བོན་འཁོར་གསེར་གྱི་འཁོར་ལོ་རྩིབས་སྟོང་ཅན།
མཁྱེན་བརྩེའི་དཀྱིལ་འཁོར་ལྷ་ཡི་རྫིང་རིང་ཁྱོན།
ཐབས་མཁས་ཕྲིན་ལས་སྐར་ཚོགས་གཏམས་པ་ལས།
འཆད༵་རྩོད༵་རྩོམ༵་པ་ཉ་གང་ཟླ་གཞོན་འོད།
སྲིད་ཁམས་རྨོངས་མུན་གཉེན་དུ་དགེ་མཚན་འབར།
གཟི་བརྗིད་ལས།
འཆད་པས་སེམས་ཅན་བློ་ཡི་ཤེས་རྒྱུད་གྲོལ།
རྩོད་པས་མཚན་མ་ཚིག་གིས་སྒྲོས་འདོགས་གཅོད།
རྩོམ་པས་གང་ཞིག་འཇུག་པའི་ལམ་སྒོ་དབྱེ།
འཆད་པས་མི་ནུབ་བསྟན་པའི་རྒྱལ་མཚན་ཚུགས།
རྩོད་པས་བསྟན་པའི་རུ་དར་མཁའ་ལ་ཕྱར།།
རྩོམ་པས་བསྟན་པའི་སྒྲོན་མེ་ཡོངས་ལ་འདེགས།
དེ་གསུམ་ཟུང་འབྲེལ་བསྟན་པའི་རྒྱལ་མཚན་ཏེ།
དེ་ཕྱིར་བསླབ་པ་དག་ལ་རབ་ཏུ་གུས།
ཞེས་བསླུ་མེད་གཤེན་ཞལ་གཙང་མའི་ལུང་འདི་ཉིད་ཁུངས་ཀྱི་གཞི་བྱས་ཏེ་གླེང་བར་བྱ་བ་སྟེ།
སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དེ་ཉིད་ལོ་ཀའི་ཁམས་འདིར་གསལ་བར་བྱེད་པའམ་དེའི་དགོས་དོན་སྒྲུབ་པ་ལ་འཆད་རྩོད་རྩོམ་གསུམ་གྱི་བོན་གྱི་འཁོར་ལོ་འདི་ཉིད་ནི་ཐབས་ཀུན་ལས་མཆོག་ཏུ་བསྔགས་ཏེ།
རིག་པའི་གནས་དང་བསྟན་པའི་བོན་སྒོ་ཀུན་ལ་བཀོལ་བར་འཇུག་ཅིང་ཐབས་ཟབ་ཅིང་ཕུན་སུམ་ཚོགས་པའི་ཕྱིར་རོ།
དེས་ན་དེའི་དོན་བཤད་པའི་འོས་སུ་ཆེ་བ་ལགས་ན། ༈སྐབས་འདིར་དང་པོ་འཆད་པ་བོན་གྱི་འཁོར་ལོ་ཉིད་ཀྱིས་རྒྱལ་བའི་བསྟན་པ་རིན་པོ་ཆེ་གསལ་བར་བྱེད་པའི་ཚུལ་ལ་རྣམ་པ་བཞི་ཡི་སྒོ་ནས་བཤད་པར་བྱ་སྟེ།
གང་ཞེ་ན། བཤད་བྱ་གཉན་པའི་བོན་དང་། འཆད་པར་སྤྲོ་བའི་བཤེས་གཉེན་དང་། ཉན་པར་མོས་པའི་སློབ་མ་དང་།
དེ་སུམ་ལྡན་གྱི་འཆད་པ་དེ་ཉིད་ཚུལ་ཇི་ལྟར་བསྟན་པའི་གསལ་བྱེད་དུ་འགྱུར་ཚུལ་དངོས་བཤད་པ་དང་བཞིའོ།
དང་པོ་བཤད་བྱ་གཉན་པའི་བོན་ནི། རྒྱལ་བའི་བཀའ་དང་བརྟེན་པའི་སྡེ་རྣམས་སོ། གཉིས་པ་འཆད་པར་སྤྲོ་བའི་བཤེས་གཉེན་ལ།
སྦྱངས་པའི་བློ་གྲོས་ནི། སྤྱིར་བཅུ་ཕྲག་གི་རིག་པ་དང་རྒྱུ་འབྲས་ཀྱི་བོན་སྡེ་གང་ལ་ཕྱོགས་མེད་ཀྱི་གོ་རྟོགས་ལྡན་པ་དང་།
སྒོས་སུ་བཤད་བྱའི་གནས་ལ་མ་རྨོངས་ཤིང་གཞུང་ཚིག་སྔ་ཕྱི་རྣམས་བརྗོད་བྱར་འབྲེལ་ཆགས་པར་ཚིག་གི་འབྲུ་དོན་ལ་འགྲེལ་མཁས་པ་ཞིག་གོ།
བསམ་པའི་ཀུན་སློང་ནི། རང་ཉིད་ཞི་བདེའི་དོན་དང་འཇིག་རྟེན་གྱི་གྲགས་སྙན་སོགས་ཐོབ་པའི་རེ་འདོད་ཀྱིས་བརླན་པ་མ་ཡིན་པ་ཞིག་དགོས་པར་སྣང་སྟེ།
འབུམ་ལས། སེམས་ཅན་རྣམས་ཡོངས་སུ་སྨིན་ཅིང་། འཁོར་རྣམས་ཤེས་པའི་རྒྱུད་བཀྲོལ་ཕྱིར་བཤད་ཀྱིས།
འདི་ལ་རབ་ཏུ་ཉོན་ཅིག ཅེས་ཐུགས་བསྐྱེད་པ་བཞིན། སྤྱིར་བསྟན་དང་འགྲོ་བའི་དོན་དུ་བསམ་པ་དང་བྱེ་བྲག་ཏུ་ཉེ་འཁོར་སློབ་བུ་ལ་ཕན་བྱེད་ཀྱི་བརྩེ་སེམས་རིས་མེད་དུ་བསྐྱེད་པ་ཞིག་དགོས་སོ།
བློ་ལྡན་རྗེས་སུ་འཇུག་པའི་ཐབས་ལ་མཁས་པ་ནི། བསྡུ་བ་རྣམ་བཞིའི་ཐབས་ལ་སོགས་གཞན་དྭངས་པ་འདྲེན་པར་གང་ལ་གང་འོས་ཐབས་ཀྱི་སྒོ་མ་འགག་པ་སྣ་ཚོགས་པར་སྟོན་མཁས་པ་ཞིག་དགོས་སོ།
