ཟིན་བྲིས་ལི་ཐོ།
སྒྲིག་འཇུག...

སྤྱི་བསྒྲགས།
སྒྲིག་འཇུག...

ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...

ཟིན་ཐོ་གསར་བ།
སྒྲིག་འཇུག...

དཔྱད་གཏམ་གསར་བ།
སྒྲིག་འཇུག...

ཆེམས་གསར་བ།
སྒྲིག་འཇུག...

འཚོལ་བཤེར།

སྦྲེལ་མཐུད།

ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 

གཡུང་དྲུང་སེམས་དཔའ་སྤྲོས་མེད་པའི་ལྟ་བའི་ཕྱོགས་རེ་ཙམ་གླེང་བ་སྔར་གཏམ་བགྲེས་པོའི་ཞལ་རྒྱུན། 
[ 2011/12/6 17:13:00 | By: ཀུ་ས་ལི། ]
 


གཡུང་དྲུང་སེམས་དཔའ་སྤྲོས་མེད་པའི་ལྟ་བའི་ཕྱོགས་རེ་ཙམ་

གླེང་བ་སྔར་གཏམ་བགྲེས་པོའི་ཞལ་རྒྱུན

 

དེ་ཡང་སེམས་དཔའ་སྤྲོས་མེད་པའི་གྲུབ་མཐའམ་འཇུག་སྒོ་གཞི་བདེན་པ་གཉིས་ལས་འདིར་སྤྲོས་མེད་དོན་དམ་གྱི་བདེན་པ་དང་དེ་རྟོགས་བྱེད་ཀྱི་བློ་དེ་གཉིས་ཡུལ་དང་ཡུལ་ཅན་ཡིན་མིན་གྱི་སྐོར་ལ་ཅུང་ཞིག་གླེང་བར་འདོད། དེ་ཡི་ཚུལ་ལ་ཡང་འཆར་སྣང་རེས་གཞི་བྱས་ཏེ་དོན་ཐོག་ལ་འབྲེལ་མི་ཆེ་ཡང་གླེང་ཚུལ་ནི་ནམ་ལངས་བྱིའུ་ཁྱུའི་སྐད་ཅོར་ལྟར་ཇེ་མང་དུ་ལྡིར་བ་ལས། འགའ་ཞིག་གིས་གྲགས་ཆེ་བ་རྣམས་བདེན་ཤས་ཆེ་བར་སྙམ་སྟེ་བསྡུས་གཞུང་སོགས་ལས་ཡུལ་དང་ཡོད་པ་རྟེན་འབྲེལ་སོགས་དོན་གཅིག་ཏུ་གསུངས་པ་དེ་ཉིད་ཐེག་སྒོ་གང་ལ་བཀོལ་ཡང་གྲུབ་དོན་གཅིག་མཚུངས་སུ་འདོད་དེ། དོན་དམ་དེ་ཉིད་ཡུལ་དུ་འདོད་དོ། ཡང་འགའ་ཞིག་གིས་བཀའ་ལུང་དུ་མ་ལས་དོན་དམ་དེ་ཉིད་ཡུལ་མ་ཡིན་པར་དངོས་སུ་བསྟན་པས། ཐེག་པ་གོང་མ་ལའང་ཡུལ་དང་ཡོད་པ་རྟེན་འབྲེལ་རྣམས་གནད་གཅིག་ཏུ་མི་བབས་པ་སྟེ། དོན་དམ་དེ་ཉིད་ཡོད་པ་ཡིན་ཡང་ཡུལ་མ་ཡིན་པར་འདོད་དོ།

