ཟིན་བྲིས་ལི་ཐོ།
སྒྲིག་འཇུག...

སྤྱི་བསྒྲགས།
སྒྲིག་འཇུག...

ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...

ཟིན་ཐོ་གསར་བ།
སྒྲིག་འཇུག...

དཔྱད་གཏམ་གསར་བ།
སྒྲིག་འཇུག...

ཆེམས་གསར་བ།
སྒྲིག་འཇུག...

འཚོལ་བཤེར།

སྦྲེལ་མཐུད།

ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 

འདུལ་བ་སྟོད་ལུགས་དང་སྨད་ལུགས་ཞེས་པའི་ཐ་སྙད་ལས་འཕྲོས་ཏེ་དེ་གཉིས་ཀྱི་བྱུང་བ་རགས་ཙ 
[ 2012/7/21 17:49:00 | By: ཀུ་ས་ལི། ]
 

འདུལ་བ་སྟོད་ལུགས་དང་སྨད་ལུགས་ཞེས་པའི་ཐ་སྙད

ལས་འཕྲོས་ཏེ་དེ་གཉིས་ཀྱི་བྱུང་བ་རགས་ཙམ་

གླེང་གཞིར་བཀོད་པ།

 

དེ་ཡང་ཐ་སྙད་དེའི་ཟུར་གྱི་སྟོད་དང་སྨད་ཅེས་པ་ནི་འདུལ་བ་དར་སའི་གནས་སྟོད་སྨད་ཀྱི་ཁྱད་པར་ལ་བསམ་སྟེ་ཕྱིས་སུ་དེ་ལྟར་དུ་བཀོལ་ཞིང་གྲགས་པ་ཡིན་པར་མངོན། ཇི་ལྟར་ན་སྟོད་ལུགས་ནི་སྔར་ཡར་ལུང་སོགས་དང་ཕྱིས་ལ་སྟོད་སོགས་ཀྱི་ཕྱོགས་སུ་དར་བའི་འདུལ་བའི་བོན་ལུགས་ལ་དེ་སྐད་དུ་གྲགས་པར་མངོན།

དེ་ཡང་བོད་རྒྱལ་ཁྲི་ཙེ་འབུམ་གྱི་རིང་དུ་སྟག་གཟིག་ནས་གྲུབ་ཐོབ་དང་ར་ཁྲི་སྙ་བྱ་བས་བོད་དུ་དར་བར་མཛད་ཅིང་འདུལ་བའི་གནས་སྡེ་ཡང་མང་དུ་བཞེངས་ཏེ་དར་རྒྱས་རྒྱ་ཆེར་བྱུང་ཡོད་ཚོད་འདུག བྱམས་མ་ལས། རྒྱལ་པོ་སྲོང་བཙན་སྒམ་པོའི་ཡབ་གནམ་རི་སྲོང་བཙན་ཡན་གྱི་རྒྱལ་རབས་བཞིའི་རིང་ལ། ངོ་མཚར་བཀའི་བོན་བཞི་དར་ཏེ། རྒྱས་པ་འབུམ། འདུལ་བ་རྒྱུད་དྲུག མངོན་པ་སྡེ་བཞི། མཚན་ཉིད་སྡེ་ལྔ་ལ་མཁས་པའི་གཤེན་ཆེན་གྲངས་མེད་བྱུང་ངོ་ཞེས་སོ།

དུས་ཕྱིས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་བོན་བསྟན་བསྣུབས་པའི་རིང་དུ་བོན་གཤེན་དཀའ་བ་རྣམ་ཁྲི་དང་། རྒྱལ་ཁྲི་བཙན་དཔལ། མཐའ་བཞིའི་བོན་པོ་ཨུ་སངས་བྱ་བ་གསུམ་གྱིས་འཕན་ཡུལ་འདུལ་བའི་བོན་སྡེ་རྟ་དྲེལ་དྲུག་གི་ཁལ་དུ་བཀལ་ཏེ་སྟག་གཟིག་ཏུ་བྲོས་པར་བཤད་ཀྱང་བོད་ས་ཡོངས་སུ་མ་ནུབ་པར་སྣང་སྟེ་མཚེ་བོན་དོན་གྲུབ་དང་རྣོ་བོན་སྣང་ལྡན། སྔགས་བོན་མངའ་བསྙེམས་བྱ་བ་གསུམ་གྱིས་ལ་སྟོད་དུ་འདུལ་བའི་བཀའ་སྲོལ་བཟུང་སྟེ་སྤེལ་བས་འདུལ་བའི་གནས་སྡེ་ཡང་སུམ་ཅུ་གྱེས་པར་བཤད།  དེར་མཁན་རྒྱུད་ནི་བཅོ་ལྔའི་གཡུང་དང་། སྡེ་བོན་འཕན་བཟང་གཉོས་ཀྱི་དབང་རྒྱལ། ཐོ་གར་ཡེས་ཁྲི། གྷར་གྱི་ཡེ་ཤེས། མཚེ་བོན་བསེ་ཁྲི། གསས་ཆུང་ཁྲི། ལྷ་བཟང་ཁུ་བྱུག དགེ་བ། དགེ་འཕེན། དགེ་བཟང་བྱ་བ་འདི་རྣམས་ནི་སྐབས་དེའི་འདུལ་བ་འཛིན་པའི་མཁན་རབས་ཡིན་པར་སྣང་།

དུས་ཕྱིས་འདུལ་བ་སྨད་ལུགས་བརྒྱུད་ཁུངས་ཀྱི་མདོ་འཛིན་པ་བླ་ཆེན་པོ་དགོངས་པ་རབ་གསལ་ནས་བརྒྱུད་པའི་དབུས་གཙང་གི་མཁན་རབས་ལྔ་པ་གཉོས་ལག་དྲུག་གམ་ཚུལ་ཁྲིམས་ཡེ་ཤེས་ཡན་སྟོད་ལུགས་རང་གི་བརྒྱུད་པའི་རྐང་འཕྲེང་རྒྱུན་ཆགས་སུ་བཞུགས་ཡོད་པར་མངོན། བྱང་གི་ཤོད་དེ་རྨ་བྱ་གདོང་དུ་སྟོད་ཀྱི་དགེ་གསུམ་སྟེ་དགེ་བ་དང་དགེ་འཕེན་དགེ་བཟང་གསུམ་ལས་གཉོས་ལག་དྲུག་གམ་ཚུལ་ཁྲིམས་ཡེ་ཤེས་ཀྱིས་འདུལ་བ་སྟོད་ལུགས་ཞུས་པས་དེ་ནས་བཟུང་སྟོད་ལུགས་དང་སྨད་ལུགས་གཉིས་ཀྱི་བརྒྱུད་རིམ་མདོ་གཅིག་ཏུ་དྲིལ་བར་གསུངས་སོ། དེས་ན་གནམ་གྱི་ཁྲི་བདུན་མཇུག་ཙམ་ན་འདུལ་བསྟན་ནང་འཁྲུགས་བྱུང་བས་ཞང་བོད་གཉིས་ཀར་འདུལ་བའི་སྡེ་འཛིན་པ་མེད་པར་བཤད་པ་དེ་ལྟར་བདེན་ན་ནུབ་པའི་དུས་ཡུན་དེ་ཡང་དུས་ཕྱིས་སྨད་ལུགས་མ་དར་བར་ཡིན་དགོས་པས་བརྟག་གཞི་ཆེ་ཙམ་དུ་སྣང་ངོ་།

