གདམས་པ་ཟབ་མོའི་མགུར་དབྱངས།
སྐྱབས་རྒྱལ་བ་ཀུན་འདུས་དྲན་ཆོག་བཞིར།
གསོལ་བ་སྙིང་ཁོང་རྩེ་གཅིག་འདེབས།
བྱིན་རླབས་དབང་བཞིའི་དངོས་གྲུབ་སྩོལ།
བདག་རྒྱུད་སྨིན་ཅིང་གཞན་རྒྱུད་ཁྲོལ།
དོན་གཉིས་ལྷུན་གྱིས་འགྲུབ་པར་མཛོད།
སྙན་གསོན་དང་རིགས་ལྡན་བུ་མོ་ལགས།
བཀའ་བན་བོན་གསར་རྙིང་གསང་སེམས་དོན།
གྲངས་མང་བ་བྱེ་མའི་ལ་ཙམ་གང་།
དོན་སྙིང་པོ་རང་སེམས་ཁོ་ན་ཉིད།
འདི་གོ་བ་མང་སྟེ་མཐོང་བ་དཀའ།
དཀའ་ཡང་དཀའ་སྟེ་དོན་གོ་ན།
སླ་མོ་ཨི་སྣང་རིགས་ལྡན་མ།
སྣང་བ་ཕྱི་རུ་དཔེ་མཚོན་ན།
མཐོ་ནམ་མཁའི་མཐོངས་སུ་ཡར་ལྟོས་ལ།
དངོས་པོ་ཅི་ཡང་མི་སྣང་སྟོང་།
སྟོང་ལས་གསལ་བའི་རང་བཞིན་ཅན།
ཅི་ཡང་སྟོང་ལ་ཅི་ཡང་སྣང་།
སྣང་སྟོང་དབྱེ་རུ་མ་མཆིས་མོད།
དོན་རང་སེམས་འདི་ནི་དེ་དང་མཚུངས།
དམའ་ས་གཞི་འདི་ལ་མར་ལྟོས་དང་།
བརྟན་ཅིང་གཡོ་བ་མི་སྣང་སྟེ།
ཅི་ཡང་སྟོང་ལ་ཅི་ཡང་སྣང་།
སྣང་སྟོང་དབྱེ་རུ་མ་མཆིས་མོད།
དོན་རང་སེམས་འདི་ནི་དེ་དང་མཚུངས།
རྒྱ་མཚོ་འདི་ལ་ཕར་ལྟོས་དང་།
གཏིང་ཟབ་ཅིང་ཁ་གཏིང་མི་སྣང་ཏེ།
དེ་ཅི་ཡང་སྟོང་ལ་ཅི་ཡང་སྣང་།
སྣང་སྟོང་དབྱེ་རུ་མ་མཆིས་མོད།
དོན་རང་སེམས་འདི་ནི་དེ་དང་མཚུངས།
འབབ་ཆུ་འདི་ལ་ཕར་ལྟོས་དང་།
དུས་ཀུན་རྒྱུན་ཆད་མི་སྣང་ཏེ།
དེ་ཅི་ཡང་སྟོང་ལ་ཅི་ཡང་སྣང་།
སྣང་སྟོང་དབྱེ་རུ་མ་མཆིས་མོད།
དོན་རང་སེམས་འདི་ནི་དེ་དང་མཚུངས།
རི་བོ་འདི་ལ་ཕར་ལྟོས་དང་།
བརྗིད་ཅིང་འགྱུར་བ་མི་སྣང་ཏེ།
དེ་ཅི་ཡང་སྟོང་ལ་ཅི་ཡང་སྣང་།
སྣང་སྟོང་དབྱེ་རུ་མ་མཆིས་མོད།
དོན་རང་སེམས་འདི་ནི་དེ་དང་མཚུངས།
དཔེ་དང་དོན་གཉིས་ཨི་མཚུངས་ལགས།
དོན་རང་སེམས་འདི་ལ་ཚུར་ལྟོས་དང་།
སྟོང་ལས་གསལ་བའི་རང་མདངས་ཅན།
དེ་ཅེར་གྱིས་ལྟོས་ལ་ཅོག་གེར་ཞོག
བཞག་ཐོག་དེར་འཛིན་མེད་ཁྲོལ་ལེར་ཤིག
དཔེ་སོགས་ཁུར་ཐག་བབ་པའམ།
མེ་ལོང་ཐང་ལ་བཀྲམ་པ་ལྟར།
དེ་ལྟ་བུ་ཨེ་འདུག་རང་ལུགས་ལྟོས།
སྒོམ་འཛིན་བྱ་ར་མ་དགོས་ན།
