ཟིན་བྲིས་ལི་ཐོ།
སྒྲིག་འཇུག...

སྤྱི་བསྒྲགས།
སྒྲིག་འཇུག...

ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...

ཟིན་ཐོ་གསར་བ།
སྒྲིག་འཇུག...

དཔྱད་གཏམ་གསར་བ།
སྒྲིག་འཇུག...

ཆེམས་གསར་བ།
སྒྲིག་འཇུག...

འཚོལ་བཤེར།

སྦྲེལ་མཐུད།

ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 

སྤ་སྟོན་ཉི་མ་འབུམ་གསལ་གྱི་རྣམ་པར་ཐར་པ། 
[ 2012/7/27 15:19:00 | By: ཀུ་ས་ལི། ]
 

 

སྤ་སྟོན་ཆེན་པོ་སེམས་དཔའ་སུརྱ་ཁ་རིའི་རྣམ་ཐར་

ཐོས་ལྡན་དད་པའི་རྒྱུན་བཟང་།།

།།བསམ་བརྗོད་མཚན་མའི་མཐའ་བྲ༵ལ་བྲ༵ལ་འབྲས་ཡུམ་ཆེན་བོ༵ན་གྱི༵་སྐུ།
།།མ་འགག་མཚན་དཔེའི་དཔལ་བརྟ༵ན་བརྟ༵ན་བརྗིད་ལྔ་ལྡན་རྫོ༵གསཔ༵འི་སྐུ༵
།།མ་ངེས་སྣ་ཚོགས་སྐུར་སྟོ༵ན་སྟོ༵ན་མཆོག་ཅིར་ཡང་སྤྲུ༵ལ་པ༵འི་སྐུ༵
།།སྐུ་གསུམ་མངོན་གྱུར་རྒྱལ་འཕ༵གས་འཕ༵གས་མཆོག་སེམ༵ས་དཔ༵འི་ཚོ༵གས་ལ་འདུད།།

།།ང༵ས་པོ༵་འབུ༵མ་ཁྲི༵འི་ཐབས་ཐུགས་མཁའ་ཡངས་ལས།།
།།  བསྐལ་ངན་དུཿཁའི་སྨག་རུམ་སེལ་བའི་གཉེན།།
།།   གྲུབ་རིག་སྤ༵་ཡི་ཉི༵ན་བྱེ༵ད་འབུ༵མ་གས༵ལ་བ།།
།།   གདུང་རབས་རིམ་བྱོན་རྣམས་ལ་ཕྱག་བགྱིད་དོ།།

 

