ཟིན་བྲིས་ལི་ཐོ།
སྒྲིག་འཇུག...

སྤྱི་བསྒྲགས།
སྒྲིག་འཇུག...

ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...

ཟིན་ཐོ་གསར་བ།
སྒྲིག་འཇུག...

དཔྱད་གཏམ་གསར་བ།
སྒྲིག་འཇུག...

ཆེམས་གསར་བ།
སྒྲིག་འཇུག...

འཚོལ་བཤེར།

སྦྲེལ་མཐུད།

ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 

༢༽སྤ་སྟོན་ཉི་མ་འབུམ་གསལ་གྱི་རྣམ་ཐར།
[ 2012/7/27 17:50:00 | By: ཀུ་ས་ལི། ]
 

གོང་མའི་འཕྲོ་མཐུད།

                      ཨ་ཧོ། །ལས་ཅན་རིགས་སྲས་དམ་པ་ཉོན།

།ལས་སྒྲིབ་འཁོར་བའི་ཉེས་སྐྱོན་དང་།

།གཞན་རྐྱེན་དུས་བཞིན་ཇི་སྙེད་དག

 །ཉེ་རིང་མ་ངེས་གང་ནས་འབྱུང་།

།གྲིབ་དང་འབྱུང་པོ་ལྡང་ཡང་སྲིད།

།ཨི་གོ་ཨ་མའི་སྐྱེས་ཕྲུག་ལགས།

།དངོས་སྣང་ཤ་གཟུགས་བེམ་པོ་དང་།

།མངལ་རྒྱུད་ཞན་པའི་སྒྲིབ་པ་སྣང་།

དགྲ་དང་གཉེན་གཉིས་རྟོག་གམ་ཅི།

།དུག་དང་སྨན་སོར་ཨི་འབྱེད་དམ།

།བཟང་ངན་རྒྱུ་འབྲས་ཞིབ་བྱེད་དམ།

།ང་ནི་སྣང་སྲིད་སྐྱེ་འགྲོ་ཡི།

།ཡིད་ཀྱི་བརྩེ་གདུང་ཨི་དྲན་ནམ།

།སྔོན་ནས་ད་བར་ལུས་གྲིབ་ཚུལ།

།འགྲོགས་ཀྱང་ཡིད་ཆེས་མི་འདུག་མོད།

 །ད་ལྟ་འདོད་དོན་རྩ་བ་ལ།

།ཁྱོད་ཉིད་གང་ནས་ལས་འཕྲོ་བཟང་།

།ཞུམ་པར་མ་མཛད་སེམས་འཕང་བསྟོད།

།རབ་རིབ་སྣང་བའི་བག་ཆགས་གང་།

།རང་རིག་མེ་ལོང་གཡའ་ཡིས་སྒྲིབ།

།རྟོག་མེད་ངེས་དོན་འཆར་བ་དཀའ།

།གཞི་གཅིག་ལམ་སྣང་རོལ་པའི་རྩལ།

།ཇི་སྙེད་ཡིད་དུ་འོས་མི་འོས།

 །དཔེར་ན་ས་གཞིའི་རྩི་ཐོག་ལྟར།

སྣང་ཡང་བདེན་མེད་རྨི་ལམ་བཞིན།

།རེ་དྭོགས་དགའ་སྡུག་བྲོད་ཞུམ་དང་།

།བཟང་ངན་རྣམ་རྟོག་ཅི་མི་དགོས།

 །ཆུ་དང་ཆུ་རླབས་ཇི་བཞིན་ནོ།       

།རང་བཞིན་རིག་པའི་འོད་གསལ་ངོས།        

།ཐམས་ཅད་ཡེ་ལྟས་ཡེ་གསལ་ཀློང་།

།རོ་གཅིག་རྟོགས་པའི་རྣལ་འབྱོར་དགོས།

།གོ་འམ་རྟོགས་སམ་རིགས་ཀྱི་བུ།

།མ་བརྗེད་ཐ་སྙད་སྒྲོས་མ་བཏགས།

།གསལ་ཆ་ཐབས་ཆེན་ཡབ་ཀྱི་ཚུལ།

།སྟོང་ཆ་བ་ག་ཡུམ་གྱི་ཀློང་།

།གཉིས་མེད་རིག་རྩལ་དུ་མའི་སྲས།

 །འགྲོ་དོན་རྩལ་མེད་ལྷུན་གྲུབ་འབྱུང་།

 ཞེས་པ་ལ་སོགས་ཞལ་གདམས་མང་དུ་གསུངས་པའི་མཐར། ཁྱོད་ནི་ཡེ་ནས་དག་པ་ལ་མིང་བརྗོད་དུ་མེད་ནའང་འགྲོ་བ་གདུལ་བའི་སླད་དུ་ཐ་སྙད་དུ་སྒྲོ་བཏགས་ན། དུས་གསུམ་ནུས་མེད་ཀྱི་རྟེན་འབྲེལ་ཡོད་པས་མཚན་ཉི་མ་འཕྲུལ་གསལ་དུ་ཐོགས་ཤིག