གསུམ་པ་ཉན་པར་འོས་པའི་སློབ་མ་ནི། འཕྲལ་གྱི་དཀའ་སྡུག་གང་ལ་ཞུམས་པ་མེད་ཅིང་སྦྱང་བྱའི་གནས་ལ་འཇུག་འདོད་ཀྱི་འདུན་པའམ་མོས་པ་བརྟན་པ་ནི་ས་གཞི་ལྟར་ཀུན་བསྐྱེད་ཀྱི་གཞི་རུ་འགྱུར་བ་དང་།
ཐོས་ཙམ་ནས་མི་འདོར་བར་གར་སྦྱིན་ལ་སྦྲང་བུ་སོགས་ཆགས་པ་ལྟར་ཐོས་དོན་གང་དག་དྲན་འཛིན་གྱིས་འཚོ་བའམ་ཐོས་དོན་མི་བོར་ཞིང་ཡང་ནན་དུ་དྲན་པ་བསྐྱེད་པ་ནི་ཟླ་བ་ཡར་ངོའི་འཕེལ་རིམ་ལྟ་བུ་དང་།
འདོད་ལྔའི་སྣང་བ་སྣ་ཚོགས་པས་བསླུ་བྲིད་ཀྱི་རྗེས་སུ་མི་འདེད་པར་ཐོས་དོན་ལ་རྩེ་གཅིག་ཏུ་གནས་པའི་ཏིང་ངེ་འཛིན་ནི་གཞན་རྐྱེན་གྱིས་བསྒྱུར་དུ་མེད་པ་གཙོ་མའི་གསེར་ལྟ་བུའམ་ཐོས་དོན་ལ་མི་བསམ་པར་ཆོག་ཤེས་ཀྱིས་ཚིམས་པ་ལྟར་མ་ཡིན་པར་རང་བློས་ཅི་ལྕོགས་ཀྱི་རྣམ་དཔྱོད་ལ་བརྟེན་ཏེ་ཐོས་དོན་ལ་ནན་མོར་རྣམ་པར་འབྱེད་ནུས་པ་ཞིག་ཅིས་ཀྱང་དགོས་པར་སྣང་བས་ལག་ཏུའང་ལེན་པར་གལ་ཆེའོ།
གཞན་ཡང་ཞི་དུལ་ཉེར་མཁོའི་ཡན་ལག་གི་སྤྱོད་པ་ནི། རང་རྒྱུད་ལ་ཚོགས་བསགས་ཤིང་སློབ་དཔོན་གྱི་ཐུགས་བཟུང་བའི་ཆེད་དམ་སྐབས་འཕྲལ་བཤད་བྱའི་བླང་འདོར་གྱི་གནས་རྣམས་ཚིག་ཐོག་ནས་གོ་བ་བསྐྱེད་པར་ཕན་པའི་ཡན་ལག་ཏུ་གྱུར་པ་ནི།
འཆད་ཉན་གྱི་སྐབས་ན་ཐེག་སྒོ་སྤྱི་ལ་རྒྱུགས་པའི་སྒོ་གསུམ་གྱི་སྒོ་ནས་གུས་པ་བྱེད་ཚུལ་དང་།
བྱེ་བྲག་ཏུ་ཕྱི་ནང་གསང་གསུམ་གྱི་བོན་སྒོ་རང་རང་དང་བསྟུན་པའི་སྒོ་གསུམ་གྱི་འདུག་ཚུལ་ལམ་གནས་ཚུལ་གཉིས་ལས།
དང་པོ་སྤྱི་ལ་རྒྱུགས་པའི་སྒོ་གསུམ་གྱི་གུས་ཚུལ་ལས་ལུས་ཀྱི་གུས་ཚུལ་ནི། གཟི་བརྗིད་ལས།
དང་པོ་ལུས་ཀྱི་གུས་པ་ལྔ་ལྡན་ནི། རྐང་པ་གུས་པ་པུས་མོ་མཉམ་དུ་གཤིབ། ལག་པ་གུས་པ་ཐུགས་ཀར་ཐལ་མོ་སྦྱར།
མགོ་བོ་གུས་པ་ཞབས་ཀྱི་པད་མོ་གཏུགས། སྐུ་སྟོད་གུས་པ་དཔུང་སོག་རབ་ཏུ་གཞོལ། སྐུ་སྨད་གུས་པ་བརྟན་བརྗིད་ས་ལ་འདུག
གུས་པ་ལྔ་ལྡན་ལུས་ཀྱི་མཚན་ཉིད་དོ། ཞེས་སོ། ངག་གི་གུས་ཚུལ་ནི། ཡང་དེ་ཉིད་ལས་། གཉིས་པ་སྤྲོ་དགའ་དབྱངས་སྙན་ངག་ལས་སུ།
སྤྲོ་བའི་ཚིག་དང་དགའ་བའི་ཞུ་དོན་གསོལ། དབྱངས་ནི་སྙན་ཅིང་ཆེ་ཆུང་རན་པར་སྤྲོ། སྤྲོ་དགའ་དབྱངས་བསྐྱེད་ངག་གི་མཚན་ཉིད་དོ།
ཡིད་ཀྱི་གུས་ཚུལ་ནི། མོས་པ་དགའ་རབ་དྭངས་པ་འདུན་པར་གཅེས། མཆོག་ཏུ་འཛིན་པ་དད་པ་འགྱུར་མི་ལྡོག
དགའ་རབ་མཆོག་བསྐྱེད་ཡིད་ཀྱི་མཚན་ཉིད་དོ། སྤྱིར་ན་ཐམས་ཅན་ཀུན་ལ་རྒྱུགས་པ་སྟེ། ཞེས་གསལ་བར་གདམས་པ་རྣམས་ཚིག་ཐོག་ནས་ངོ་འཕྲོད་ཅིང་ལག་ལེན་རྒྱུད་ཐོག་ཏུ་འབྱོར་བ་ཞིག་ཀྱང་གལ་ཆེ་བར་མངོན།
གཉིས་པ་ཕྱི་ནང་གསང་གསུམ་གྱི་བོན་སྒོ་རང་རང་དང་བསྟུན་པའི་སྒོ་གསུམ་གྱི་གནས་ཚུལ་རྣམས་སྤྱིར་བཤད་བྱའི་འོས་སུ་ཆེ་ཡང་རེ་ཞིག་བཏང་སྙོམས་སུ་བོར།