དེ་ལ་སྤྱིར་བླ་མ་བསྟེན་པའི་ཕན་ཡོན་གྱི་འགྱུར་ཁྱད་དང་མ་བསྟེན་པའི་ཉེས་དམིགས་ཀྱི་རྣམ་སྨིན་རགས་བསྡུས་ཙམ་ཞིག་ལུང་གིས་ཇི་ལྟར་བསྟན་པ་དང་། རང་གིས་གོ་བློར་ཤར་བ་ཅུང་ཟད་འགོད་པ་ལ། དེ་ཡང་བླ་མ་བསྟེན་པའི་ཕན་ཡོན་གྱི་འགྱུར་ཁྱད་ནི། རྒྱུད་ལས། བསྐལ་པ་སྟོང་གི་སངས་རྒྱས་ཀྱང་། བླ་མ་དག་ལ་བསྟེན་ནས་བྱུང་། ཞེས་དང་། གཞན་ཡང་ལྷ་སྐུ་བྱེ་བ་སྟོང་བསྒོམ་པས། བླ་མ་ལན་གཅིག་དྲན་པས་མཆོག རྫོགས་རིམ་ལོ་གྲངས་མང་སྒོམ་པས། བླ་མར་ཐུགས་ཡིད་བསྲེས་པ་མཆོག ཅེས་དང། ཡང་བསྐྱེད་རིམ་སྒོམ་པ་མང་ལགས་ཀྱང་། བླ་མ་སྒོམ་པའི་གོང་ན་མེད། རྫོགས་རིམ་སྒོམ་པ་མང་ལགས་ཀྱང་། བློ་ཁེལ་ལིང་སྐྱུར་གོང་ན་མེད། ཅེས་ལུང་དུ་མ་ནས་ལན་གྲངས་གཅིག་ཙམ་མ་ཡིན་པ་ཡང་ཡང་ནན་ཏན་དུ་གདམས་སོ། རིག་པས་ཀྱང་བསྐལ་ངན་སྙིགས་མ་ལྔ་བདོའི་འགྲོ་བ་རྣམས། ཉོན་མོངས་ཁ་རགས་ཤིང་འདུ་འཛིས་བསླུ་བ་ཆེས་མང་བས། སྤངས་རྟོགས་མཐར་ཐུག་གི་སངས་རྒྱས་དམ་པ་མདུན་སར་ཕེབས་ཀྱང་། ཞལ་མི་འཚོ་བར་ཡིན་གཤིས། དེས་ན་རང་གི་ལས་སྐལ་དུ་སྨིན་པ་རིགས་མཐུན་ལྟར་བྱོན་པའི་དཔོན་གསས་བླ་མ་དམ་པ་གང་དག་ཏུ་མི་ཕྱེད་དད་འདུན་གྱིས་ཞབས་པད་སྤྱི་བོའི་གཙུག་ཏུ་བཀུར་ན། གང་གིས་ཐུགས་མཁྱེན་བརྩེ་ཟབ་མོས་ཉེ་བར་གཟིགས་ཏེ། ཕྱི་ནང་མདོ་རྒྱུད་རྒྱ་མཚོ་ལྟ་བུའི་དྲང་ངེས་ཀྱི་གདམས་པ་རྣམས་མངོན་མཐོ་དང་ངེས་ལེགས་ཀྱི་འཇུག་སྒོར་སྟོན་ཞིང་།        བླང་འདོར་གྱི་གནས་ལུགས་མ་རྨོངས་པར་མཐར་ཐུག་པ་ཡོང་བའི་ཕྱིར་རོ། བླ་མར་མ་བསྟེན་ཞིང་དེ་ལ་བཀའ་བཅགས་ཐུགས་དཀྲུགས་ལོག་ལྟ་སྒྲོ་བསྐུར་སོགས་ཀྱི་ལས་ངན་བསག་ན་ཉེས་དམིགས་ཀྱི་རྣམ་སྨིན་ནི། རྒྱུད་ལས། གང་གིས་ཚིགས་བཅད་གཅིག་འཛིན་པ། དེ་ཡིས་བླ་མར་མ་བཀུར་ན། ཁྱི་ཡི་སྐྱེ་གནས་བརྒྱར་སྐྱེ་ཞིང་། སྨེ་ཤ་ཅན་དུ་སྐྱེ་བར་འགྱུར། ཞེས་དང་། གཞན་ཡང་། བླ་མ་ལ་ཁྲོས་སྐད་ཅིག་གྲངས། བསྐལ་པར་དམྱལ་བར་གནས་དགོས་ཤིང་། གཉིད་དང་འདུ་འཛི་རྣམས་སྤོང་ཞིང་། བསྐལ་པ་བྱེ་བར་བསྒྲུབ་བྱས་ཀྱང་། འབྲས་བུ་མི་ཐོབ་ངན་འགྲོར་འགྲོ ཞེས་སོགས་དེ་ལྟར་བཀའ་ལུང་ཀུན་ནས་དུ་མར་གསུངས་པས་ངེས་སོ། རིག་པས་ཀྱང་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་སྒྲུབ་ཐབས་ཟབ་མོ་དག་ཐེག་པ་རང་རང་གི་སྒོ་དང་བསྟུན་པའི་བླ་མ་དམ་པ་དག་གི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་ཡོང་དགོས་ཀྱང་། དཔོན་གསས་དེ་དག་ལ་ལོག་ལྟ་དང་སྒྲོ་སྐུར་སོགས་ཀྱིས་རིང་དུ་དོར་ནས། དེ་ལས་ལམ་ལེགས་པར་སྒྲུབ་པའི་ཐབས་གཞན་ན་རྙེད་ཐབས་མེད་པ་ནི་རྒྱུ་འབྲས་རྟེན་འབྱུང་གི་རང་གཤིས་སུ་གནས། དེའི་ཕྱིར་རང་ཉིད་ཀྱང་རྣམ་སྨིན་ངན་པའི་སྦྱོང་ཚད་ལྟར་ངན་སོང་གི་སྐྱེ་གནས་ལ་སོགས་ཡང་ནས་བརྒྱུད་ཅིང་། གང་དུའང་སྐྱེ་བའི་སར་བསླུ་བྲིད་ཀྱི་རྐྱེན་ངན་དང་འཕྲད་ཅིང་ནད་མུག་སོགས་ཀྱིས་མནར་བ་ཟད་མི་ཤེས་པ་འབྱུང་བར་རིག་པར་བྱའོ།

།།རྣམ་ཐར་ནོར་ཕྲེང་ཟབ་ཡངས་མཚོ་མོའི་ཁྱོན།།

།།ཐུན་མོང་སྤྱད་བྱར་དུས་ཁོམ་མི་ལོང་བས།།

།།དེ་ལས་ཆུ་ཐིག་ཟེགས་མ་སྐྱོགས་གང་ཙམ།།

།།སྐལ་ལྡན་དད་གུས་གསོས་སུ་འདིར་འགོད་ཞུ།།

ད་ནས་སྐབས་ཀྱི་བཤད་བྱ་དངོས་ལ་འཇུག་པ་ནི། ཇི་སྐད་དུ། སྟག་ལ་མེ་འབར་སྤྲུལ་པ་ལ། ཐུགས་རྗེ་ཉི་ཟླའི་མཚན་ཅན་འབྱུང་། གྲུབ་ཐོབ་སྤ་ཡིས་བསྟན་པ་སྤེལ། ཞེས་དང་། ཤད་པུ་ར་ཁུག་སྤྲུལ་པ་ནི། སྤ་ལ་ཉི་མའི་མཚན་ཅན་འབྱུང་། ཞེས་སོགས་གསང་བའི་ལུང་དུ་མས་ཟིན་ཅིང་བསྟན་པ་དེ་བཞིན་དུ་མཚན་བརྗོད་པར་དཀའ་བ་རབ་འབྱམས་རྒྱལ་བ་ཐམས་ཅད་ཀྱི་མཁྱེན་བརྩེ་ཡེ་ཤེས་གཅིག་ཏུ་བསྡུས་པ། སྤ་སྟོན་ཆེན་པོ་སེམས་དཔའ་སུརྱ་ཁ་རིའམ་ཉི་མ་འབུམ་གསལ་དབང་གི་རྒྱལ་པོ་མཆོག་ནི། ཞང་ཞུང་སྒོ་ཕུག་བར་གསུམ་ལས་སྒོ་པའི་ས་གནས། ཡུལ་ཆེན་བཅོ་བརྒྱད་ཀྱི་ནང་ཚན། ཧོར་ཡུལ་གནས་མཆོག་གྱིམ་ཤོད་ཤེལ་བྲག་ཚལ་སྤུ་རྒྱལ་གངས་བཟང་དང་འདབ་འབྲེལ་བའི་སེ་ཆེན་རྒྱལ་པོའི་མངའ་རིས་སུ་ཡུལ་ལྷའི་རྟེན་རི་ཆེན་པོ་སྲང་གི་བོན་ཚ་ཁྲ་ཡུ་བྱ་བའི་ཉེ་ཆར། བྲིས་རྒྱང་ད་བྲག་དམར་པོའི་ཞོལ་འདབས་སུ་བཞུགས་གཞིས་ཆགས་བཏབ་པའི་གདན་ས་དེར། ཡབ་གྲུབ་རིག་སྤ་ཡི་གདུང་རྒྱུད་འཛིན་པ་ནམ་མཁའ་ཏིང་འཛིན་མཆོག་ནི་སྣང་སྟོན་ཟླ་བ་རྒྱལ་མཚན་མཆོག་གི་དྲུང་ནས་ཨ་ཁྲིད་ཐིག་ལེ་ཉག་གཅིག་གི་གདམས་པ་གསན་པས། རྟོགས་པ་མཐར་ཕྱིན་ཏེ་དོན་དགོངས་པ་ནམ་མཁའ་ལྟར་ཡངས་པའི་ཏིང་འཛིན་ལ་དབང་འབྱོར་བ་དང་ཡུམ་གྷ་རུ་བཟའ་མཚོ་སྨན་ནི་ཆུང་ངུ་ནས་རྒྱུ་འབྲས་བླང་འདོར་ལ་ཞིབ་ཅིང་དཀོན་མཆོག་ལ་དད་པ་དང་བྱམས་སྙིང་རྗེས་ཕྱུག་ཅིང་ཡ་རབས་བཟང་སྤྱོད་དང་ལྡན་པ་ཞིག་ཡོད། ཡབ་ཡུམ་དེ་གཉིས་ཀྱི་སྐུ་ཡི་སྲས་སུ། དུས་རབས་༡༩ པའི་དུས་དཀྱིལ་ཏེ། སྤྱི་ལོ་༡༨༥༤ ལོར་རབ་བྱུང་༡༤ པའི་ཤིང་ཕོ་སྟག་གི་ལོར། ཟླ་ཚེས་བཟང་པོར་ཡུམ་ལ་སྙུན་གཞིའི་སྣང་བ་ཅི་ཡང་མེད་པར་སྐུ་མཆོག་མངོན་པར་བཞད། དམ་པ་དེ་ཉིད་ཡུམ་གྱི་སྐུ་ལུས་ལ་བལྟམས་པའི་དུས་སུ། ཡབ་ཡུམ་གཉིས་ལ་རྨིས་ལྟས་དགེ་བའི་རྟགས་བཟང་པོ་མང་པོར་བྱུང་། དེ་ཡང་ཡབ་ཀྱི་རྨི་ལམ་ལ། ཁྱེའུ་དཀར་པོ་ཞལ་མཛེས་འཛུམ་དང་ལྡན་པ། མདངས་དང་གཟི་བརྗིད་རབ་ཏུ་རྒྱས་པ་དར་གྱི་ལའུ་བསྣམས་པ་ཞིག་གིས། ཞལ་ནས་འདི་སྐད་ཅེས་གསུངས་ཏེ།