ཅེས་གསུངས་ཤིང་། དེ་མཚམས་སུ་ཐ་མལ་གྱི་སྣང་བ་འགག་ཅིང་རང་སེམས་དུ་མ་རོ་གཅིག་ངང་དུ་ངེས་ཤེས་ཡིད་ཆེས་རྙེད་པ་གྱུར་པར་གསུངས། ཕྱི་ཉིན་བླ་མ་མཇལ་བས་དགའ་སྤྲོ་རབ་དགའ་ཐོབ་པ་ལྟར་ཤིན་ཏུ་རྒྱས། དེ་ནས་མཁན་ཆེན་དེ་ཉིད་ཀྱི་དྲུང་དུ་ཡི་དམ་སྤྱི་སྤུངས་ཡང་བཅུད་ཀྱི་བོན་དབལ་གསས་ལས་རིམ་གྱི་དབང་རྫོགས་པར་ནོས་ཤིང་། སྐབས་དེར་དད་གུས་དྲག་པོས་བསྐུལ་ཏེ་དཔོན་གསས་དམ་པ་དེ་ཉིད་ལ་ཚིགས་སུ་བཅད་པའི་གསོལ་འདེབས་ཞིག་ཀྱང་ཕུལ། ཡང་དམ་པ་མཆོག་གི་དྲུང་ནས་རྒྱས་པ་ཀུན་སྣང་གི་དབང་ལུང་ནོས་ཤིང་ཡོངས་རྫོགས་དགེ་བསྙེན་གྱི་སྡོམ་པ་བླངས་ནས་མཚན་ཡང་ཉི་མ་འབུམ་གསལ་དུ་གསོལ། གོང་གི་ལུང་བསྟན་ལྟར། མཚན་གྱི་ཟུར་སྒྲོས་ཙམ་མ་གཏོགས་མཉམ་པས་ཀུན་གྱིས་ངོ་མཚར་བ་བྱུང་། མཁན་ཆེན་མཆོག་གིས་ཁྱེད་རང་གྲྭ་སར་བྱོན་ནས་མཚན་ཉིད་ལ་བཞུགས། དེ་དུས་བསྙེན་རྫོགས་གནང་གསུངས་ཤིང་ཐུགས་བརྩེ་གདུང་བ་དཔག་ཏུ་མེད་པར་མཛད། དེ་ནས་རྗེ་དམ་པ་ཉིད་ཀྱིས་གྲྭ་སར་འབྱོན་པར་བློ་ཐག་གཏིང་ནས་ཆོད་རུང་། ཕ་མ་ལ་སོགས་ཉེ་དུས་གཅེས་སྤྲས་ཕྱིན་ཅི་ལོག་སྟབས་ཀྱིས་དོན་ཐོག་ཏུ་མ་ཟིན་པར་གྱུར། དེ་མིན་གྲྭ་སར་ཕྱིན་ཡོད་ན་ཤེས་བྱ་རིག་པའི་གཞུང་གང་ལ་མཁས་ཤིང་བསྟན་པ་ལ་ཕན་ཐོགས་ངེས་སུ་སྣང་ཡང་དེ་ལྟར་མ་གྱུར་པར་ལུས་སོང་གསུངས། གཞན་ཡང་ཉེ་འབྲེལ་རྣམས་གཏན་བྲལ་དུ་བྱུང་ན་ཕྱི་མའི་གཏན་འཆུས་ཀྱང་འགྲུབ་པར་སླ་འདུག འོན་ཀྱང་ང་དུས་ངན་སྙིགས་མ་ལྔ་བདོ་བའི་དུས་སྐབས་སུ་སྐྱེས་ནའང་། དྲིན་ཅན་བླ་མའི་བཀའ་དྲིན། མ་སྲིང་མཁའ་འགྲོའི་ཐུགས་རྗེ། གཡུང་དྲུང་བོན་ཉིད་ཀྱི་བདེན་པ་སོགས་ལ་བརྟེན། ལས་ཀྱི་འཕྲོའང་མ་ཞན་པས་འཕྲད་དཀའ་བ་ནི། དྲང་ངེས་ཀྱི་བོན་ཟབ་མོ་འདི་ལྟ་བུ་དང་འཕྲད། མཇལ་དཀའ་བ་ནི་རིག་འཛིན་གོང་མའི་སྒྱུ་འཕྲུལ། དམ་པ་མཆོག་ཆེན་མཁས་གྲུབ་འདི་ལྟ་བུ་དང་མཇལ། ཐོབ་པར་དཀའ་བ་ཟབ་ཁྲིད་དམར་བཅིང་དུ་འདེབས་པའི་གདམས་ངག་འདི་ལྟ་བུར་ཐོབ། ཉམས་ལེན་ཡང་སྔོན་གྱི་རྣམ་སྨིན་བཟང་པོ་ཡིན་སྟབས་རིག་པ་སད་ཙམ་དུ་གྱུར། རྒྱལ་བ་གོང་མ་རྣམས་ཀྱི་ཐུགས་ཁྲེལ་གྱི་ཡུལ་དུ་མ་གྱུར་ཅིང་། མ་འོངས་འབྱོན་འགྱུར་འོག་མ་རྣམས་ཀྱིས་མིག་ལྟོས་ཞན་པར་མ་གྱུར་བ་དང་། གཡུང་དྲུང་གི་མཆེད་ལྕམ་རྣམས་ཀྱང་བརྩེ་གདུང་རིང་བར་མ་གྱུར་ལ། རང་དོན་ཡང་ཆ་ཙམ་འགྲུབ་ངོས། གཞན་དོན་བསམ་སྦྱོར་དག་པའི་སྒོ་ནས་ཕྲན་བུ་གྲུབ་པར་གྱུར་པ་ནི། དཀོན་མཆོག་ཚོགས་ཀྱི་ཐུགས་རྗེའི་བདེན་པ་དངོས་སུ་ཤར་བར་སྣང་། ཕྱི་རབས་ཀྱི་རྗེས་འབྲང་ཕོ་མོ་རྣམས་ཀྱང་དཔལ་ལྡན་བླ་མའི་བཀའ་བཞིན་དུ་ཡིད་ཆེས་ཤིང་། བློ་ཐག་གདེང་ནས་ཆོད་པས་ཡང་དག་པར་སྒྲུབ་ནུས་ན། རྫོགས་པའི་སངས་རྒྱས་ཀྱི་སར་ཕྱིན་པའང་མི་རིང་བར་ལག་མཐིལ་དུ་འོང་བ་དང་འདྲ་སྟེ་ཤིན་ཏུ་ཉེ་བར་འདུག  དེའི་ཕྱིར་དྭངས་འདོད་ཡིད་ཆེས་ཀྱི་སྒོ་ནས་དད་པ་དང་མོས་གུས་ཁོ་ན་གཙོར་གདོན་ཞིང་། རང་དང་གཞན་གྱི་ཕྱོགས་རིས། རང་རྒྱུད་སྲེག་པའི་འབར་བསྐུར་སོགས་སྤངས་ཤིང་། ཚད་མེད་བཞི་ལྡན་ཉམས་ལེན་མ་ནོར་བར་རྒྱུན་བསྲིང་བར་རེམ་རེམ། ཞེས་གསུངས།