འོན་ཀྱང་འདིར་དེ་དག་ལུས་ངག་ཡིད་གསུམ་གྱི་གནས་ཚུལ་གཅིག་ཏུ་དྲིལ་བའི་ཚུལ་ཅུང་ཟད་གླེང་བར་སྤྲོ་བ་ནི།
ལུས་ཀྱི་སྒོ་ནས་ཕན་ཚུན་འཐབ་འཁྱུད་སོགས་རང་དགར་ཚུལ་མིན་གྱི་གཡོ་འགུལ་ལ་མི་འཇུག་པར་བག་ཕེབས་རང་སར་གནས་པ་དང་།
ངག་གི་སྒོ་ནས་ཀྱང་དགོས་དབང་གིས་ཞུ་ལན་སྐབས་ལ་མ་བབས་པར་སྨྲ་མེད་ལྐུགས་པའི་ངང་ཚུལ་ལྟར་གནས་པ་དང་།
ཡིད་ཀྱི་སྒོ་ནས་ཀྱང་དེ་བཞིན་སློབ་དཔོན་གྱིས་འཆད་འཁྲིད་ཀྱི་ངག་ལ་སེམས་རྩེ་གཅིག་ཏུ་འཇུག་པ་ལས་ཕྱི་རོལ་གྱི་སྣང་བ་གཞན་ལ་མི་འཕྲོ་བ་སྡོམ་པར་གནས་པ་བཅས་དགོས་ཏེ།
གཟི་བརྗིད་ལས། ལར་ཡང་ལུས་ངག་ཡིད་གསུམ་གཅིག་དྲིལ་བ། ལུས་ནི་འཆད་པའི་ཐུན་མཚམས་མ་རྫོགས་པར།
མི་གཡོ་མི་བསྒུལ་མི་སྤྱོད་རང་སར་བཞག ངག་ནི་ཞུ་ལན་སྐབས་ལ་མ་བབ་པར། མི་སྨྲ་མི་གླེང་མི་བརྗོད་ལྐུགས་པར་བཞག
སེམས་ནི་ལྕགས་སྦུག་ནང་དུ་ཆུ་དྲངས་དང་། སྒྲོན་མེ་རླུང་གིས་མ་བསྐྱོད་ལྟ་བུ་དང་། བུམ་པ་ཆུ་ཡིས་བཀང་པ་ལྟ་བུ་དང་།
ན་རེ་སྤྲེང་ངེ་ཁྱུག་གེ་རྗེན་ནེ་པ། ས་ལེ་ཧྲིག་གེ་ཡ་ལེ་ལྷན་ནེ་བ། མེར་རོ་ཀྱི་ལེ་ལྡེམ་མེ་ལྷོད་དེ་བ།
ཕྱི་ནང་གསང་གསུམ་གང་དུ་བརྟེན་དང་སྦྱར། གཞིགས་དང་འབྲེལ་༼ འགྲེལ་ ༽དང་བརྟག་སྤྱོད་༼ དཔྱད་ ༽མ་གཏོགས་པའི། རྒྱུན་གྱི་ཉན་འཆད་དུས་སུ་དེ་ལྟར་བཞག
ཞེས་གསུངས་སོ།།
བཞི་པ་ལ་གཞི་དེ་ལྡན་ཐོག་ཇི་ལྟར་འཆད་པ་དང་། དེ་ཉིད་བསྟན་པའི་གསལ་བྱེད་དུ་འགྱུར་ཚུལ་བཤད་པ་གཉིས་ལས།
དང་པོ་ལ་ཡང་ཐེག་སྒོ་སོ་སོའམ་གཞུང་རང་རང་དང་བསྟུན་པའི་འཆད་ཚུལ་ཆེས་མང་སྟེ་སྤྱིར་ཕྱི་ནང་གསང་གསང་གསུམ་གྱི་འཆད་ཚུལ་དང་ནང་གསེས་ཡང་ཕྱི་ལ་མདོ་དང་མཛོད་འདུལ་བ་མཚན་ཉིད་ས་ལམ་དང་ལྔ་ཡི་དང་།
ནང་ལའང་རྒྱུད་དང་ལུང་མན་ངག་གཞུང་ཆ་ལག་དང་ལྔ་ཡི་དང་། གསང་བ་ལ་ཡང་ལྟ་སྒོམ་སྤྱོད་འབྲས་དམ་ཚིག་དང་ལྔ་ཡི་འཆད་ཚུལ་གསུངས་པ་རྣམས་གཞུང་སོ་སོའི་སྐབས་ན་ལག་ཏུ་བླང་བར་བྱ་དགོས་པ་ནི་གལ་ཆེ་ཡང་འདིར་ཡིག་ཚོགས་མང་དྭོགས་ཀྱིས་གཞུང་གཞན་ནས་ཤེས་པར་བྱའོ།
སྐབས་འདིར་གཞུང་སོ་སོར་མ་ཕྱེས་པར་ཀུན་ལ་སྤྱི་རྒྱུག་གི་འཆད་ཚུལ་ཞིག་སྟེ།
དེ་ཡང་གང་བཤད་བྱའི་གཞུང་དོན་ནི་བཅུ་ཕྲག་གི་གནས་དང་རྒྱུ་འབྲས་ཀྱི་བོན་སྡེ་གང་ལ་གཏོགས་ཀྱང་དེ་ཉིད་རྒྱས་བསྡུས་ཀྱི་སྤྲོ་བསྡུ་ནི་སློབ་བུའི་བློ་ཚོད་དང་འཚམས་པ་འགྲེལ་པ་དང་དེ་ལའང་གསལ་བྱེད་ཀྱི་དཔེ་དང་སྒྲུབ་བྱེད་ཀྱི་གཏན་ཚིགས་བཅས་ཐབས་ཕུན་སུམ་ཚོགས་པར་སྟོན་ཞིང་།
སློབ་བུའི་དཀའ་གནད་རིགས་ལན་གྲངས་ཇི་སྙེད་དྲིས་ཀྱང་ངལ་དུབ་ཀྱིས་གཡོལ་ཐབས་ལ་མི་གཤོམ་བར་བཟོད་སྲན་གྱི་གོ་ཆ་གྱོན་ཏེ་ངེས་པ་མ་དྲངས་པར་ནན་ཏན་ཏུ་འཆད་ཁྲིད་བྱེད་པ་བཅས་ལ་བརྩོན་དགོས་ངེས་ལགས་སོ།
གཉིས་པ་བསྟན་པ་རིན་པོ་ཆེ་གསལ་བར་འགྱུར་བ་དེའི་དོན་ནི་སྤྱིར་གདུལ་བྱའི་བློ་ཚོད་དང་བསྟུན་པར་བསྟན་པའི་བོན་ལའང་དེའི་ཚོད་ཀྱིས་མཐའ་ཀླས་ཀྱང་འདིའི་བརྗོད་བྱའི་གཙོ་བོ་ནི།
ལུང་རྟོགས་གཉིས་ཟུང་འབྲེལ་གྱི་བསྟན་པ་རིན་པོ་ཆེ་དེ་ཉིད་གདུལ་བྱའི་བློ་ལ་གསལ་བར་བྱེད་པའི་དོན་ལ་བྱ་བས།
ཚུལ་དེ་ལྟར་འཆད་པ་དེས་བསྟན་པ་གསལ་བར་བྱེད་པ་སྟེ་སྤྱིར་གདུལ་བྱའི་ཁམས་དང་མོས་པ་ལ་བསྟུན་ཏེ།
རྒྱུ་འབྲས་བླང་འདོར་གྱི་སྤྱོད་པ་ཆ་ཕྲ་བ་ནས་དཀའ་སྤྱད་ལམ་རིམ་གྱི་རྩོལ་སྒྲུབ་ཕྱིན་བཅུ་གཞན་དོན་དུ་སྤྱོད་པ་དེ་དག་གིས་མཚོན་པའི་ཀུན་རྫོབ་དྲང་དོན་གྱི་བོན་གྱུར་རོ་ཅོག་རྣམས།
གནས་སྐབས་སུ་གདུལ་བྱ་རང་རང་གི་ངོར་དངོས་སུ་ལོངས་སུ་སྤྱད་བྱར་གང་ལ་གང་འོས་སུ་གསལ་བར་བསྟན་པས།
རྒྱུད་ལ་སྒྲིབ་གཉིས་ཀྱིས་བསྡུས་པའི་ཚུལ་མིན་རྣམ་རྟོག་གི་རྒྱུ་བ་དང་དེས་བཞག་པའི་སེམས་རྒྱུད་ཀྱི་དྲི་མའི་ས་བོན་ཆ་ཕྲ་བ་ཀུན་ཁད་ཀྱིས་དྲུང་ནས་ཕྱུངས་ཏེ།
མཐར་ཐུག་སྤངས་རྟོགས་ཀྱི་ཡོན་ཏན་རྣམས་མངོན་དུ་འབྱོར་བ་གསལ་བར་བསྟན་པའི་ཕྱིར་རོ།། ཞེས་བྱའོ།།
གཟི་བརྗིད་ལས།
།།བཀའ་ལུང་ཟད་མེད་བདུད་རྩིའི་རྒྱ་མཚོ་ལ།།
།།འགྲོ་བ་ཉོན་མོངས་ཐ་བ་རབ་བརླན་ནས།།
།།ཡང་དག་དོན་གྱི་འབྲས་བུ་བསྐྱེད་པའི་ཕྱིར།།
།།འཕྲུལ་ངག་བདེན་པ་བོན་གྱི་ཆར་ཆེན་དབབ།།
ཅེས་དང་།
དེ་དག་འཆད་པའི་འཁོར་ལོ་ཡིས།།
དགེ་འདུན་ཚོགས་པའི་རྒྱ་མཚོར་འཛིན་།།
འགྲོ་བ་མ་རིག་མུན་བློ་སེལ།།
རབ་འབྱམས་བོན་འཁོར་སྐོར་བར་མཛོད།།
ཞེས་པས་འཆད་པའི་བྱེད་ལས་དང་དགོས་དོན་གསལ་བར་བསྟན་པའོ།།
གཟི་བརྗིད་ལས།།
རྩོད་པས་བསྟན་པའི་རུ་དར་མཁའ་ལ་ཕྱར།།
ཞེས་གསུངས་པ་ལྟར།།
གཉིས་པ་རྩོད་པ་བོན་གྱི་འཁོར་ལོ་བསྟན་པའི་གསལ་བྱེད་དུ་འགྱུར་ཚུལ་བཤད་པ་ལ་ལྔ་ཡི་སྒོ་ནས་བསྟན་པར་བྱ་སྟེ།
གང་ཞེ་ན། རྩོད་པ་འཇུག་ས་གཞི་ཡི་དོན་དང་། ཕ་རོལ་རྒོལ་བ་སྔ་རྒོལ་གྱི་རྟེན་དང་། སུན་འབྱིན་བརྗོད་པ་ཕྱི་རྒོལ་གྱི་རྟེན་དང་།
བདེན་རྫུན་ཤན་འབྱེད་དཔང་པོའི་རྟེན་དང་། དེ་བཞི་ལྡན་གྱི་ལམ་ནས་རྩོད་པ་དེ་བསྟན་པའི་གསལ་བྱེད་དུ་འགྱུར་ཚུལ་དངོས་བཤད་པ་དང་ལྔའོ།
དང་པོ་རྩོད་པ་འཇུག་ས་གཞི་ཡི་དོན་ནི། ཐེག་པ་ཆེ་ཆུང་རང་སོར་སྒོ་དང་བསྟུན་པའི་བོན་སྒོའམ་གསུང་རབ་སོགས་ལས་བྱུང་བའི་ཐོས་བསམ་བྱ་ཡུལ་གྱི་དོན་དང་ཚིག་གིས་བསྡུས་པ་ཇི་སྙེད་པ་རྣམས་སོ།
གཉིས་པ་སྔ་རྒོལ་ནི། དམ་བཅའ་བརྗོད་ནུས་པ་དང་། སྒྲུབ་བྱེད་འགོད་ནུས་པ་དང་། སྐྱོན་སྤོང་བརྗོད་ནུས་པ་བཅས་ཁྱད་པར་སུམ་ལྡན་ཞིག་དགོས་པར་སྣང་།
དམ་བཅའ་བརྗོད་ནུས་པ་ནི། རང་གིས་རྒྱལ་བའི་བཀའ་ལུང་དག་ལས་ཐོས་བསམ་གྱིས་འབྱོར་བའི་དྲང་ངེས་གྱི་དོན་ཇི་སྙེད་པ་རྣམས་ཕྱི་རྒོལ་གྱིས་འདྲི་བའི་སྐབས་ན་མཁྱུད་སྤྱད་ཀྱིས་དབེན་པར་བརྗོད་ནུས་པ་ཞིག་དགོས་སོ།