                        ༈སྐལ་ལྡན་རིགས་མཆོག་སྙན་གསོན་ལ།

།།སྔོན་ཚེ་བསོད་ནམས་བསགས་པའི་སྟོབས།

།།ད་ལྟ་དངོས་སྨིན་ཡིད་བཞིན་ནོར

།།ལག་ཏུ་འབྱོར་བས་ཡིད་རབ་སྤྲོ།

།།སྨོན་ལམ་གང་བཏབ་འགྲུབ་པར་ངེས།

།།ཁྱོད་ཀྱི་རིགས་སྲས་ཆུང་བ་འདི།

།།དུས་གསུམ་མི་ནུབ་གསང་བའི་མཚན།

།།བསྟན་འཛིན་གྲགས་པ་ཐོགས་ཤིག་གུ།

ཞེས་ཀྱང་ལུང་བསྟན་གནང་། དེ་ཚེ་ཡུམ་ཡང་དེ་སྔོན་ནས་མི་འདྲ་བའི། སྐུ་ལུས་ཤིན་ཏུ་ཡང་བ་དང་། གཟི་མདངས་རྒྱས་པ་དང་། སྣང་བ་དྭངས་ཤིང་སྤྲོ་བའི་ཉམས་དངོས་སུ་ཤར་ཞིང་ཐམས་ཅད་ཡིད་དུ་འོང་བའི་རྣམ་འགྱུར་དུ་མ་དང་ལྡན་པའི་དགེ་ལྟས་བཟང་པོ་དུ་མར་བྱུང་། དེ་ཡང་རྗེ་དམ་པ་དེ་ཉིད་ཀྱི་ཉམས་སྣང་ལ་ནུབ་ཕྱོགས་མཁའ་སྤྱོད་གཡུང་དྲུང་སྤུངས་པའི་ལྷོ་ནུབ་ཏུ་ཨོ་རྒྱན་གསང་བ་ཆེན་པོའི་དུར་ཁྲོད་ནས། བོད་ཡུལ་གྱི་འགྲོ་བ་འདུལ་ཕྱིར་རྒྱལ་བ་རྣམས་ཀྱི་བཀའ་ཡིས་མངགས་ཏེ་ལྷུམས་སུ་ཞུགས་སྣང་ཤར་བར་གསུངས། གོང་གི་ལུང་དོན་ཇི་བཞིན་དུ་མཚན་ལ་བསྟན་འཛིན་གྲགས་པར་གསོལ་ཞིང་དབང་བསྐུར་དང་། མངའ་གསོལམཛད་དོ། ཡབ་ཀྱི་གཞིས་ཡང་དེ་ཡན་ཆད་རྒྱ་ཆེན་པོ་ཞིག་མིན་ཀྱང་། དམ་པ་དེ་ཉིད་སྐུ་འཁྲུངས་པ་ཚུན་ལོངས་སྤྱོད་སོགས་རབ་ཏུ་རྒྱས་པར་གྱུར་ཏོ། རྗེ་དམ་པ་ཉིད་ཀྱི་མཚན་ལྟས་ལ་སྐུ་ཤའི་མདངས་དམར་ལ་སྨུག་ཅིང་། སྤྱན་མིག་བཀྲ་ཧྲིག་གེར་གཟིགས་པ། ལང་ཚོ་རྣམས་སྨིན་ཞིང་། སྐུ་སྨད་ལ་སྟག་རིས་ཁྱུག་གེ་བ། གསང་བའི་ཐེ་བེར་ནི་རྟ་དང་གླང་པོ་ལྟར་སྦུབས་སུ་ནུབ་པ། སྤྱི་བོ་ནས་རྐང་མཐིལ་གྱི་བར་དུ་འཕྲུལ་གྱི་ཡིག་འབྲུ་བཞི་བཅུ་ཞེ་ལྔ་རང་བཞིན་དུ་གསལ་བར་སྣང་བ་ནི། གསང་བ་ཆེན་པོའི་ལྷ་སྐུར་འགྲུབ་པའི་བརྡ་རྟགས་སུ་གོ་ཞིང་ཤིན་ཏུ་མཚན་ལྟས་བཟང་པོ་དང་ལྡན། དེ་ཉིན་གནམ་ལ་ཉི་ཟླ་སྐར་གསུམ་ལམ་མེར་མངོན་དུ་གསལ་ཞིང་གཞའ་སྤྲིན་གྱི་གུར་ཕུབ། པུནྚ་རི་ཀའི་ཆར་བབས། བདེ་སྐྱིད་ལོ་ལེགས་ཕུན་སུམ་ཚོགས་པ་ལོ་གཞན་དང་མི་འདྲ་བ་རྫོགས་ལྡན་གྱི་བསྐལ་པ་ལྟ་བུར་གྱུར། དེ་སྐབས་སུའང་འོ་མ་མ་དཀྲུག་པའི་གོང་དུ་རྩི་བཅུད་རང་ཤུགས་ཀྱིས་ཆགས་ཤིང་། གཞན་ཁྱིམ་མཚེས་སོགས་ཡུལ་སྡེ་ཀུན་གྱིས། སྲས་འདི་སྐུ་འཁྲུངས་ཚེ་བཀྲ་ཤིས་པ་དང་། དགེ་བའི་རྟགས་འདི་ལྟ་བུ་དང་ལྡན་པ་མཆོག་སྤྲུལ་ཁྱད་པར་འཕགས་པ་ཞིག་ཡིན་འདུག ཅེས་ཀུན་གྱིས་གླེང་སློང་བྱུང་བ་རྣམ་ཐར་རྒྱས་པ་ལས་གསལ་ལོ། སྤྱིར་བྱིས་པ་རྣམས་ནི་ལོ་གསུམ་བཞི་ནས་བརྒྱད་དགུའི་བར་དུ་ལུང་མ་བསྟན་གྱི་ལས་རྣམ་གཡེང་དང་རྩེད་འཇོའི་འཁོར་ཡུག་ཏུ་དུས་འདའ་བར་བྱེད་པ་ནི། བྱིས་པ་ཐུན་མོང་གི་གཤིས་སུ་གྱུར་པ་ཡིན་མོད་ཀྱང་། རྗེ་དམ་པ་དེ་ནི་རང་གི་མིང་སྲིང་དང་ཁྱིམ་མཚེས་བྱིས་པ་རྣམས་ཀྱི་ལྷན་དུ་ལུང་པའི་ཕུ་མདའ་བར་གསུམ་དང་། ཆུ་གཞུང་བྲག་གསེབ་སོགས་ལ་ངེས་པ་མེད་པར་ལས་འཕྲོ་བཟང་པོའི་གཤིས་སུ་གཙུག་ལག་ཁང་དང་དགོན་པ་བཞེངས་ཚུལ། ཚོན་དང་བཙག་རྡོ་སོགས་ཀྱིས་ཁ་དོག་བསྒྱུར་ཏེ་ལྷ་སྐུ་བཞེངས་ཚུལ་དང་། གསུང་རབ་ཀློག་ཚུལ། ཏིང་འཛིན་སྒོམ་ཚུལ། དབང་ལུང་བྱེད་ཚུལ། ཡི་གེ་པོ་ཏི་བཞེངས་ཚུལ་བཅས་མཛད་པ་ནི་རྨད་བྱུང་ཐུན་མིན་གྱི་ངང་གཤིས་སུ་མཆིས། ཕ་མ་སོགས་ཀྱིས་ཡི་གེ་བསླབ་པར་མ་བསྐུལ་ནའང་འབྲི་ཀློག་ཀུན་ལ་ལས་འཕྲོ་སད་པས་མྱུར་དུ་བྱང་པར་གྱུར་པའོ།