།།ཕྱོགས་མེད་གྲུབ་དབང་གངས་དཀར་སྤོ་མཐོ་ནས།།

།།བཀའ་ལུང་བདུད་རྩིའི་གཙང་ཁྱབ་བསིལ་རྒྱུན་འཁྱིལ།།

།།ཐོས་བསམ་སྒོམ་པའི་འབྲས་རྟགས་རལ་ཁུར་ཅན།།

།།གཟི་བྱིན་གྲགས་སྙན་སྲིད་ཞིའི་ཁྱོན་ན་གདལ།།

 

ཡང་སྐབས་ཤིག་ཏུ་ཕ་མའི་དྲིན་ལན་བསབ་པ་དང་རང་གཞན་ཐམས་ཅད་སྒྲིབ་སྦྱོང་ཚོགས་རྫོགས་པའི་སླད་དུ་རྗེ་དམ་པ་ཉིད་ཕུ་བོ་སྤ་ནམ་མཁའ་སྒྲོན་གསལ་དང་ལྷན་དུ་གནས་མཆོག་ཐུགས་སྤྲུལ་བོན་རི་མཇལ་སྐོར་དུ་ཕེབས་ལམ། ཉང་གཞུང་ཁེ་སྟོང་ཤོད་བྱ་བའི་ལུང་མདོར་བྲག་རི་རྣམ་སྲས་ཡུལ་བཙན་དང་ཤི་འདྲེ་སྡེབས་ཏེ་ཁོང་ལ་ཆོ་འཕྲུལ་ཅིར་ཡང་བསྟན་ཀྱང་མ་ཚུགས་པར། དམ་པ་ཉིད་ཀྱིས་ཡུལ་བཙན་དང་ཤི་འདྲེ་འཕྲལ་དུ་སོ་སོར་ཕྱེས་ཏེ། ཡུལ་བཙན་ལ་བཙན་བཅོས་ཉུང་འདུས་ཤིག་བརྩམས་ཤིང་བཀའ་བསྒོས་དམ་བཏགས་མཛད། ཤི་འདྲེ་དེ་ལའང་བསྔོ་སྨོན་མི་དམིགས་པའི་ཤེས་རབ་ཟབ་མོས་རྒྱས་བཏབ་ཏེ་ཐར་པར་བཀོད་པའོ། སྐབས་དེར་ཉེར་གནས་འཁོར་རྣམས་ལའང་ཡི་རངས་བྱས་ནས་འཁོར་འདས་གཉིས་སྣང་གིས་བསྡུས་པའི་བོན་ཐམས་ཅད་ཡེ་ནས་བདེན་པར་མ་གྲུབ་པ་སྒྱུ་མ་ལྟ་བུར་ཡིན་ཀྱང་། དེ་ལྟར་མ་ཤེས་པར་རྗེས་སུ་འབྲང་ནས་འཁྲུལ་ཞིང་སྐྱོན་ཡོན་དུ་བལྟས་ནའང་རྐྱེན་དབང་དུ་འགྲོ་བ་དང་། བདེན་པར་བཟུང་ན་ནི་ཡང་དག་པའི་དོན་ལ་ཤིན་ཏུ་རིང་བར་འགྱུར་བ། དེ་བས་སེམས་ལ་ཤར་ཚད་རེ་དྭོགས་ཀྱིས་འཛིན་པ་མེད་པར་རང་གྲོལ་དུ་བཞག་ན་ལེགས་པར་འདུག་ཅེས་གདམས་སོ། དེ་ནས་རྗེ་དམ་པ་ཉིད་དང་ཉེར་གནས་སྟོན་འཁོར་རྣམས་ཀྱིས་གནས་མཆོག་ཀོང་པོ་བོན་རིསྐོར་བ་བརྒྱ་ཕྲག་མ་ཟིན་བར་དུ་སྙིང་རུས་བསྐྱེད་དེ་ཟླ་བ་བདུན་གྱི་རིང་དུ་གྲུབ་པར་མཛད། དེ་སྐབས་སུམ་སྲིང་མཁའ་འགྲོའི་ལུང་བསྟན་སྐོར་མང་བས་འདིར་འབྲི་བར་མི་ལོང་བས་ཞིབ་པར་འདོད་ན་རྣམ་ཐར་རྒྱས་པ་ལ་གཟིགས་པར་བྱའོ། དེ་ནས་རང་ཡུལ་དུ་བཞུགས་སྐབས་༧རྒྱལ་བ་སྨན་རིའི་མཁན་ཆེན་འགྲོ་མགོན་ཤེས་རབ་གཡུང་དྲུང་མཆོག་ཕེབས་བཞུད་གནང་སྐབས་གང་གི་དྲུང་ནས་ཁྲོ་བོ་དབང་ཆེན་དང་ཚེ་དབང་བོད་ཡུལ་མ་བཅས་ཀྱི་ཁྲིད་ལུང་བཀའ་གཏད་དང་བཅས་ཚང་མར་ནོས། དེ་ནས་ཞི་བ་གཡུང་དྲུང་ཡོངས་རྫོགས་དང་ཁྲོ་བོ་དབང་ཆེན་གྱི་བསྙེན་སྒྲུབ་ཞག་བརྒྱར་བཞུགས་ཤིང་སྙིང་པོའི་སྐབས་སུ་གུས་ཕྱག་དང་སྦྲགས་ཏེ་ཉིན་རེར་ཁྲི་ཕྱག་རེ་བཙལ། དགོང་གི་ཟེར་ནས་སྲོད་ཡོལ་བར་མཚན་བཅས་དང་མཚན་མེད་ཀྱི་ཉམས་ལེན་རེས་མོས་སུ་བརྩོན་པས་མཆོག་ཐུན་གང་ལའང་ཐུགས་རེ་བཞིན་ཡོངས་སུ་གྲུབ་པར་གྱུར། ཡང་སྐབས་ཤིག་ཏུ་སྒྲུབ་ཁང་བསྐྱར་བཞེངས་ཀྱི་ལས་ལ་རེམས་སྐབས་ལུང་ཆུང་ཞིག་གི་ཕར་ཕྱོགས་སུ་ཕ་བོང་གྲུ་བཞི་ཤིན་ཏུ་ཆེ་བ་ཞིག་ཡོད་པར་ཀུན་གྱིས་དཔུང་བསྡེབས་ཀྱང་དྲངས་པར་མ་བཏུབ་ཀྱང་དེའི་ཚེ་རྗེ་དམ་པས་བགེགས་བསྐྲད་དང་བྱིན་གྱིས་བརླབས་པས་སྔར་བས་ཡང་བར་སོང་ཏེ་ཐེག་ཐུབ་པར་གྱུར་པས་ཀུན་གྱིས་བླ་མས་གྲུབ་རྟགས་བཞག་ཅེས་ངོ་མཚར་ཆེ་བར་གླེང་།        