སྒ་སྟོན་བསྟན་པའི་ཤན་འབྱེད་ལས། སྟོད་ལུགས་བཙད་པོ་ཁྲི་ཙེ་འབུམ་གྱི་རིང་། དང་ར་ཁྲི་སྙ་སྟག་གཟིག་ཡུལ་ནས་བསྙེམས། རྗེ་ཡི་ཐུགས་ཉིད་འབངས་ཀྱིས་དབྱར་དམ་མཛད། གསས་མཁར་སུམ་བརྒྱ་དྲུག་ཅུ་བཞེངས་སུ་གསོལ། བོན་གྱི་བསྟན་པ་ཤིན་ཏུ་དར་ན་ཡང་། སྣོད་ལྡན་འགའ་ལ་ཐུན་མོང་མ་སྤྱད་པས། ཡར་ལུང་འཕན་ཐང་རྩེ་ཡི་གསས་ཁང་ལ། གཤེན་པོ་ལྔ་བརྒྱ་སོ་ལྔ་གྲུབ་པ་ཐོབ།  ཉི་ཟླའི་འཆར་ནུབ་རེས་མོར་འབྱུང་བ་བཞིན། ཁྲི་སྲོང་ལྡེ་བཙན་སྐུ་རིང་བོན་ནུབ་ལ། ཡར་ལུང་འཕན་ཐང་གཡུང་དྲུང་ཁྲི་སྐོས་ལས། དཀའ་བ་རྣམ་ཁྲི་རྒྱལ་ཁྲི་བཙན་དཔལ་དང་། མཐའ་བཞིའི་བོན་པོ་ཨུ་སངས་གསུམ་པོ་ནི། འཕན་ཡུལ་བོན་སྡེ་རྟ་དྲེའུ་དྲུག་གི་ཁལ། སྟག་གཟིགས་ཡུལ་བྲོས་ལ་བསྒྲག་མི་ལྔས་འབྲེང་། དགུང་ལོ་སོ་བརྒྱད་དཀའ་སྤྱད་མི་གསུམ་ཕྱིར་མ་འཁོར། མཚེ་བོན་དོན་གྲུབ་རྣོ་བོན་སྣང་ལྡན་དང་། སྔགས་བོན་མངའ་བསྙེམས་དག་དང་གསུམ་པོ་ནི། མ་བསྒྲག་ཡུལ་ནས་འདུལ་བའི་བཀའ་བཟུང་བས། ལ་སྟོད་འདུལ་བའི་གནས་སྡེ་སུམ་ཅུར་གྱེས། ཞེས་དང་། དར་རྒྱས་གསལ་སྒྲོན་ལས། ཚེ་བོན་དོན་གྲུབ་དང་། སྣང་བོན་སྟག་ཐུལ་དང་། སེག་བོན་ཁྱབ་རྩེ་དང་། གཤེན་ཚད་མ་མི་གསུམ་ལ་སོགས་པ་འགའ་ནི། མཛད་ཁྲིམས་དང་འདུལ་བའི་ཤོལ་དྲིལ་འཕང་རེ་ཁྱེར་ནས་སྟག་གཟིག་ཏུ་བྱོན་ནོ། ཞེས་དང་། ཡང་ཀུན་མཁྱེན་གྱི་དྭོགས་བསལ་པན་ཙ་ལི་ཀའི་ཆུད་པོ་ལས་ཁྲི་སྲོང་གི་དུས་སུ་འདུལ་བ་སྟོད་ལུགས་སུ་གྲགས་པ་འགའ་ཞིག་ལས་འདུལ་བསྟན་ཆེར་མེད་པར་སེམས་སྟེ་ཞེས་གསུངས་སོ།

སྨད་ལུགས་ནི་གནམ་གྱི་ཁྲི་བདུན་གྱི་མཇུག་ཙམ་ན་འདུལ་བསྟན་ཉམས་ཆགས་ཤུགས་ཆེར་བྱུང་བས་ཚེ་ལ་དབང་ཐོབ་པ་མུ་ཟི་གསལ་བཟང་དེ་ཉིད་འདུལ་བའི་ས་བོན་འཛིན་པར་དགོངས་ཏེ། མདོ་སྨད་རྨ་རིའི་བྲག་དཀར་རྩེ་འདུས་ཀྱི་ཀེའུ་ཚུང་དུ་མི་ལོ་སྟོང་དང་བརྒྱད་བརྒྱར་འགོག་པ་བཞུགས་པའི་དུས་དེར་རྟ་རྫིས་རྐྱེན་གྱིས་བསྐུལ་བས་འགོག་པ་ལས་བཞེངས་ཤིང་སོག་སྟོན་ཁྲི་འབར་ཚུལ་ཁྲིམས་ལ་དྲང་སྲོང་ཆིག་རྫོགས་སུ་གནང་སྟེ། བླ་ཆེན་དགོངས་པ་རབ་གསལ་ཐུག་གི་བར་མདོ་ཁམས་ཀྱི་བརྒྱུད་པ་དང་བླ་ཆེན་ནས་གཉོས་བཙུན་རིན་ཆེན་རྒྱལ་མཚན་གྱིས་དབུས་གཙང་དུ་བརྒྱུད་ཅིང་དེ་ནས་གཉོས་ལག་དྲུག་གིས་སྟོད་ཀྱི་དགེ་གསུམ་ལས་འདུལ་བ་སྟོད་ལུགས་ཞུས་པས། བཀའ་རྒྱུད་གཉིས་སྤེལ་ཚུལ་ཁྲིམས་ཡེ་ཤེས། ཞེས་གྲགས། དེ་ནས་འདུལ་བ་སྟོད་སྨད་ལུགས་གཉིས་རྐང་གཅིག་ཏུ་དྲིལ་བའི་མེ་སྟོན་མཁན་སློབ་དང་རྗེ་མཉམ་མེད་ཆེན་པོ་དག་གིས་ཐུགས་དམ་དུ་བཞེས་པའི་འདུལ་གཞུང་ད་ལྟའི་བར་དུ་བརྒྱུད་པ་འདི་ལ་འདུལ་བ་སྨད་ལུགས་ཞེས་གྲགས་ཆེ་བར་མངོན་ནོ།