།།རྒྱལ་བ་སྲས་བཅས་ཐུགས་བརྩེས་རྒྱུད་བསྐུལ་ཏེ།།

།།གང་འདུལ་ཐབས་སུ་སྐུ་གཅིག་མ་ངེས་པར།།

།།སྣ་ཚོགས་སྐུར་བསྟན་ཞེས་པའི་ལུང་དོན་བཞིན།།

།།ཀྱལ་ཀའི་སྣང་བར་གཡེང་བའི་ངང་ཚུལ་བསྐྱངས།།

 

རང་གཞན་གྱི་དོན་དུ་བོན་ཕྱི་ནང་གསང་བའི་དབང་ལུང་མན་ངག་གི་ཁྲིད་རིམ་བཅས་ཉམས་བཞེས་གནང་ཚུལ་བཤད་པ་ནི། དེ་ཡང་ཡབ་ནམ་མཁའ་ཏིང་འཛིན་གྱི་དྲུང་ནས་ཚེ་ཁྱུང་རྣམ་གསུམ་གྱི་དབང་ལུང་དང་། དབུ་བཙུན་རྣམ་དག་ཚུལ་ཁྲིམས་ཀྱི་དྲུང་ནས་གཤེད་དམར་དང་། ཡབ་སྲས། དབལ་གསས། སྐོང་པོད་། ཨ་སྙན་རྫོགས་གསུམ་གྱི་སྔོན་འགྲོ། དུ་ཏྲི་སུའི་གནས་འདྲེན། ཚེ་ཁྱུང་རྣམ་གསུམ། བསང་གསོལ། བོན་སྐྱོང་རིགས་མང་པོའི་དབང་ལུང་གསན། དེའི་ནང་ནས་གཤེད་དམར་ནི་སྐྱེས་རབས་གོང་མ་ནས་ཐུགས་དམ་ཡིན་པས་ཤིན་ཏུ་ཐུགས་ཀྱིས་དམ་པར་གཅེས་ཏེ། ཉིན་བཞིན་དུ་སྤྲུལ་སྐུ་བློ་ལྡན་སྙན་རྒྱུད་གཤེད་དམར་ཐུགས་ཀྱི་སྒྲུབ་པ་ནི་ཆགས་མེད་དུ་མཛད། སྐབས་དེར་བློ་བཅོས་ལྟར་མ་ཡིན་པར་དགེ་སྦྱོར་ཁོ་ན་མ་གཏོགས་འཁོར་བའི་བྱ་སྤྱོད་གང་ཡང་མི་བྱ་སྙམ་པའི་བློ་ངེས་འབྱུང་དྲག་པོ་དུང་དུང་དུ་སྐྱེས་སོ། དེ་ནས་ཡི་དམ་ཁྱུང་དམར་དྲག་པོའི་སྒྲུབ་པ་དམ་དུ་བརྩོན་སྐབས། བསྙེན་སྒྲུབ་ཀྱི་དྲོད་ཚད་རྫོགས་ཏེ་ཐོགས་མེད་ནམ་མཁར་འཕུར་ཞིང་། རི་རབ་ཀྱི་དབུ་རྩེར་དཔག་བསམ་ལྗོན་ཤིང་ངམ་ཁ་ལེ་སྟོང་འབྱམས་ཀྱི་རྩེ་མོར་བབས་ཏེ། སྲིད་གསུམ་མ་ལུས་དབང་དུ་བསྡུས་པ་སོགས་ངེས་པ་ཅན་གྱི་རྨིས་ལྟས་བཟང་པོ་དུ་མར་ཤར། དེ་ནས་སྐབས་ཤིག་ཏུ་གྲུབ་པའི་དབང་ཕྱུག་ཆེན་པོ་བསྟན་འཛིན་རིན་ཆེན་གྱི་དྲུང་ནས། སྙན་རྒྱུད་ཞི་བ་ཨ་གསལ་ཉམས་ལེན་ལྔ་སྐོར་གྱི་སྔོན་འགྲོ་དངོས་གཞིའི་ཁྲིད་དང་དབང་ལུང་རྫོགས་པར་ནོས། དེ་ནས་འགྲོ་མགོན་ཤེས་རབ་གཡུང་དྲུང་གི་དྲུང་ནས་སྟག་ལ་སྤུ་གྲི་དཀར་དམར་ནག་གསུམ་གྱི་དབང་ཆེན་རྫོགས་པར་ཞུས། དེ་ནས་ས་མོ་ལུག་གི་ལོར་དགུང་ལོ་བཅུ་དྲུག་བཞེས་ཐོག་སྤྲུལ་སྐུ་བློ་ལྡན་སྙིང་པོས་གནས་ཞལ་ཕྱེས་པའི་གནས་ཆེན་གྱིམ་ཤོད་ཤེ་ལེ་རྫོང་དྲུག་ཏུ་གནས་མཇལ་བསྐོར་ཕྱག་བརྩོན་སྐབས། བོན་ཆོས་རིག་འཛིན