ཕ་བོང་དེ་ཡང་སྒྲུབ་ཁང་གི་ནུབ་ཕྱོགས་སུ་ཡོད་པར་མངོན། དེ་ནས་གསལ་ཁང་དང་མུན་ཁང་ཉམས་དགའ་བ་གཉིས་སུ་གྲུབ་ཅིང་བྱིན་རླབས་དང་རབ་གནས་ཀྱི་ལས་རིམ་རྣམས་ལེགས་པར་མཛད་དེ་རྟེན་འབྲེལ་གྱི་ཐོག་མ་དྲན་པ་ཚེ་ཡི་སྒྲུབ་པ་ལ་བཞུགས་སྐབས་བསྙེན་ཚད་རྫོགས་པས་ཚེ་ཆུ་འཕེལ་བ་དང་ཚེ་བུམ་ལ་ལྗང་བུ་སྐྱེས་པ་སོགས་དགེ་བའི་མཚན་མ་དང་རྨིས་ལྟས་བཟང་པོ་ཡང་ཡང་དུ་བྱུང་། དེ་ནས་དགུང་ལོ་ཉེར་གསུམ་དང་ཉེར་ལྔ་བར་ཉིན་རེ་བཞིན་སྔོན་འགྲོ་དུས་བཞི་དང་ཉམས་ལེན་ཐུན་སྦྱོང་ཁོ་ན་རུ་བརྩོན་པར་བཞུགས།       དེ་ནས་བཟུང་རིག་འཛིན་འདུས་པ་དང་སྲིད་རྒྱལ་དྲིའུ་དམར་མོའི་ཕྲིན་ལས་སྦྲགས་མ་དང་མར་མེ་བརྒྱ་མཆོད་ཆགས་མེད་སྒྲུབ་པའི་དམ་བཅའ་མཛད་ཅིང་མ་གྱུར་མཐའ་ཡས་སེམས་ཅན་རྣམས་སྒྲིབ་སྦྱོང་ཚོགས་བསགས་ཀྱི་ཆེད་དུ་གནས་སྦྱོང་ཉི་ཟེར་ཞགས་པའི་སྒོར་ཤི་གསོན་ཀུན་གནས་འདྲེན་གྱིས་འགྲོ་ཀུན་ཕྱམ་གཅིག་ཏུ་རྫོགས་བྱང་ཐོབ་པའི་བསྔོ་སྨོན་མི་དམིགས་པས་རྒྱས་བཏབ་པར་མཛད། དེ་ནས་རྫོགས་ཆེན་ཡང་རྩེ་ཀློང་ཆེན་གྱི་སྔོན་འགྲོ་རིགས་དྲུག་རང་སྦྱོང་གི་གདམས་པ་དེའི་སྒྲུབ་པ་ལ་བཞུགས་སྐབས་ཉམས་སྣང་དུ་བདུན་རེར་རིགས་དྲུག་གི་ཞིང་ཤར་ཚུལ་དང་མཐར་མ་དག་པའི་སྣང་བ་དེ་དག་ལ་བསྔོ་སྨོན་འདྲེན་མཆོག་རྒྱ་ཆེར་གནང་ཞིང་ཤེས་རབ་ཟབ་མོས་རྒྱས་བཏབ་ཚུལ། རིགས་དྲུག་གནས་སྦྱངས་པའི་རྟགས་སྣང་ཐོབ་ཚུལ་སོགས་ཞིབ་མོར་རྣམ་ཐར་རྒྱས་པ་ལ་བལྟ་བར་མཛོད། དེ་ནས་གཞུ་སྒོམ་གྱི་དངོས་སློབ་གྲྭ་སྐལ་བཟང་རྣམ་རྒྱལ་མདུན་ནས་སྙན་བརྒྱུད་འོད་གསལ་བདུན་སྐོར་གྱི་གདམས་པ་ཞུས་ཏེ་མུན་པའི་རྣལ་འབྱོར་བཞུགས་སྐབས་སུ་ཉམས་སྣང་ཤར་ཚུལ་རྣམས་རྣམ་ཐར་རྒྱས་པ་ལ་བལྟ་བར་བྱོས། དེ་ནས་མུན་ཁྲིད་གྲོལ་བ་ནས་སྐུ་མཚམས་བཅད་རྒྱ་རབ་ཏུ་བསྡམས་ཏེ་ཁྲོ་བོ་དབང་ཆེན་གྱི་སྒྲུབ་པ་དང་ཐུན་སྦྱོང་ཁོ་ནའི་ངང་རིམ་གཉིས་ཟུང་འཇུག་ཏུ་ལོ་ཧྲིལ་པོ་གསུམ་གྱི་རིང་དུ་ཉམས་ལེན་རྩེ་གཅིག་ཏུ་བརྩོན་པར་མཛད། དེ་སྐབས་སུ་ཤེལ་ཞིག་ཚུལ་ཁྲིམས་རྒྱལ་མཚན་དྲུང་ནས་ཆོ་ག་བཅུ་གཉིས་དང་སྲིད་རྒྱལ་དྲག་སྔགས་དབལ་མོའི་དབང་ལུང་ཡང་ནོས། དེ་ནས་རྗེ་དམ་པ་ཉིད་ལ་དབང་ལུང་མན་ངག་སྩོལ་བའི་དཔོན་གསས་བླ་མ་བསམ་ལས་འདས་ཀྱང་བཀའ་དྲིན་བླ་ལྷག་ཏུ་བྱུང་བའི། རྩ་བླ་ལྔའི་ནང་ཚན་གྲུབ་དབང་མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་ཞབས་པད་ཉེ་བར་བསྟེན་ཏེ། སྐྱབས་རྗེ་དཔོན་གསས་དམ་པ་དེའི་དྲུང་ནས་རྩ་རླུང་མཁའ་འགྲོ་གསང་མཛོད་ཀྱི་གདམས་པ་གསན་ཏེ་། རྩ་རླུང་དང་འཕྲུལ་འཁོར་སྐོར་རྒྱལ་བ་གོང་མའི་གསུང་རྒྱུན་ལྟར་ཕྱག་ལེན་གྱིས་ཉམས་མྱོང་དང་སྦྱོང་བརྩོནཧུར་བསྐྱེད་དེ་དཔོན་གསས་བླ་མ་གང་གི་ཐུགས་ཡིད་དགྱེས་པའི་མཆོད་སྤྲིན་དུ་གྱུར་པར་བརྩོན་གནང་མཛད།    གཞན་ཡང་གྲུབ་མཆོག་གང་གི་དྲུང་ནས་ཕྱི་ནང་གི་བོན་གྱི་གཏེར་མཛོད་ལས་དབང་ལུང་ཁྲིད་རིམ་བསམ་མཐའ་ཡས་པར་ནོས་ཏེ་དེ་ཡང་ཁྲོ་བོ་རྒྱུད་དྲུག་དབལ་གསས་རྩོད་ཟློག་ཆེན་མོ་དང་ཡང་སྙིང་གཉིས་ཀ་ཤེས་རབ་སྨྲ་སེང་དང་ལྷ་རྒོད་བོན་སྐོར་ཞི་ཁྲོ་དགོངས་འདུས་སྐོར་མགར་ཕུར་གྱི་ཡིག་སྣ་སྐོར་བློ་ལྡན་སྙན་རྒྱུད་ཕུར་པའི་སྐོར་ཐབས་ཆེན་མཁའ་རྒྱུད་ཚེ་སྒྲུབ་བཱེ་རོའི་གོང་ཁུག་མ་དབྱིལ་སྟོན་གདུགས་དཀར་སྐོར་བློ་ལྡན་སྙན་རྒྱུད་སྟག་འི་སྐོར་དབྱིལ་སྟོན་གཏེར་མ་དབལ་གསས་ཁྱུང་ནག་སྐོར་ཚེ་སྒྲུབ་ལྷ་གཅིག་བུམ་གཅིག་ཚེ་སྒྲུབ་ལྷ་དགུ་མ་གཉན་འཐེང་གི་གཏེར་མ་ཁམས་འདུས་སོགས་དང། གཞན་ཡང་གཟུངས་ཕྲན་ལེའུ་དུ་མའི་ལུང་དང་དམར་ཁྲིད་དུག་ལྔ་རང་གྲོལ་གྱི་ཁྲིད་དང་དྲན་པ་ཡབ་སྲས་ཀྱི་སྔོན་འགྲོ་སྔོན་གཞི་རྗེས་བྱ་ཆ་ལག་བཅས་ཀྱི་ཁྲིད་ལུང་ཚང་མ་དང་ཆུ་གཏོར་རྣམ་བཤད་ཚང་མ་སྙན་བརྒྱུད་གསུར་མཆོད་རིན་ཆེན་གཏེར་རྒྱུན་གྱི་རྣམ་བཤད་ཨ་ཁྲིད་ཐུན་མཚམས་བཅོ་ལྔ་པའི་ཁྲིད་ཞི་ཁྲོའི་བྱང་ཁྲིད་གཞན་དོན་འཕོ་ཁྲིད་ཚེ་དབང་བོད་ཡུལ་མའི་སྒོ་ནས་ཨ་རུ་བཅུད་ལེན་གྱི་ཁྲིད་གསང་བ་ཡེ་ཤེས་ལུས་སྦྱིན་གྱི་ཁྲིད་རྫོགས་ཆེན་ཡོངས་རྩེ་ཀློང་ཆེན་གྱི་སྒོ་ནས་ཞི་དབང་ཁྲོ་དབང་རྒྱལ་ཐེབ་སྤྱི་བླུགས་ཆེན་མོའི་དབང་རྣམས་རྫོགས་པར་གསན་བསམ་ཉམས་བཞེས་གནང་། དེ་ནས་གཞན་ཡང་གཤེན་ཉི་མ་བསྟན་རྒྱལ་གྱི་དྲུང་ནས་མ་རྒྱུད་ཐུགས་རྗེ་ཉི་མའི་བོན་སྐོར་གྱི་ལུང་ཆ་ཚང་ནོས། དེ་ནས་ཡང་གྲུབ་དབང་མེ་སྟོན་ཉི་མ་རྒྱལ་མཚན་གྱི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་ནོས་ཤིང་མཚན་ལ་ཡང་ཉི་མ་འབུམ་གས་དབང་གི་རྒྱལ་པོ་ཞེས་གསོལ་ཏེ་ངུར་སྨྲིག་གི་རྒྱལ་མཚན་རབ་ཏུ་སྤ་བར་མཛད། དེ་ནས་བཟུང་འདུལ་ཁྲིམས་ཀྱི་རྩ་ལག་གི་དམ་ཚིག་རྣམས་འཁྱགས་པས་དབང་ཐེབས་བཞིན་དུ་དམ་པར་ཉམས་བཞེས་ཚུལ་བཞིན་མཛད། སྐབས་དེར་བླ་མ་ལ་མོས་གུས་དྲག་པོས་གདུང་བའི་སྒོ་ནས་ཚིགས་སུ་བཅད་པའི་གསོལ་འདེབས་ཞིག་ཕུལ་བླ་མའི་ཞལ་ནས་ཀྱང་སྤ་སྟོན་ལ་བསྩལ་བའི་གསོལ་འདེབས་ནི།