སྒྲུབ་བྱེད་འགོད་ནུས་པ་ནི། སྔ་མར་རང་གི་འདོད་དོན་བརྗོད་པ་གང་ལ་ཕྱི་རྒོལ་བས་དེའི་སྒྲུབ་བྱེད་ལུང་རིགས་གང་འདྲི་ཚེ་དེ་མཐུན་གཤའ་མར་ལུང་རིགས་ཀྱི་སྒྲུབ་བྱེད་སྟོན་ནུས་པ་ཞིག་གོ། སྐྱོན་སྤོང་བྱེད་ནུས་པ་ནི། བརྒྱ་ལ་རང་གིས་ལུང་རིགས་ཀྱི་བསྒྲུབ་བྱ་དང་སྒྲུབ་བྱེད་བརྗོད་པ་གང་ལ་ཕྱི་རྒོལ་བས་སྐྱོན་བརྗོད་བྱུང་ཚེ་དྭངས་པ་བསྐྱེད་ནས་དྲིས་ལན་སྐབས་དང་སྦྱར་ནས་སྐྱོང་སྤོང་རྣལ་མར་བྱེད་པ་ལ་ཉམ་མི་མངའ་བ་ཞིག་དགོས་སོ།
གསུམ་པ་ཕྱི་རྒོལ་གྱི་རྟེན་ནི། དམ་བཅའ་འདྲི་ནུས་པ་དང་། སྒྲུབ་བྱེད་འདྲི་ནུས་པ།
སུན་འབྱིན་བརྗོད་ནུས་པ་བཅས་ཁྱད་པར་བཞི་ལྡན་ཞིག་ངེས་སོ། དམ་བཅའ་འདྲི་ནུས་པ་ནི། རང་གི་ནུས་པས་གསུང་རབ་ཀྱི་དགོངས་དོན་རྟོག་དཔྱོད་བྱ་མི་ནུས་པ་དང་བྱས་ཀྱང་རྨོངས་རྒྱ་ལས་གྲོལ་མ་ཐུབ་པའམ་ཡང་ན་དྭོགས་པའི་གཞིར་བཅས་པ་ཇི་སྙེད་པ་ཀུན་ཕྱི་བཤོལ་གྱིས་གླེས་ལ་མི་བོར་བར་ངལ་བ་སྤངས་ནས་སློབ་དཔོན་ནམ་སྔ་རྒོལ་མཁས་པ་ལ་འདྲི་བརྩད་བྱ་ནུས་པའོ།
སྒྲུབ་བྱེད་འདྲི་ནུས་པ་ནི། སྔ་མར་གཞན་གྱིས་འདོད་དོན་བརྗོད་པ་ཙམ་གྱིས་ཡིད་ཚིམས་པ་དབང་རྟུལ་དད་པའི་རྗེས་འབྲེང་བ་ལྟར་སྨྲ་མེད་ལྐུགས་པའི་ངང་ཚུལ་མི་འཛིན་པར་དེ་ལ་ལུང་རིགས་ཀྱི་སྒྲུབ་བྱེད་ངེས་པ་དྲང་ཐུབ་པར་འདྲི་ནུས་པ་ལ་བྱའོ། སུན་འབྱིན་བརྗོད་ནུས་པ་ནི། སྒྲུབ་བྱེད་འདྲི་སྐབས་ན་བརྒྱ་ལ་རྒོལ་བས་འཁོར་གསུམ་མ་ཚང་པ་སོགས་སྒྲུབ་བྱེད་ལྟར་སྣང་བཀོད་པ་ལ་ལན་སྐབས་དང་སྦྱར་ནས་རྒོལ་བའི་རྒྱུད་ལ་མ་རྟོགས་ལོག་རྟོག་སོགས་སེལ་བར་བྱེད་ནུས་པའི་ཐལ་འགྱུར་རྣམ་དག་དགོད་པ་ལ་གཞན་འདྲིང་མི་འཇོག་པ་ཞིག་དགོས་སོ།
བཞི་པ་བདེན་རྫུན་ཤན་འབྱེད་ཀྱི་དཔང་པོ་ནི། གཞན་གྱི་རྩོད་ངག་རྗེས་ཟློས་ནུས་པ་དང་། བརྗོད་དོན་ལ་བདེན་རྫུན་ཤན་འབྱེད་ནུས་པ་ཞིག་དགོས་སོ།
རྩོད་ངག་རྗེས་ཟློས་ནུས་པ་ནི། རྒོལ་ཕྱི་རྒོལ་གཉིས་ཀྱི་རྩོད་ངག་བརྗོད་པ་ལྟར་གསལ་པོར་ཡོང་སླད་བསྐྱར་ནན་བརྗོད་ནུས་པའོ། བདེན་རྫུན་ཤན་འབྱེད་ནུས་པ་ནི། རྒོལ་ཕྱི་རྒོལ་གཉིས་ཀྱིས་རྩོད་པའི་ཚིག་དོན་རྣམས་ལས་གང་བདེན་དྲང་པོའི་ལམ་ནས་ཤན་འབྱེད་ནུས་པ་ཞིག་ལའོ།
ལྔ་པ་གཞི་དེ་ལྡན་གྱི་རྩོད་པ་དེ་ཉིད་བསྟན་པའི་གསལ་བྱེད་འགྱུར་བར་བཤད་པ་ལ་གཉིས་ཏེ།
དང་པོ་གཞི་དེ་ལྡན་ཐོག་ཇི་ལྟར་རྩོད་པ་དང་། ཚུལ་དེ་ལྡན་གྱི་རྩོད་པ་བསྟན་པའི་གསལ་བྱེད་དུ་འགྱུར་བ་དངོས་བཤད་པ་གཉིས་ཏེ།
དང་པོ་ལ་རྩོད་པ་གནང་སྐབས་སུ་གཞན་རྗེས་སུ་འཛིན་པའི་ཐབས་ཀྱི་ཁྱད་པར་ཕྱི་ཡི་ཚུལ་ལ། ལུས་ཀྱིས་སྟངས་སྟབས་བགེགས་ལས་རྣམ་པར་རྒྱལ་བའི་ཚུལ་སྣང་བ་བཞིན་བྱ་ཞིང་ཞལ་འཛུམ་ལ་སྤྲོ་བའི་ཉམས་རྒྱས་པ་དང་།
ངག་འཇམ་ཞིང་ཚིག་སྲང་ལ་བརྟན་པོར་སྨྲ་བ་བཅས་གཞན་དྭངས་པ་བསྐྱེད་པའི་རྩོད་པའི་རྣམ་འགྱུར་བརྗིད་ཉམས་དང་ལྡན་པའི་ཐབས་དང་མི་འབྲལ་བར་གལ་ཆེའོ།