་ཀུན་གྱི་བཀའ་ལུང་དུ་མས་བསྔགས་པའི་གཏེར་ཆེན་མི་འགྱུར་ཚེ་དབང་གསང་སྔགས་གྲགས་པའམ་ཨོ་རྒྱན་བདེ་ཆེན་གླིང་པ་མཆོག་ཉིད་ཀྱི་གསེར་ཞལ་མཇལ། དམ་པ་དེ་ཉིད་ཐུགས་ཤིན་ཏུ་དགྱེས་མཉེས་མཛད་དེ་རིགས་ཀྱི་སྲས་མཆོག་ལས་ཀྱི་འཕྲོ་ཤིན་ཏུ་ནས་བཟང་བ། ང་དང་སྔོན་གྱི་སྨོན་ལམ་མཐུན་པར་ངེས་འདུག་གསུངས་ཤིང་དབུ་ཐོད་ཕྱག་ཕྲེང་དང་བཅས་པ་གནང་སྟེ། ཡུན་རིང་དགོངས་པ་མཛད་ཅིང་དབང་བཞི་དུས་གཅིག་ཏུ་རྫོགས་པའི་ཐུགས་བསྐྱེད་སྨོན་ལམ་རྒྱ་ཆེར་གནང་། དེ་ནས་ཡར་ཕེབས་ལམ་ཞེ་གཞུང་བྱ་བར་ཁྱུང་སྤྲུལ་ཕུན་ཚོགས་ཀྱིས་ཕྱག་བཏབ་པའི་དགོན་གནས་དེར། ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་གུ་རུ་པདྨ་འབྱུང་གནས་ཀྱི་སྐུ་སྨན་འདམ་ལས་བྱས་པ་ཞིག་ཡོད་པ་ལས། སྐུ་དེ་ཉིད་ཤེས་མེད་བེམ་སྟོང་ས་གཟུགས་ལྟར་མ་ཡིན་པ་རྒྱལ་དབང་ཆེན་པོ་འོད་ཀྱི་སྐུ་རུ་བཞུགས་པ་མངོན་གསུམ་དུ་གཟིགས་པས་རྩེ་གཅིག་དད་པའི་སྒོ་ནས་གསོལ་བ་ཕུར་ཚུགས་སུ་བཏབས། སྒོ་གསུམ་གུས་པས་ཕྱག་བཙལ་ཅིང་གདུང་བའི་མིག་ཆུ་འབྲུག་བཞིན་དུ་ཕྱག་མཚན་རྡོ་རྗེའི་དབང་ཞུས་པས། ཐུགས་ཡིད་གཅིག་འདྲེས་སུ་གྱུར་པའི་ཉམས་ཤར་བའོ། དེ་ནས་རང་ཡུལ་དུ་བཞུགས་པའི་སྐབས་ཤིག་ཏུ་ཚེ་འདིར་སྣང་བདེན་པར་མེད་པ་ལ་བདེན་པར་ཞེན་ཞིང་ཆགས་པའི།       འཇིག་རྟེན་འཁོར་བའི་བྱ་བ་དང་སྤྱོད་ལམ་ཐམས་ཅད་ལ་ཞེན་པ་གཏིང་ནས་ལོག་སྟེ། མ་དག་རྟེན་འབྲེལ་བཅུ་གཉིས་ཀྱིས་བྱས་པའི་རྟེན་འདིར། གཅེས་སྤྲས་ཇི་ཙམ་བྱས་ཀྱང་ཡུད་ཙམ་ལོང་སྐབས་རང་དབང་མེད་པར་བློ་ཐག་གཏིང་ནས་ཆོད། མི་རྟག་པ་མང་པོ་དྲན་ནས་ངེས་འབྱུང་དྲག་པོ་རྒྱུད་ལ་བརྡོལ་ཏེ། དཔལ་ལྡན་ཚེ་དབང་མཆོག་གསུམ་མིའི་ཟོལ་དུ་བསྟན་པ་ཞུ་གཡས་རྒྱལ་མཚན་ཉི་མའི་ཞབས་ལ་བཏུགས་པས་དམ་པ་དེ་ཉིད་ཀྱིས་ཀྱང་ཐུགས་ཤིན་ཏུ་ནས་དགྱེས་མཉེས་མཛད་ཅིང་དེ་རིང་ཕྱི་ནང་གི་རྟེན་འབྲེལ་ཐམས་ཅད་མ་བསྒྲིགས་ལྷུན་གྲུབ་ཏུ་བྱུང་བས་ཤིན་ཏུ་ངོ་མཚར་ཆེའོ། དུས་གནད་དང་མ་མཛོལ་བར་དགོས་ཞེས་གསུངས་ཏེ། མྱུར་དུ་ཁྲིད་གཞིའི་དབུ་བཙུགས་མཛད་ཅིང་གྲུབ་དབང་བསྟན་འཛིན་རིན་ཆེན་གྱི་དགོངས