ཀ་དག་ཁྱབ་གདལ་བོན་སྐུའི་ལྷ་ལམ་ལས།

རབ་འབྱམས་རིགས་ལྔ་རྫོགས་སྐུའི་རྟ་ལྗང་རྒྱས།

འགྲོ་འདུལ་སྤྲུལ་སྐུའི་འོད་ཟེར་འབུམ་དུ་གསལ།

སྐུ་གསུམ་དབྱེར་མེད་བླ་མར་གསོལ་བ་འདེབས།

སྒོ་གསུམ་རྩེ་གཅིག་གསོལ་བ་བཏབ་པའི་མཐུས།

གསང་གསུམ་སྨིན་གྲོལ་བོན་བསྟན་ཕྱོགས་བཅུར་རྒྱས།

ཁམས་གསུམ་འགྲོ་ཀུན་སྲིད་མཚོར་རབ་སྒྲོལ་ནས།

སྐུ་གསུམ་དབྱེར་མེད་ས་ལ་བཀོད་དུ་གསོལ།།

ཞེས་པ་གནང་ཞིང་དེ་ནས་གྲུབ་ཆེན་སློབ་དཔོན་མཆོག་གིས་ཀྱང་ད་ཕྱིན་གཞན་དོན་དབང་ལུང་ཁྲིད་གསུམ་ཀུན་དང་འཆད་རྩོད་རྩོམ་གསུམ་གྱི་བསྟན་འགྲོའི་བྱ་བ་སྤྱི་དང་ལྷག་པར་དུ་སྤ་དགོན་གཡུང་དྲུང་རབ་གླིང་གི་རྟེན་དང་བརྟེན་པ་ཀུན་འཚོ་སྐྱོང་གི་མཛད་འཕྲིན་རྒྱ་ཆེར་བཞེས་དགོས་པའི་བཀའ་ལུང་ཡང་ཡང་ལྷུག་སྩལ་མཛད། ཡང་རྗེ་དམ་པ་དེ་ཉིད་ཀྱིས་སྐུ་ཡི་མཆེད་པོ་ནམ་མཁའ་གཡུང་དྲུང་དང་ནམ་མཁའ་སྒྲོན་གསལ་རྣམ་གཉིས་ལ་བོན་སྡེ་མང་པོའི་དབང་ལུང་ཕུལ་ཞིང་སྐུ་ཡི་མཆེད་པོ་དག་གི་མདུན་ས་ནས་ཀྱང་མདོ་སྔགས་ཀྱི་བོན་སྡེ་བསམ་ལས་འདས་པའི་དབང་ལུང་ཡང་ནོས། དེ་ཡང་སྤ་སྟོན་ནམ་མཁའ་གཡུང་དྲུང་གི་དྲུང་ནས་རྣམ་དག་པད་མ་ཀློང་ཡངས་དང་ཕུར་ནག་དྲག་པོ་གཏིང་རྫོགས་ཚེ་དབང་བྱ་རི་མ་མདོ་གཡུང་དྲུང་ཀློང་རྒྱས་སྨྲ་སེང་ཚེ་སྒྲུབ་བཅས་ཀྱི་དབང་དང་། ཁམས་ཆེན་དུམ་པ་བཅུ་དྲུག་གི་ལུང་དང་གཞན་ཡང་ལུང་ཕྲན་མང་པོ་ནོས། སྤ་སྟོན་ནམ་མཁའ་སྒྲོན་གསལ་གྱི་དྲུང་ནས་མི་ཤིག་རྡོ་རྗེའི་དུ་ཏྲི་སུ་ཡི་དབང་དང་ཚེ་སྒྲུབ་བྱ་རི་མའི་སྐོར་མདོ་སྡེ་དྲུང་མུ་བསྐལ་བཟང་མདོ་གཟེར་མིག་འབུམ་ཐུགས་རྗེ་ཉི་མ་དགུ་ཤར་མདོ་ཁྲི་རྗེ་ལུང་བསྟན་རྫོགས་ཆེན་གསེར་གྱི་ཐུར་མ་ཨ་རྫོགས་སྙན་གསུམ་བདེ་གླིང་བཀའ་བརྒྱད་རྣམ་རྒྱལ་སྐོར་ཞི་ཁྲོ་རྒྱས་པ་གཤེད་འདུལ་གྱི་སྐོར་ཕུར་པའི་སྐོར་གེ་ཁོད་གསང་དྲག་གི་སྐོར་སྟག་ལའི་སྐོར་རྣམ་འཇོམས་སྐོར་ཡབ་སྲས་ཀྱི་སྐོར་ཚེ་དབང་གསང་སྒྲུབ་ཀྱི་སྐོར་སྙན་རྒྱུད་དྲི་མེད་ལྷན་སྐྱེས་ཀྱི་སྐོར་སྐྱེ་སྒོ་སྨོན་ལམ་བཅས་ཀྱི་དབང་ལུང་ཆ་ཚང་དང་གཞན་ཡང་ལེའུ་ཕྲན་མང་པོའི་ལུང་རྣམས་གསན་བཞེས་མཛད། དེ་ནས་སྐབས་ཤིག་ཏུ་སྔོན་ཞུ་གཡས་རྒྱལ་མཚན་ཉི་མའི་དྲུང་ནས་དྲང་ངེས་བོན་གྱི་དབང་ཁྲིད་ཐོབ་ཚུལ་རྣམས་ཐུགས་ཡུལ་དུ་ཤར་ཞིང་གང་གི་བཀའ་དྲིན་དྲན་ནས་དད་པའི་སྤུ་ལངས་གཡོས་ཏེ་གདུང་བས་སྤྱན་ཟུང་ཆབ་ཀྱིས་བརླན་བཞིན་དུ་མགུར་དབྱངས་ཀྱང་གསུངས། དེ་ཡང་ཁོ་བོས་བྱས་པའི་དཀར་ཆག་ལ་གཟིགས་པས་བྱོས། དེ་ནས་དབལ་གསས་རྩོད་ཟློག་དང་ཞི་ཁྲོའི་སྒྲུབ་སྐོར་བཅས་བྲིས་བཞེངས་མཛད། རྩ་བའི་བླ་མས་བཀའ་ལུང་སྤྱི་བོར་ཕེབས་པ་ལྟར་བསྟན་དང་འགྲོ་བའི་དོན་དུ་གང་འདུལ་ཐབས་མཁས་ཀྱིས་ཕྱི་ནང་གི་བོན་འཁོར་བསྐོར་བར་བསྟན་པ་ནི། དེ་ཡང་ལས་ལྡན་གྱི་དོན་གཉེར་ཅན་འགའ་ལ་དམར་ཁྲིད་དུག་ལྔ་རང་གྲོལ་གྱི་ཁྲིད་རིམ་སྙན་རྒྱུད་འཕོ་བ་གཅིག་བརྒྱུད་མ་དང་དངོས་གཞིའི་ཁྲིད་རིམ་བཅས་བསྩལ་ཏེ་ལག་ལེན་ཡང་ཐེབས་པར་མཛད་ནས་སྨིན་གྲོལ་གྱི་ས་ལ་བཀོད། དེ་ནས་སྐབས་ཤིག་ལ་བླ་སློབ་འགའ་ལ་ལག་ལེན་མཛུབ་ཁྲིད་ཀྱི་ཆེད་དུ་རྗེ་དམ་པ་ཉིད་དང་སྟོན་འཁོར་རྣམས་ལྷན་དུ་མུན་པའི་རྣལ་འབྱོར་ལ་བཞུགས་སྐབས་རྗེ་དམ་པ་ཉིད་ལ་འོད་གསལ་གྱི་ཉམས་ཤར་ཚུལ་ནི། རི་ལུང་རྣམས་འོད་ཀྱིས་གང་ཞིང༌། དེ་ཡི་ནང་དུ། གཡུང་དྲུང༌། འཁོར་ལོ། པདྨ། རལ་གྲི། རྒྱ་གྲམ། རྡོ་རྗེ། གྲི་ཁུག ཕུར་པ་སོགས་གཟུགས་བརྙན་སྣ་ཚོགས་མ་ངེས་པ་དུ་མ་བརྗོད་ཀྱིས་མི་ལོང་བར་ཤར་ཞིང༌། སྐབས་རེ་དཀྱིལ་འཁོར་ལྟ་བུ་ཁྲ་ཤིག་ཤིག་བ་དང༌། སྐབས་རེ་སྐུ་ཁོག་དོན་སྣོད་དང་བཅས་པ་གསལ་སེང་ངེར་མངོན་གསུམ་དུ་མཐོང་བ་དང༌། དེ་ནས་ཐིག་ལེ་དང༌། ཐིག་ཕྲན་ཐམས་ཅད་བྱ་སྒོང་ཙམ་དང༌། འོད་མེ་མེར་མེ་ལོང་ཙམ་དུ། བསྒུལ་སྤྱོད་རྣམས་ཇེ་ཆུང་ཇེ་ཆུང་དུ་ཡོམ་ཡོམ་ཤིག་ཤིག་ཁྱིལ་ལེར་གནས་འདུག་ཅིང༌། དེ་ནས་སྐུ་ཕྱེད་པ་དང་། སྐུ་རྐྱང་པ། སྐུ་ཡབ་ཡུམ་ཟུང་འཇུག སྐུ་ལྔ་ཚོམ་དང༌། སྐུ་མ་ངེས་པ་བསམ་གྱིས་མི་ཁྱབ་པ་མང་པོས། སྟེང་འོག་ཕྱོགས་མཚམས་ཐམས་ཅད་ཁྲིག་གིས་གང་བར་ཤར་བ་ནི། རིག་པ་ལ་དབྱིངས་ཀྱི་རྒྱན་རྫོགས་པའི་རྟགས་སུ་ངེས། ཞེས་གསུངས་སོ། དེ་ནས་ལྕགས་མོ་སྦྲུལ་གྱི་ལོ་དེར་དྲན་པ་ཚེ་སྒྲུབ་ཀྱི་བླ་བསླུ་འཆི་བསླུ་དང་དབལ་གསས་ཁྱུང་ནག་གི་ཕྱག་བཞེས་དང་བརྒྱུད་ཕྱག་བཅས་ལྗགས་རྩོམ་གནང་། དེ་ནས་སྐབས་མཚམས་སུ་རྗེ་དམ་པ་ཉིད་ཀྱིས་རྣམ་པ་ཀུན་ཏུ་བསྟན་འགྲོའི་ཁོལ་བོ་ཉག་གཅིག་ཏུ་བསྐྱངས་པ་ཡིན་པསགདུལ་བྱ་རང་རང་གི་དད་མོ་ལྟར་སྨི་གྲོལ་གྱི་དབང་མཆོག་བསྐུར་བའི་སྐབས་ཤིག་ཏུབླང་དོར་གྱི་གནད་མཛུབ་ཚུགས་སུ་བསྟན་པའི་༼འདྲ་ཞག་བདུན་གྱི་མགུར་མ་༽ཞེས་བྱ་བ་མགུར་དུ་དྲངས་ཏེ།

