད་ཀྱི་སྡོམ་པ་ནོས་པ་གོང་ལྟར་ཡིན་ལ། ཚེས་བཅོ་ལྔ་ལ་བསྙེན་གནས་ཡན་ལག་བརྒྱད་ཀྱི་སྡོམ་ཁྲིམས་རྣམས་སྲུང་བའོ།

སྡེ་པ་འདི་གསུམ་ལ་ཡན་ལག་བརྒྱད་དང་གསུམ་དང་གཅིག་པའི་སྡེ་ཞེས་བྱ་བ་ནི་བསྲུང་བྱའི་སྡོམ་པ་ཡན་ལག་བརྒྱད་དག་ལས་སྣོན་དབྲི་ཡོད་པའི་དོན་དུ་མི་གོ་བར་འདི་དག་དུས་ཁྲིམས་ཡིན་པས་སྲུང་སྐབས་ཐུན་དུས་ཡན་ལག་མང་ཉུང་གི་ཁྱད་པར་གྱིས་ཡན་ལག་དུས་འཛིན་གྱི་སྡེའམ་ཡན་ལག་གཅིག་པའི་སྡེ་ཞེས་སོགས་གསུངས་པར་སྣང་ངོ་།

དེ་ལྟར་ཉིང་ལག་ཉི་ཤུ་རྩ་བཞི་སྟེ་དེ་དག་ཀུན་ལ་སྤྱི་རུ་རྒྱུག་པའི་དུས་ཆེན་གྱི་སྡེ་དང་བཅས་པ་ལ་ཡང་དག་འདུལ་བའི་ཁྲིམས་སྡེ་ཉི་ཤུ་རྩ་ལྔ་པ་ཞེས་བྱའོ།། དུས་ཆེན་གྱི་སྡེ་ནི། ལ་ལས་སྟོན་པ་སྔ་མའི་བསྟན་པ་ལ་ཚོགས་བསགས་ནས་ཕྱི་མའི་ཞལ་མཐོང་བ་ནས་སངས་རྒྱས་པར་འདོད་པ་ལ་བཞེད་ཀྱང་མཛད་མདོ་ལས་ཀུན་ལ་སྤྱི་རུ་རྒྱུག་པ་ཞིག་གསུངས་པས་དམིགས་བཀར་གྱི་སྡེ་འཛིན་པ་ཞིག་མེད་པ་ལྟར་བསྟན་པར་སྣང་བས་དཔྱད་པར་བྱའོ།།

དེ་ལྟར་འ་བུ་ཅག་གིས་ལོངས་སུ་སྤྱོད་བཞིན་པའི་ད་ལྟའི་སོ་ཐར་སྡེ་བཞིའམ་རིགས་བརྒྱད་ཀྱི་བསྲུང་ཁྲིམས་འདི་དག་ནི་དུས་འདི་ནས་ཇི་སྲིད་འཚོ་བའི་བར་དུ་བཅའ་གཞི་འབོགས་བཞིན་པའི་ལུགས་འདི་ནི་སྟོན་པ་ཁྲི་གཙུག་རྒྱལ་བས་སྤྱོད་པ་མས་འཛེག་སྤང་ལམ་འདུལ་བ་མདོ་ཡི་ལུགས་ལྟར་མཛད་ནས་བཅའ་གཞི་འབོགས་པའི་ལུགས་ཡིན་པར་འགྲེལ་མཛད་མང་ལ། དེའི་ཁུངས་ནི་མཛད་མདོ་རྒྱས་པའི་བསྲུང་ཁྲིམས་རྩ་ལག་གི་མདོ་དག་ཡིན་པར་བཤད་ཀྱང་དེ་དག་ལས་བསྲུང་ཁྲིམས་ཀྱི་བཅའ་གཞི་འབོགས་ཚུལ་ནི། བྱང་སྡོམ་གྱི་བཅའ་གཞི་འབོགས་ཚུལ་ལྟར་བདག་མིང་འདི་ཞེས་བགྱིད་པ་ནས་ནམ་སྙིང་པོ་བྱང་ཆུབ་མ་ཐོབ་བར་དུ་ལེན་པའི་ལུགས་སུ་མཛད་པས། དེ་ལྟར་ན་བརྒྱུད་ཁུངས་སྟོན་པ་སངས་རྒྱས་ཀྱི་མཛད་པ་དངོས་དང་རྒྱུད་འཛིན་རྗེས་འཇུག་དག་གི་ཕྱག་སྲོལ་བར་ལ་དང་ཐོག་བཅའ་གཞི་འབོགས་ཚུལ་ལ་ཁྱད་པར་ཡོད་པ་ལྟར་མངོན་པས་དཔྱད་གཞིགས་བྱ་དགོས་པར་འདུག

འོན་ཀྱང་མཛད་མདོ་རྒྱ་འབྲིང་བསྡུས་གསུམ་དག་སྤང་ལམ་མདོ་ཡི་བོན་སྡེ་རུ་བཞེད་པ་ལྟར་ན་བསྟན་བྱ་སོ་ཐར་གྱི་སྡོམ་པ་འབོགས་སྐབས་འདུལ་བ་མདོ་ཡི་ལུགས་སམ་སོ་ཐར་གྱི་བཅའ་གཞི་འབོགས་ཚུལ་ལྟར་མཛད་དགོས་པ་ལྟར་སྣང་ཡང་དེ་ལྟར་མ་ཡིན་པར་ཐེག་པ་གོང་མ་སྔགས་སྡོམ་འབོགས་ལུགས་ལྟར་གནང་བས་མཛད་མདོ་རྣམས་ཀྱང་ཐེག་སྒོ་གང་དུ་གཏོགས་མིན་བསྐྱར་ཞིབ་ཀྱི་སྒོ་ཞིག་ཡོད་པར་སྙམ། གཞན་ཡང་མདོ་དེ་དག་ལས་ཀྱང་སྟོན་པ་སངས་རྒྱས་ཀྱི་མཛད་པ་རྣམས་གདུལ་བྱའི་ཐེག་རིམ་ལ་མས་ནས་གོང་སྤར་གྱི་ཚུལ་དུ་རྣམ་པ་ཀུན་ཏུ་བསྟན་ཡོད་པས་ཕྱི་ནང་གསང་གསུམ་ལས་ཕྱི་རྒྱུད་སྤང་ལམ་མདོ་ཡི་བོན་སྡེ་རུ་ཡིན་ཚུལ་འཁྲུན་ཐག་ཆོད་པ་ཞིག་མི་སྣང་སྙམ། ལ་ལས་འོག་མའི་སྡེ་ཁོངས་སུ་གོང་མའི་བོན་སྡེ་འདྲེས་མར་སྟོན་པ་ཡོད་ལ་དེ་ཡང་དགོས་པ་ནི་བཀྲིད་དྲང་གི་ཆེད་དུ་ཡིན་པར་འགྲེལ་མཛད་ཀྱང་སྐབས་འདིར་ཡང་དེ་ལྟའི་སྣང་ཚུལ་ཞིག་མ་རེད་པར་སྙམ་མོ།།

 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.