རྒྱུད་སྨིན་པར་བྱེད་པ་ནང་གི་སེམས་བསྐྱེད་ནི། གཞན་དོན་དུ་རང་རྒྱུད་ཀྱི་རྟོགས་པ་ཡར་ངོའི་ཟླ་ལྟར་གོང་ནས་གོང་དུ་འཕེལ་བར་རེ་བ་དང་།
གཞན་རྒྱུད་ཀྱི་མ་རྟོགས་ལོག་རྟོག་ཐེ་ཚོམ་གྱི་དྲི་མ་རྣམས་བསལ་བར་ཡིད་གཏིང་ནས་རེ་བའི་བརྩེ་སེམས་དང་ལྡན་པ།
སངས་རྒྱས་ཀྱི་བསྟན་པ་ལོ་ཀའི་ཁམས་འདིར་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་ལ་ཕན་པར་སྙམ་པའི་ཀུན་སློང་གཤའ་མར་བསྐྱེད་ཐོག རང་གིས་རྒྱུད་ཐོག་ཏུ་འབྱོར་བ་གསུང་རབ་སོགས་ལས་ཐོས་བསམ་གྱིས་དྲངས་པའི་དྲང་ངེས་ཀྱི་དོན་ཇི་སྙེད་པ་ལས་ཕྱི་རྒོལ་བས་འདྲི་བའི་སྐབས་ན་མཁྱུད་སྤྱད་ཀྱིས་དབེན་ཞིང་སྲོང་པོར་བརྗོད་ཅིང་།
དེ་ལའང་གཞན་གྱིས་ལུང་རིགས་ཀྱི་སྒྲུབ་བྱེད་གང་འདྲི་ཚེ་དེ་མཐུན་ལུང་རིགས་ཀྱི་སྒྲུབ་བྱེད་དང་དོན་ཉེ་འཇལ་གྱི་དཔེ་དང་བཅས་པ་གསལ་བར་འགོད་པའོ།
བརྒྱ་ལ་ཕྱི་རྒོལ་བས་སྔར་བརྗོད་པའི་ལུང་རིགས་ཀྱི་སྒྲུབ་བྱེད་གང་ལ་སྐྱོན་འདོན་ཚེ་དེ་ལའང་གནད་དུ་སྨིན་པའི་སྐྱོན་སྤོང་རྣམ་དག་འགོད་པ་དང་།
གཞན་ཡང་ཕྱི་རྒོལ་བས་ཚུལ་གསུམ་མ་ངེས་པ་དང་ངེས་ཀྱང་སྐབས་འགར་མ་དྲན་པའི་དུས་རྣམས་སུ་དེ་དོན་ལ་དགེ་བའི་སྒྲུབ་ངག་རྣམ་དག་འགོད་པ་དང་།
ཡང་ཕྱི་རྒོལ་བས་ཕྱིན་ཅི་ལོག་གི་གྲུབ་མཐའམ་དམ་བཅའ་ཁས་ལེན་ཚེ་སུན་འབྱིན་པའི་ཐལ་འགྱུར་རྣལ་མར་འཕེན་པའོ།
སྐབས་འགར་ཕྱོགས་གཉིས་ནས་བདེན་རྫུན་ཤན་འབྱེན་མ་ཐུབ་ཚེ་གོང་གསལ་གྱི་དཔང་པོ་ལ་བརྟེན་ཏེ།
བརྗོད་དོན་ལ་བདེན་རྫུན་ཇི་ལྟར་འདྲི་བ་དང་། དཔང་པོ་དེས་ཀྱང་དོན་གྱི་གནས་ཚུལ་ཇི་ལྟ་བ་དེ་བཞིན་པར་གང་བདེན་རྣམ་པར་འབྱེད་པ་བཅས་དགག་སྒྲུབ་ཕྱིན་ཅི་མ་ལོག་པ་གལ་ཆེར་སྨིན་པའི་ཚུལ་དེ་རྣམས་མི་འབྲལ་བར་ལག་ཏུ་ལེན་ཏེ་རྩོད་པ་རྣམས་སོ།
གཉིས་པ་ཚུལ་དེ་ལྡན་གྱི་རྩོད་པས་བདེར་བར་གཤེགས་པ་རྒྱལ་བའི་བཀའ་ལུང་རྣམས་ཀྱི་བརྗོད་བྱའི་གཙོ་བོ་སངས་རྒྱས་ཀྱི་བསྟན་པའི་ཉིང་ཁུ་དམ་པ་སྤངས་པ་དང་རྟོགས་པའི་ཡོན་ཏན་རྣམས་གནས་སྐབས་སུ་གདུལ་བྱའི་བློ་ལ་ཉམས་སུ་བླང་བྱར་གསལ་ཞིང་སྨིན་པར་བྱེད་པ་དང་མཐར་ཐུག་ཏུ་མངོན་དུ་འགྱུར་ཞིང་སྨིན་པ་དཔྱིོས་སུ་ཕྱིན་པར་བྱེད་པའི་ཕྱིར་རོ།།
ཞེས་སྨྲའོ།།
གཟི་བརྗིད་ལས།
རྩོད་ཅིང་རྩོད་པའི་རྒྱལ་པོ་འཛིན།།
མཁས་ཤིང་མཁས་པའི་དོན་རབ་གྲོལ།།
བླ་མེད་འཁོར་གསུམ་ཡོངས་རྫོགས་འགྱུར།།
དེ་དག་བསྟན་པའི་དཔལ་དུ་སྟེ།།
གང་དག་རིག་བྱེད་ཤེས་ལྡན་འབྱུང་།།
རྩོད་པ་བོན་གྱི་དྲུང་འབྱིན་ལ།།
དེ་དག་འཁོར་ལོ་རབ་བསྐོར་མཛོད།།
ཅེས་པས་རྩོད་པའི་དགོས་པ་དང་དེའི་བྱེད་ལས་བཅས་བསྟན་པས་དོན་གཉེར་ཅན་རྣམས་ཀྱིས་དོན་ཁྱད་འདི་དག་ལ་ཅིས་ནས་ཀྱང་རིག་པར་བྱ་ཞིང་གཞུག་པར་བྱའོ།།
གཟི་བརྗིད་ལས།།
།།རྩོམ་པས་བསྟན་པའི་སྒྲོན་མེ་ཡོངས་ལ་འདེགས།།