་གཏེར་དམར་ཁྲིད་དུག་ལྔ་རང་གྲོལ་ཞེས་བྱ་བར་ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྔོན་འགྲོ་བོན་བདུན་མཆོག་གི་ཉམས་ལེན་བཅུ་དྲུག་དང་། སྨིན་གྲོལ་གྱི་གདམས་པ་རྣམས་ལྷག་མ་མེད་པར་བུམ་པ་གང་བྱོའི་ཚུལ་དུ་ནོས། སྐབས་དེར་བླ་མས་ཉམས་ལེན་གྱི་གནད་མཛུབ་ཚུགས་སུ་བསྟན་པ་ལྟར་རྣམ་གཡེང་དང་ལེ་ལོའི་དབང་དུ་མ་ཤོར་བར་ཉམས་ལེན་ཧུར་བསྐྱེད་དུ་གསན་ཞིང་། རང་གི་ཉམས་ལེན་གྱི་གནད་ཇི་ལྟར་བྱུང་བ་རྣམས་བླ་མ་ལ་ཞུས་པས་དཔོན་གསས་མཆོག་ཐུགས་དགོངས་ཤིན་ཏུ་དགྱེས་ཏེ། དཱ་བུ་ཁྱོད་རྟོགས་པ་མངོན་གྱུར་གྱི་རང་ས་ཟིན་ལ་ཉེ་བ་འདུག་པར་གསུངས། དེ་ནས་ལྕགས་ཕོ་རྟ་ཡི་ལོར་དགུང་ལོ་བཅུ་བདུན་བཞེས་ཐོག་གྲུབ་ཐོབ་ཤ་བ་རིའི་སྒྲུབ་གནས་རྫོང་དཀར་ཞེས་བྱ་བའི་ཕུག་པར་གྲུབ་དབང་བསྟན་འཛིན་རིན་ཆེན་གྱི་དངོས་སློབ་ཁ་བོ་རྟོགས་ལྡན་ཤེ་ཙུ་ཝེར་ཞིའི་མདུན་དུ་ཁྲིད་སྦྱོང་ཞུས་ཏེ་དངོས་འགྲོ་དུས་བཞིར་མ་གཏོགས་མཚན་མེད་ཀྱི་ཉམས་ལེན་རྐྱང་འདེད་མཛད། སྐབས་དེར་སློབ་དཔོན་གྱིས་ཉམས་རྟོགས་ཤིན་ཏུ་ནས་བཟང་དཱ་སྙིང་རུས་ཀྱིས་སྒོམས་དང་བདག་ལྟ་བུ་མ་ཡིན་པར་སངས་རྒྱས་ཀྱི་སར་མི་རིང་བར་མྱུར་དུ་ཟིན་ཏེ་གཞན་དོན་དུ་སྨིན་གྲོལ་རྒྱ་ཆེར་ནུས་པར་འགྱུར་བར་ཐུགས་བརྩེས་བསྔགས་བརྗོད་ཀྱང་མཛད། དེ་ནས་བསྟན་དང་འགྲོ་བའི་དོན་དུ་སྤ་དགོན་གཡུང་དྲུང་རབ་བརྟན་གླིང་དུ་འདུལ་ཁང་གི་ལོགས་རིས་ཀྱི་ཆེད་དུ་རང་སྡེའི་མངའ་རིས་སུ་ཟླ་བ་གཉིས་རིང་ལྡོམ་བུར་ཕེབས་ཤིང་། དངོས་འབྱོར་ཇི་སྙེད་བསྟན་པའི་ཞབས་ཏོག་ཏུ་ཕུལ་ཏེ་དགེ་རྩ་རྣམས་འཁོར་གསུམ་མི་དམིགས་པར་རྒྱས་བཏབ་མཛད།  དེ་ནས་སྦས་ཐབས་ཀྱི་རྣལ་འབྱོར་བ་ཆེན་པོ་གཞུ་མཁན་སྒོམ་ཆེན་ཡེ་ཤེས་རྒྱལ་མཚན་གྱི་དྲུང་ནས་རྫོགས་ཆེན་ཡང་རྩེ་ཀློང་ཆེན་གྱི་སྒོ་ནས་རྩ་རླུང་དང་གེགས་སེལ་འཕྲུལ་འཁོར་བཅས་ཀྱི་ཉམས་ལེན་དང་སྤྱི་འདུལ་ཡི་དམ་རྒྱ་མཚོའི་སྐོར་གྱི་ལུང་ཞུས་ཏེ་གཞུང་མང་དུ་བསགས་སྦྱོང་མཛད། སྤྱི་འདུལ་གྱི་བོན་སྐོར་རྣམས་ཤིན་ཏུ་ནས་དད་མོས་ཆེ་བ་ནི་རང་གཤིས་ཡིན་པར་གསུངས་ཤིང་ཐུགས་དམ་གྱིས་ཉམས་བཞེས་གནང་།       