 སྤྱིར་རང་ལུགས་ལ་འདུལ་བ་ལུགས་མི་མཐུན་པ་དུ་མ་ཡོད་པར་གསུངས་ལ་ཡོད་ཚོད་ཀྱང་འདུག་སྟེ། ཀུན་འབྱུང་དབྱིངས་དག་གི་རྒྱུད་ལས། ཞང་ཞུང་གུ་གེའི་ཡུལ་ན། རྩ་བ་བཞི་ལ་གཉིས་དོར་གཉིས་བསྲུང་། རྩ་བཞི་འབོག་འབྲེལ་ཅན། དེ་བཞིན་ཡན་ལག་ལ་ཡང་ཕྱེད་ཕྱེད་དོ། ཞེས་དང་། གཞན་ཡང་རྩ་བ་བཞི་དང་བཅུ་ལ་སོགས་གསུངས་ལ། རྗེས་ཀྱང་བོན་ལ་འདུལ་བ་ལུགས་མི་མཐུན་པ་མང་དུ་ཡོད་པས་དེ་བཞིན་ནོ། ཞེས་སོགས་གསུངས་པས་སྟོད་སྨད་ཀྱི་ལུགས་དེ་གཉིས་ལའང་ལུགས་སྲོལ་མི་མཐུན་པ་རེ་ཡོད་པར་མངོན་ནོ།

 གོང་གསལ་ལུང་ཚིག་དེ་དག་གིས་འདུལ་བ་སྟོད་ལུགས་དེ་ཉིད་དང་པོ་བྱུང་ཚུལ་བར་དུ་དར་ཚུལ་ཐ་མ་སྟོད་ལུགས་སྨད་ལུགས་དང་བརྒྱུད་པ་རྐང་གཅིག་ཏུ་དྲིལ་བའི་ཚུལ་བཅས་བསྟན་འདུག་ཀྱང་ནང་དོན་འགའ་ཞིག་ཅུང་མ་མཐུན་པ་དང་འགའ་ཞིག་དེ་ཙམ་གསལ་ཁ་མེད་པ་ལྟ་བུ་ལགས་པས། འདིར་དཔྱད་གཞི་རུ་དམིགས་ཏེ་ཁོ་བོའི་གླེང་སྙོག་འདི་བཀོད་པ་ཡིན་པས་བློ་གྲོས་ཀྱི་མཁྱེན་མངའ་ཡངས་པའི་གཡུང་དྲུང་སྤུན་གྲོགས་རྣམ་པས་ཚུལ་འདིར་ཞིབ་དཔྱོད་འདོད་འབྱུང་ཀེ་ཏ་ཀ་ཡིས་གླེང་སྙོག་བགྲུང་བསལ་ཡོང་སླད་བཀའ་གྲོས་གནད་སྨིན་སྩོལ་བའི་འབོད་སྐུལ་ཡང་ཞུའོ།

 

 
 