ཞེས་གསུངས་པ་ལྟར།།
གསུམ་པ་རྩོམ་པ་བོན་གྱི་འཁོར་ལོ་བསྟན་པའི་གསལ་བྱེད་དུ་འགྱུར་བར་བཤད་པ་ལ་དོན་བཞི་ཡི་སྒོ་ནས་བསྟན་པར་བྱ་སྟེ།
གང་ཞེ་ན། བརྩམ་བྱའི་དོན་དང་། རྩོམ་པ་པོ་དང་། གཞི་དེ་འབྲེལ་ཐོག་ཇི་ལྟར་རྩོམ་པ་དང་། རྩོམ་པ་དེ་ཉིད་བསྟན་པའི་གསལ་བྱེད་དུ་འགྱུར་བར་དངོས་བཤད་པ་དང་བཞིའོ།
དང་པོ་བརྩམ་བྱའི་དོན་ནི། ལྔ་རིག་གི་གནས་དང་རྒྱུ་འབྲས་ཐེག་དགུའི་བོན་སྡེ་མཐའ་ལས་འདས་པ་ཡོད་པ་དེ་རྣམས་སོ། གཉིས་པ་རྩོམ་པ་པོ་ལ་གཞི་རྣམ་པར་དག་པའི་སེམས་བསྐྱེད་ནི།
གཟི་བརྗིད་ལས། དེ་ལ་བྱང་ཆུབ་སེམས་ལྡན་གྱིས། འགྲོ་བ་ཚ་གདུང་བསལ་བའི་ཕྱིར། རྩོམ་པ་ཤེས་རབ་སྐྱོགས་ཀྱིས་བཅུས་གང་ལ་གང་འདུལ་ཆུ་རྒྱུན་སྦྲིང་།
ཞེས་དང་། ཡང་གབ་པ་ལས། མ་རྟོགས་སེམས་ཅན་ཚིག་གིས་མ་ཁྲིད་ན། མུན་པའི་མཛུབ་གཡུག་དེས་ཀྱང་བརྡ་མི་འཕྲོད།
ཅེས་པས། མ་རྟོགས་སེམས་ཅན་རྣམས་རྩོམ་པ་མིང་ཚིག་གི་སྦྱོར་བ་ཁོ་ན་ལ་བརྟེན་ནས་གནས་ལུགས་ཀྱི་དོན་དང་ལམ་འབྲས་བགྲོད་ཚུལ་རྒྱུ་འབྲས་བླང་འདོར་གྱི་གནད་རྣམས་རྟོགས་པ་ལས་ཐབས་གཞན་མེད་པར་བསྟན་པས་ན།
རང་གིས་སྔོན་དུ་རྩོམ་པའི་སྦྱོར་བ་ལ་དགའ་བ་ཆེར་མི་བསྐྱེད་པར་རྩོམ་པ་བཟང་ངན་ལས་འབྱུང་རྒྱུའི་ལེགས་ཉེས་ཀྱི་གནད་ལ་ལེགས་པར་བརྟག་རྗེས་ད་གཟོད་རྩོམ་པར་འདོད་པའི་ཕྱོགས་ལ་སྟ་གོན་རེམས་དགོས་པར་གལ་ཆེར་སྣང་།
དེས་ན་ལོ་ཀའི་ཁམས་འདིར་གྲགས་སྙན་ཆེ་ཐོབ་ཀྱི་གོ་སར་རེ་བ་ཙམ་མ་ཡིན་པར་བསྟན་པའི་གསལ་བྱེད་དང་ལས་སྐལ་ངན་པ་འགྲོ་བ་སྤྱི་མཐུན་གྱི་སྡུག་བསྔལ་དང་རྨོངས་བློ་ཇི་སྙེད་པ་སེལ་བའི་འོད་སྣང་དུ་འགྱུར་བའི་རེ་སྨོན་རྒྱ་ཆེར་བསྐྱེད་པ་ཞིག་དགོས་སོ།
རྣམ་དཔྱོད་ཀྱི་མཁྱེན་པ་ནི། སྡེ་སྣོད་ཀུན་ལ་ཕྱོགས་མེད་ཀྱི་མཁྱེན་རྒྱ་ཡངས་པ་དང་ལྷག་པར་དུ་བརྡ་སྤྲོད་རིག་པ་དང་རྩོམ་རིགས་ཀྱི་རིག་པ་ཟུང་ལ་གཞན་འདྲིང་མི་འཇོག་པའི་བློ་གྲོས་ཀྱི་སྣང་བ་རབ་ཏུ་རྒྱས་པ་ཞིག་དགོས་ངེས་སོ།
ཡང་རྩོམ་པ་མཐར་ཕྱིན་གྱི་ཐབས་ལ་རྣམ་གཡེང་ཕྱི་བཤོལ་གྱི་དུས་ལ་མི་འཛད་པའི་སླད་དུ་དམ་བཅའ་བརྩོན་འགྲུས་ཀྱི་སྐུལ་ལྕག་དུ་འཇོག་པ་ཞིག་ཀྱང་དགོས་སོ།
གསུམ་པ་གཞི་དེ་འབྲེལ་ཐོག་ཇི་ལྟར་རྩོམ་པ་ནི། སྤྱིར་བློ་རབ་འབྲིང་ཐ་མ་གསུམ་ལ་སྦྱར་ཏེ་རྩོམ་ཚུལ་དང་མདོ་སྔགས་རང་རང་གི་སྒོ་དང་བསྟུན་ཏེ་རྩོམ་ཚུལ་རྣམས་རྒྱས་པར་ཡོད་ཀྱང་འདིར་གླེང་བར་བྱ་བ་ནི་སྤྱི་ལ་རྒྱུགས་པའི་ཚུལ་ཞིག་ཏུ་བསམ་སྟེ།
དེས་ན་བརྩམ་བྱ་རིག་པའི་གནས་དང་བསྟན་པའི་བོན་གང་གི་ཕྱོགས་སུ་གཏོགས་ཤིང་དེ་ཡང་དོན་འགའ་ཞིག་གཞུང་དུ་མའི་ནང་དུ་བྱེར་ནས་གནས་པ་དང་ཡང་རེ་འགའ་གཞུང་རང་ལ་གོ་དཀའ་བར་གྱུར་པ་སོགས་གཙོ་བོར་བརྩམ་བྱར་དམིགས་ཏེ་དོན་གཉེར་ཅན་དག་ལ་སྨིན་པར་བྱེད་པ་མིང་ཚིག་བཅད་ལྷུག་གང་གི་ཚོམ་སྡེབས་ཏེ།