དེའི་ངང་སྒོམ་མེད་ཡེངས་མེད་སྐྱོངས།
རིག་པའི་གསལ་མདངས་མ་ནུབ་ན།
འགྱུ་བའི་ཕྲེང་རྒྱུན་ཁུངས་མེད་སྟོར།
སྤྲོས་བྲལ་ཉམས་ལེན་ཚུར་སླེབ་ན།
འཇོག་བཤིག་སྐབས་འགར་ཡ་ཟུང་ཙམ།
མཐས་ལྡིང་བྱུང་དུས་མ་གཏོགས་པའི།
སེམས་མ་ཡེངས་དྲན་འཛིན་མ་བསླད་ངང་།
དོན་ངང་ཐག་ངང་སྐྱོང་ཁོ་ནས་རུང་།
ཡེངས་ཤོར་ན་དུམ་བུ་རྒྱུན་འཐུད་གནད།
མ་ཡེངས་རང་ལུགས་ངང་དུ་སྐྱོངས།
ལྟ་བ་ནམ་མཁའི་སྟོང་པ་ལ།
ཕྱོགས་ལྷུང་སྤྲིན་གྱིས་མ་སྒྲིབ་དགོས།
བློ་བཅོས་བྲལ་བའི་སྒོམ་པ་དེ།
མཁའ་ལ་ཁྲི་གདུགས་ཤར་བ་བཞིན།
གསལ་དྭངས་སྒྲིབ་ཏུ་མེད་པར་དགོས།
གང་བསྐོར་བདེ་བའི་སྤྱོད་པ་དེ།
བར་སྣང་མདུང་བསྐོར་ལྟ་བུ་རུ།
དགྲ་གཉེན་རེ་དྭོགས་བྲལ་བར་དགོས།
ཐེ་ཚོམ་བྲལ་བའི་འབྲས་བུ་དེ།
མགྲོན་པོ་རང་ཡུལ་སླེབ་པའམ།
མ་བུ་ལྷན་ཅིག་འཕྲད་འདྲ་དགོས།
རང་སེམས་ངོ་བོ་མཐོང་བ་ན།
ལྟ་བ་དེ་ལས་ཅི་མི་སྣང་།
ལྟ་བའི་དོན་ལ་མ་ཡེངས་ན།
སྒོམ་པ་དེ་ལས་ཅི་མི་སྣང་།
དོན་ལས་མི་འདའ་གང་སྤྱོད་པ།
སྤྱོད་པ་དེ་ལས་ཅི་མི་སྣང་།
འཁོར་འདས་རེ་དྭོགས་བྲལ་བ་ན།
འབྲས་བུ་དེ་ལས་ཅི་མི་སྣང་།
སྣང་བ་ཐམས་ཅད་སེམས་སུ་ཤེས།
སེམས་ཉིད་སྟོང་གསལ་བདེ་བ་ཆེ།
ཡིད་སྨོན་ཕྱོགས་འཇོག་མ་ཡིན་པར།
ཡིད་ཆེས་བློ་ཐག་ཆོད་པ་ན།
སྣང་སེམས་གཅིག་ཏུ་འདྲེས་པ་ཡིན།
ཨི་གོ་སེམས་ཀྱི་དཀྱིལ་དུ་ཞོག
དེ་རྒྱུན་ཆད་མེད་པའི་བརྩོན་འགྲུས་བསྐྱེད།
ཚེ་གཅིག་སངས་རྒྱས་ཐོབ་པར་གྱིས།
མི་ཚེ་མི་རིང་བར་སྣང་གློག
ལོང་མེད་རྒྱུད་ལ་མ་བརྗེད་ངོས།
ཉིན་མཚན་བར་མེད་དགེ་སྦྱོར་གྱིས།
འདོད་དོན་རྩ་བ་དེ་ཀ་རང་།
མཐར་འུ་ཅག་ཕ་བུ་ལྷན་གཅིག་ཏུ།
ང་ཁྱོད་བདག་འཛིན་བྲལ་བའི་ངོས།
ཕྱམ་གཅིག་རྫོགས་སངས་རྒྱས་པར་ཤོག
།ཅེས་པ་སྤ༵་སྟོ༵ན་ཉི༵་མ༵་འབུ༵མ་གས༵ལ་མཆོག་ལ་སློབ་མ་དཀོན་མཆོག་མཚོ་མོས་ཉམས་ལེན་གྱི་རྟོགས་འབུལ་མང་དུ་ཞུས་མཐར་མགུར་ཞིག་སྩལ་གྲུབ་པར་ཕུར་ཚུགས་སུ་གསོལ་བ་བཏབ་ངོར་འདི་ལྟར་གསུངས་སོ།