འདི་སྐད་དུ།  

༈ཕ་དྲིན་ཅན་བླ་མ་རྣམ་གསུམ་ལ།

བུ་དད་ལྡན་ང་ཡིས་གསོལ་བ་ནི།

དུས་རྟག་ཏུ་མི་འབྲལ་ཡང་ཡང་འདེབས།

ཚེ་འདི་ཕྱི་བར་གསུམ་དུས་ཀུན་ཏུ

རྒྱུ་རང་སེམས་སྔར་འཁྲུལ་ངན་གཤིས་དབང༌།

གནད་བརྡ་ཐབས་བླ་མས་ཡིན་ཚུལ་དུ།

དུས་ནན་ཏུ་གསུང་ཀྱང་ཡེ་ཤེས་དབེན།

དེ་སྐད་ཅིག་གསལ་སྟོང་ཟུང་འཇུག་པས།

སེམས་རོ་གཅིག་རྟོགས་པར་བྱིན་གྱིས་རློབས།

ལུས་དལ་འབྱོར་མི་ལུས་ཐོབ་པའི་དུས།

ལས་སྤྱོད་བཟང་དགེ་ལ་མ་བརྩོན་ན།

དོན་མེད་པ་ཁང་སྟོང་རྐུན་་འདྲ།

རྒྱུ་ནོར་ཟས་ཕུན་ཚོགས་འབྱོར་ལྡན་དུས།

དགེ་མཆོད་སྦྱིན་ཕྱོགས་སུ་མ་ནུས་ན།

ཡིད་རྨི་ལམ་དུས་ཀྱི་ནོར་རྙེད་འདྲ།

ཆུང་ན་སོ་དར་རྒྱས་སྟོབས་ལྡན་དུས།

ལུས་ངལ་མེད་ཕྱག་སྐོར་མ་བརྩོན་ན།

ལས་སླ་དུས་བྱ་བ་མ་སྒྲུབ་འདྲ།

ཕ་བླ་མ་དམ་པ་དངོས་བཞུགས་དུས།

བོན་ཕྱི་ནང་གསང་གསུམ་མ་ཞུས་ན།

མ་འོ་ཅན་བུ་ཡིས་མ་འཐུང་འདྲ།

ལས་དགེ་སྡིག་རྒྱུ་འབྲས་ཤེས་དུས་སུ།

དོན་དགེ་སྒྲུབ་སྡིག་སྤངས་མ་ནུས་ན།

རང་ཤེས་བཞིན་དུག་ལ་འཐུང་བ་འདྲ།

བོན་དྲང་ངེས་ཟབ་མོ་ཐོབ་དུས་སུ།

ཡིད་གཞུང་བཞིན་ནན་ཏན་མ་བརྩོན་ན།

རྒྱུ་རིན་ཆེན་ལག་ས་ཟིན་ཤོར་འདྲ།

སེམས་གནས་ལུགས་སྐྱོང་ཚུལ་ཤེས་དུས་སུ།

དུས་རྒྱུན་བཞིན་འབྲལ་མེད་མ་བསྒོམ་ན།

རྒྱུ་ནོར་བུ་སྨོན་ལམ་མ་ཐེབ་འདྲ།

དཔེ་འདྲ་བཞག་བདུན་གྱི་གུར་མ་འདི།

སྤྲང་ཉི་འབུམ་མིང་ཞེས་འབོད་པ་དེས།

གེབ་ཤེ་ཙུ་ཨ་ཡུ་སོགས་འགའ་ལ།

དབང་ཟབ་མོ་བསྐུར་སྐབས་སྦྱར་བའོ།

ཞེས་ཀྱང་གདམས་སོ།  གོང་མའི་འཕྲོ་མཐུད།      
 
 
Re:༢༽སྤ་སྟོན་ཉི་མ་འབུམ་གསལ་གྱི་རྣམ་ཐར།
[ 2012/7/27 19:41:25 | By: yungdrun ]
 
yungdrunསྨན་པར་འདུག་གོ་ཉི་འབུམ་རྣམ་ཐར་འདི།།
མངོན་པར་བསྟོད་དོ་སྤ་སྲས་རིན་པོ་ཆེ།།
བསྔགས་པར་འོས་སོ་སྦྲ་ཆེན་ཀུ་ས་ལི།།
མུ་ནས་འཐུད་དོ་དོན་གྱི་ཟིན་བྲིས་པ།།
སྤུ་བླ་བས་རང་ཤག་ནས།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.