དེ་ཡང་བརྡ་སྤྲོད་རིག་གཞུང་གི་ལམ་སྲོལ་དང་མི་འགལ་བར་རང་གི་རྩོམ་གཞུང་དུ་མིང་ཚིག་གིས་བརྗོད་པ་ཀུན་ལའང་ཕྲད་དང་རྣམ་དབྱེ་སྦྱོར་ཚུལ་བཅས་ཆ་ཕྲ་བ་ནས་ལེགས་པར་འདོམ་སྟེ་སྡེབས་པའོ།
བཞི་པ་དེ་ལྟ་བུའི་རྩོམ་པ་དེ་ཉིད་བསྟན་པའི་གསལ་བྱེད་དུ་འགྱུར་བ་སྟེ། རྩོམ་པ་དེས་སངས་རྒྱས་ཀྱི་བསྟན་པའི་གཙོ་བོ་ལུང་རྟོགས་ཀྱི་བསྟན་པ་ཟུང་དུ་སྦྲེལ་ཏེ་ཐེག་པ་ཆེ་ཆུང་གི་སྒོ་དང་བསྟུན་པའི།
གཞི་ལམ་གྱི་ཉམས་ལེན་དང་ལས་སྤྱོད་ཀྱི་བླང་འདོར་སོགས་གནས་སྐབས་ན་ཉམས་སུ་བླང་བྱ་དང་མཐར་ཐུག་ཏུ་འཁོར་འདས་མཉམ་པར་རྫོགས་པ་བོན་སྐུ་བདེ་བ་ཆེན་པོ་སོགས་སྤངས་རྟོགས་མཐར་ཐུག་གི་ཡོན་ཏན་མངོན་དུ་བསྟན་པར་འགྱུར་བའི་ཕྱིར་རོ།།
གཟི་བརྗིད་ལས།
༸གང་ཞིག་རྩོམ་པའི་རྒྱ་མཚོ་ཡི།
དེ་ཉིད་རྩོམ་མཐར་ཕྱིན་པ་ན།
རྒྱལ་བའི་གདུང་འཛིན་དམ་པ་སྟེ།
ཀུན་ལས་རྣམ་འཕགས་རྣམ་པར་རྒྱལ།
༸གང་དག་རྩོམ་པའི་ཆུ་བོ་ཡིས།
དེ་ཉིད་ཉོན་མོངས་ཚ་གདུང་སེལ།
དེ་ཡི་འགྲོ་བ་ཐ་དག་ཀུན།
སྐོམ་པའི་གདུང་ངོམས་ངེས་པར་བང་།
༸གང་དག་རྩོམ་པ་བདུད་རྩིའི་ཆར།
དེ་ཉིད་རོ་སྐམ་ཐལ་བ་བརླན།
བྱང་ཆུབ་སེམས་ལྡན་མྱུ་གུ་བསྐྱེད།
ཐར་པའི་ལོ་འབྲས་མེ་ཏོག་སྨིན།
༸གང་དག་རྩོམ་པ་སྦྲང་མའི་རྩི།
དེ་ཉིད་བོན་ཉིད་བཅུད་བཏིགས་པས།
འགྲོ་ཀུན་དགའ་ཞིང་མགུ་བ་ཡིས།
ཡི་རངས་བསམ་པ་རྫོགས་པར་བྱེད།
༸གང་དག་རྩོམ་པ་རིན་ཆེན་གླིང་།
དེ་ཉིད་དབུལ་འཕོངས་རབ་སེལ་ཞིང་།
གང་ལ་གང་དགོས་ཕུན་སུམ་ཚོགས།
གང་ལྟར་སྤྱོད་པས་འཇུག་ལ་བདེ།
དེ་ཉིད་ངོ་མཚར་བལྟ་ན་སྡུག མཛེས་ལྡན་པད་མ་བཀོད་འདྲའི་གླིང་།
བསྟན་པ་རིན་ཆེན་རྨད་དུ་བྱུང་།། ཞེས་གསུངས་པས།
རྩོམ་པར་མཁས་པའི་ཡོན་ཏན་དང་རྩོམ་པའི་བྱེད་ལས་དང་དེའི་དགོས་པ་བཅས་གསལ་བར་བསྟན་ནས་མཐོང་ཐོས་སུ་འགྱུར་བཞིན་ལགས་ན། ད་ལན་སྐལ་ལྡན་དོན་གཉེར་ཅན་རྣམས་ཀྱིས་རྩོམ་པའི་དགོས་པ་ནི་ཚེ་འདི་དོན་ལས་མི་འཇུག་པར་བལྟ་རུ་མི་རུང་ཞིང་དེ་ལས་ལྡོག་པའི་མིག་རྒྱང་ཡངས་པོར་ཕྱེས་ཏེ་དེའི་ཕྱོགས་ལའང་འབད་འབུངས་བྱ་དགོས་པ་ནི་ཅིས་ཀྱང་རིག་པར་བྱོས་ཤིག
།
སྨྲས་པ།།
།།ལྷག་བསམ་དག་པས་ཉེར་དྲངས་གོ་ཤར་ཚིག་གི་འབྲུ་ཕྲེང་ནགས་ན་དགའ་བའི་གླུ།།
།།ལྷག་པར་ལེགས་བཤད་དོན་ཕྱུག་རྣམ་བཀྲ་དཔྱིད་ཀྱི་དཔལ་མོའི་མཛེས་ཞལ་ངོམ་མིན་ཡང་།།
།།ལྷག་བས་སྐལ་མཉམ་རང་རིགས་སྐུལ་འདེད་སྤྲོ་བ་བསྐྱེད་པའི་གཞན་གསོས་རྣ་བའི་བཅུད།།
།།ལྷག་པའི་མཁྱེན་རབ་སྒམ་པོའི་གཟུར་གནས་གཙུག་རྒྱན་གང་གིས་ཐུགས་ཁྲེལ་མ་གནང་ཀྱེེ།།
འདི་སྦྱར་དགེ་རྩའི་ལྗང་མྱུག་གང་འབུས་པ།།
འདིར་སྣང་འགྲོ་བར་ཟས་སྐལ་བཅུད་སྨིན་ཅིང་།།
འདིར་བསྡུས་བཀྲེས་པའི་གདུང་སོགས་སེལ་བའི་གཉེན།།
འདི་དང་ཕྱི་མའི་གནས་སྐབས་གང་ཕན་ཤོག །
ཐ་ཚན་མངྒ་ལམ།།