དེ་སྐབས་འགྲོ་མགོན་ཚེ་དབང་རིག་འཛིན་གྱི་རྣམ་འཕྲུལ་ཤེལ་ཞིག་ཚེ་རིང་རྡོ་རྗེ་རིན་པོ་ཆེའི་དྲུང་ནས་སྤྱི་འདུལ་ཡི་དམ་རྒྱ་མཚོ་དང་རྟ་དབུ་དམར་ཆུང་གི་བོན་སྐོར་སྨིན་གྲོལ་རྣམས་ཞུས་ཏེ། སྲོག་དབང་ཆེན་མོ་བསྐུར་ཚེ་མེ་ཏོག་ནུབ་ཏུ་བབས་པས་ལྷ་སྐལ་ཁྲོ་བོ་གཙོ་མཆོག་མཁའ་འགྱིང་དུ་ངེས་ཤིང་ཡི་དམ་སྒྲུབ་པའི་ཐུགས་དམ་ཡང་ཕུལ།        དེ་ནས་སྔོན་གྱི་རིག་འཛིན་དུ་མས་ཞབས་ཀྱིས་བཅགས་ས་ཕྱིས་སུ་དབལ་བོན་སྟག་ལའི་སྤྲུལ་པ་རྟོགས་ལྡན་རི་པ་འབྲུག་གསས་ཀྱིས་གནས་སྒོ་ཕྱེས་པའི་གནས་མཆོག་ཐུགས་སྤྲུལ་ཀོང་པོ་བོན་རི་ལ་ཕྱིན་ཅིང་བསྐོར་བ་ས་བཅུ་ཙམ་མཛད་དེའི་ཚེ་ལས་སྒྲིབ་བྱང་པའི་རྨིས་ལྟས་ལ་དགེ་རྟགས་མང་པོར་བྱུང་། དེ་ནས་ལྕགས་མོ་ལུག་གི་ལོར་དགུང་ལོ་བཅོ་བརྒྱད་བཞེས་ཐོག་ཞུ་ཉི་མ་གྲགས་པས་བསྟན་བཅོས་ཁྲིགས་སུ་བསྒྲིགས་པའི་གཟུངས་སྡེ་རིན་ཆེན་འཕྲེང་བའི་དུམ་པ་དེ་བྲིས་ཏེ་དཀར་ཆག་དང་བསྔོ་སྨོན་རྣམས་ལྗགས་རྩོམ་གནང་ནས་དགེ་བ་རྫོགས་བྱང་དུ་རྒྱས་བཏབ་པར་མཛད། དེའི་དུས་སུ་ཡུལ་ལྷ་རྣམས་ཏིང་འཛིན་གྱིས་བཀུགས་ཏེ་བཀའ་བསྒོས་དམ་བཞག་བཅུགས་ཤིང་གསོལ་མཆོད་རེ་ཡང་ལྗགས་རྩོམ་གནང་། རྗེ་དམ་པ་དེ་ཉིད་སྐུ་ཆུང་ངུའི་དུས་ནས་གཞན་བསྐུལ་དང་བཅོས་མ་ལྟར་མ་ཡིན་པརཚངས་སྤྱོད་ངུར་སྨྲིག་གི་སྡེ་ལ་ཐུགས་ཀྱིས་དམ་པར་གཅེས་པས་ལོ་དེའི་སྟོན་ཁར་མཁན་ཆེན་སྐལ་བཟང་ཉི་མ་མཆོག  ཧོར་ཡུལ་དུ་ཕེབས་པའི་སྐབས་དེར་དཔོན་གསས་དེ་ཉིད་ཀྱི་དྲུང་ནས་རབ་ཏུ་བྱུང་བར་དགོངས་ཤིང་། དེའི་ནུབ་ཐོ་རངས་ཉམས་སྣང་ཤིན་ཏུ་གསལ་བ་ཞིག་ལ། མདུན་གྱི་ནམ་མཁར་འཇའ་འོད་རབ་ཏུ་བཏམས་པའི་དབུས་སུ་མཁའ་འགྲོ་མ་སྐུ་མདོག་དཀར་ཞིང་མཛེས་འཛུམ་ཀྱི་མདངས་དང་ལྡན་པ། དར་དང་རིན་ཆེན་ལ་སོགས་མཁའ་འགྲོའི་ཞི་རྒྱན་རྣམ་པར་རྫོགས་པ་ཞབས་གཉིས་བཞེངས་སྟབས་དང་།  ཕྱག་གཉིས་གར་སྟབས་ཀྱི་ཚུལ་མཛད་ཅིང་ཤིན་ཏུ་དགྱེས་ཤིང་འཛུམ་པའི་ཉམས་བསྟན་ནས་བརྩེ་བའི་ཚུལ་གྱིས་འདི་སྐད་ཅེས་གསུངས་ཏེ། མུ་དགོད་བྱ་རྒྱུ་ཡིན།

 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.