Re:འདུལ་བ་སྟོད་ལུགས་དང་སྨད་ལུགས་ཞེས་པའི་ཐ་སྙད་ལས་འཕྲོས་ཏེ་དེ་གཉིས་ཀྱི་བྱུང་བ་རགས་ཙ
[ 2012/7/23 11:40:01 | By: yongdrom ]
 
yongdromབོད་རྒྱལ་ཁྲི་ཙེ་འབུམ་ཞེས་པ་དེ་བོད་ཆེན་པོའི་ལོ་རྒྱུས་དག་ལས་བསྟན་པའི་བོད་རྒྱལ་ཞིག་ཡིན་ནམ། གཤེན་སྨྱུག་གིས།
གཤམ་དུ་ཀུ་ས་ལི།་ལགས་ཀྱིས་ལན་སློག་པ་ནི་
གྲོགས་གཤེན་སྨྱུག་ལགས་ཀྱིས་དྲི་བ་ལ་ཁོ་བོ་འདི་གར་ཉེ་ཆར་གུང་གསེང་གི་གཡེང་བས་ལན་དུས་ཐོག་ཏུ་འབུལ་རྒྱུ་མ་བྱུང་བས་དགོངས་འཚོམ་མེད་པར་ཞུ། དེ་ཡང་སྒ་སྟོན་བསྟན་པའི་ཤན་འབྱེད་ལས་འདུལ་བ་སྟོད་ལུགས་བོད་ཡུལ་དུ་“བཙད་པོ་ཁྲི་ཙེ་འབུམ་”གྱི་རིང་དུ་དར་བར་བཤད་པས་བཙད་པོ་དེ་ཉིད་བོད་རྒྱལ་ཞིག་ཡིན་པར་མངོན་ཡང་གཞན་པའི་ལོ་རྒྱུས་ཁག་ལས་གསལ་ཁ་དེ་འདྲ་ད་སྔར་མ་མཐོང་། འོན་ཀྱང་ཡོངས་གྲགས་ཀྱི་བོད་རྒྱལ་རིམ་བྱོན་དག་ལ་རང་གཞན་གཉིས་ཀའི་ལོ་རྒྱུས་ཁག་ནང་རྒྱལ་པོ་རེ་ལ་མཚན་གྱི་རྣམ་གྲངས་མི་འདྲ་བ་མང་པོ་ཞིག་མཐོང་ཐོས་སུ་གྱུར་ཐུབ་ཀྱང་དེ་ཙམ་གྱིས་མཚན་གྲངས་ཇི་སྙེད་ཀུན་ཕུགས་མཐའ་ཆོད་པར་མི་བསམ་ནས་སླར་བརྟག་རྒྱུ་གལ་ཆེ་བར་སྙམ། སྔར་ལོ་རྒྱུས་མཁན་པོ་དག་གིས་མ་གྲགས་པ་ད་ཆར་ཞིབ་འཇུག་ལམ་ནས་གསལ་ཁ་ཐོན་དང་འདོན་བཞིན་ཡོད་པས་སོ། སྤྱིར་ཞང་སྐད་ལ་ཉམས་ཞིབ་བྱེད་ཐབས་ནི་བོན་གྱི་དཔེ་རྙིང་ཁག་དང་གནའ་དུས་སུ་ཞང་ཞུང་གི་ཆབ་འབངས་སུ་གཏོགས་པའི་ཡུལ་གྲོང་གི་ཁ་སྐད་དག་ལ་བསམ་གཞིགས་རེ་བྱ་ཐུབ་ཚེ་ད་གཟོད་གང་ཞིག་ཞང་སྐད་ཡིན་མིན་དང་ཞང་སྐད་དེའང་བོད་སྐད་དུ་ཇི་ལྟར་གོ་ཚུལ་གྱི་གནད་ལ་ཕན་རླབས་ཆེན་པོར་ཡོད་པར་གསུངས་ལ་དེ་ལྟར་བདེན་ཚོད་ཀྱང་རེད། དེས་ན་འདིར་ཡང་“བཙད་པོ་ཁྲི་ཙེ་འབུམ་”ཞེས་པའི་ “བཙད་པོ་”ནི་གནའ་དུས་ན་“རྒྱལ་པོ་”ལ་དེ་ལྟར་འབོད་ཀྱང་ཕྱིས་འབྱུང་བརྡ་གསར་བཅད་ནས་“བཙན་པོ་”ཞེས་རྗེས་འཇུག་ད་དེ་ན་རུ་འཕོ་འགྱུར་སོང་བ་ཙམ་ལས་གོ་དོན་སྔར་སྲོལ་ལྟར་ཡིན་པར་ཡོངས་གྲགས་ཡིན། “ཁྲི་ཙེ་”ཞེས་པ་མིང་ཚིག་སྤྱི་སྡོམ་གྱི་འཇུག་ཡུལ་ནི་ བོད་སྐད་དུ་“འབྲས་བུ་”དང་“ལག་པ་” “ཐུགས་ཉིད་”སོགས་ལ་འཇུག་པར་གསུངས་ཡོད། དེ་གཉིས་ཀྱི་བྱེ་བྲག་སོ་སོའི་འཇུག་ཡུལ་རོབ་ཙམ་ཞུ་ཁུལ་བྱས་ན་“ཁྲི་”ཞེས་པ་“སེམས་”དང་ “རིག་པ་”དང་ “ཐུགས་”སོགས་ལ་འཇུག་པ་དང་“ཙེ་”ཞེས་པ་ “ལྷ་”དང་སྐབས་འགར་“སྣོད་”དང་ “མཛོད་” “བདག་པོ་སྟོན་པ་”བཅས་ལ་འཇུག་པར་གསུངས། “ཙེ་”ཞེས་པ་ལྷའི་སྐད་དོད་“སེ་”ལ་གོ་བ་སྟེ་ཞང་སྐད་“ཏི་སེ་”ཞེས་པ་བོད་སྐད་“ཆུ་ལྷ་”རུ་གོ་བར་བཤད་ཅིང་ཡིག་རྙིང་ཁག་ཏུ་ཡང་“ཏི་སེའམ་ཏེ་ཙེ་”ཅེས་ཁྱད་མེད་དུ་ཅི་བདེར་བྲིས་ཡོད་པས་སོ། དེ་ལྟར་བོད་སྐད་ལའང་དཔེ་ཆ་ཁག་ལས་མིང་གཞིར་ “ས་”དང་“ཙ་”གཉིས་སྐབས་འགར་ཅི་བདེར་བཀོལ་ཡོད་པས་རེ་འགས་བརྡ་གསར་རྙིང་དུ་བཤད་ཀྱི་འདུག་ཀྱང་དེ་ནི་མིང་ཚིག་འགའ་ཞིག་གི་སྣང་ཚུལ་ལས་ཕྱོགས་ཐམས་ཅད་ལ་མ་ཡིན་པར་མངོན་ཏེ་གནའ་བོའི་དུས་སུའམ་ཡིག་རྙིང་ཁག་ཏུ་དེ་གཉིས་ཅི་བདེར་བཀོལ་སྤྱོད་བྱས་ཡོད་པས་ཤེས་ནུས་སོ། “འབུམ་”ཞེས་པ་ཞང་སྐད་ཡིན་མིན་རེ་ཞིག་འཁྲུན་མ་ཆོད་ཀྱང་བོད་སྐད་ལ་སྤྱིར་གྲངས་ཚིག་ཡིན་ཡང་སྐབས་འགར་རྒྱན་ཚིག་དང་མང་ཚིག་གི་ཚབ་བྱེད་འཇུག་ཏུ་ཡོད་པར་ཤེས་སླའོ། དེ་ལྟར་ཞང་བོད་སྤེལ་མའི་སྐད་ལ་གོ་ཚུལ་དེ་ལྟར་སྣང་མོད་བོད་བསྒྱུར་ཁོ་ནའི་དབང་དུ་བྱས་ན་ “རྗེ་བློ་རིག་འབུམ་ལྡན”་ནམ་“བློ་རིག་བཀྲ་བའི་རྒྱལ་པོ་”ཞེས་པ་ལྟ་བུ་གོ་བར་སྙམ།
 
 
Re:འདུལ་བ་སྟོད་ལུགས་དང་སྨད་ལུགས་ཞེས་པའི་ཐ་སྙད་ལས་འཕྲོས་ཏེ་དེ་གཉིས་ཀྱི་བྱུང་བ་རགས་ཙ
[ 2012/7/21 19:57:49 | By: སྐུ་མགྲོན་H40Ofs(སྐུ་མགྲོན) ]
 
སྐུ་མགྲོན་H40Ofs(སྐུ་མགྲོན)དཔེ་ཡག་པོ་འདུག་ཐུགས་རྗེ།
གཤམ་དུ་ཀུ་ས་ལི།་ལགས་ཀྱིས་ལན་སློག་པ་ནི་
ཁོ་བོ་ཟིན་ངོས་སུ་ཕེབས་གཟིགས་གནང་བར་དགའ་ནས་ཡོད། མུ་མཐུད་ཕེབས་པར་བསུ་བ་ཞུ་བཞིན་ཡོད།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.