ཡུལ་ཅན་ཡང་འདོད་ཚུལ་དེ་དང་མཚུངས་པར་གནས་ཏེ། ཕྱོགས་སྔ་མ་ལྟར་ན། རྟོགས་བྱེད་ལ་ཡུལ་ཅན་གྱིས་ཁྱབ། ཕྱོགས་ཕྱི་མ་ལྟར་ན། རྟོགས་བྱེད་ལ་ཡུལ་ཅན་གྱིས་མ་ཁྱབ་བོ།  དཔེར་ན། དོན་དམ་དེ་ཉིད་ཡུལ་ཡིན་པར་འདོད་པས་དེ་རྟོགས་བྱེད་ཀྱང་ཡུལ་ཅན་དུ་འདོད་ལ། དོན་དམ་ཡུལ་མ་ཡིན་པར་འདོད་པས་དེ་རྟོགས་བྱེད་ཀྱང་ཡུལ་ཅན་མ་ཡིན་པར་འདོད་པའོ། ཚུལ་དེའང་གཟུ་ལུམ་བྱུང་རྒྱལ་དུ་སྨྲ་བ་མ་ཡིན་པར་བདེན་དོན་སྣ་རེ་ཀུན་ལ་ཡོད་པའོ། ཚུལ་གཞན་ཞིག་ཏུ་འོག་མའི་རང་གཞུང་དུ་གོང་མའི་ལུང་ཚིག་བཀྲི་དྲང་གི་ཆེད་དུ་མཉམ་དུ་གསུངས་པ་ཡོད་ཀྱང་སྲིད་ལ་དེའི་རིགས་གཞུང་དོན་གོང་འོག་བསྲེས་སླད་དུ་མི་སེམས་པར་དགོས་ཆེད་ཆེ་བར་ངེས་སོ།  འོན་ཀྱང་དུ་བ་རླངས་པ་དང་ནོར་བའི་དཔེ་ལྟར་འགའ་ཞིག་གིས་མཁས་པར་རློམ་སྟེ་འོག་མའི་རང་གཞུང་ལ་གོང་མ་དང་ཐ་སྙད་འདྲ་མཚུངས་སུ་ཡོད་པ་ཀུན་ཀྱང་གོང་མའི་ལུང་འོག་མར་བཀྲི་དྲང་དུ་གསུངས་པར་འགྲེལ་ཅི་ཐུབ་དང་ཡང་ན་རང་བློས་གང་ཤར་བབ་ཅོལ་དུ་སྨྲ་བ་ནི་ཆེས་མང་ངོ།

འོན་ཀྱང་འདིའི་རིགས་ནི། རྗེ་བདག་ཉིད་ཆེན་པོའི་ཞལ་མངའ་ནས། དེས་ན་མཁས་པ་རློམ་པ་ཕལ་ཆེར་ནི། རྗེས་སུ་འགྲོ་ལྡོག་གི་ཁྱད་པར་མི་ཤེས་པར། གྲུབ་མཐའ་རྩོད་པ་བྱེད་ཅེས་ལུང་སྟོང་ཀུ་ཅོས་གང་བ་ངོ་མཚར་ཆེའོ། འོན་ཀྱང་རྨོངས་པ་དགའ་བ་བསྐྱེད་པ་ལ་ཕན་པར་མཐོང་ངོ། ཞེས་གསུངས་པ་ལྟར། འཕྲལ་དོན་རེ་འགའ་ཙམ་འགྲུབ་པ་དང་རྨོངས་པ་རྣམས་དགའ་བ་བསྐྱེད་པ་ལ་ཕན་ཙམ་མོ།  སྐབས་དོན་འདོད་ཚུལ་དངོས་ཀྱི་འཕྲོས་གཞི་ནི། ཡར་འབྲོག་མེ་སྟོན་ཆེན་པོའི་(དབུ་མ་བདེན་གཉིས་ཀྱི་རང་འགྲེལ་ལས།) “དོན་དམ་པ་དེ་ནི་བསམ་དུ་མེད་དེ་བློའི་ཡུལ་མ་ཡིན། བརྗོད་དུ་མེད་དེ་ཚིག་གི་ཡུལ་མ་ཡིན། དཔེ་མེད་དེ་དཔེས་མཚོན་པའི་ཡུལ་མ་ཡིན། བལྟར་མེད་དེ་དབང་པོའི་ཡུལ་མ་ཡིན། བརྟག་ཏུ་མེད་དེ་ཤེས་པའི་ཡུལ་མ་ཡིན། དེ་ལྟར་འདི་ཞེས་བྱ་བ་ཅི་ལྟ་བུ་ཡང་མཐོང་བ་མེད་པ་དེ་ཉིད་དོན་དམ་མཐོང་ཞེས་ཐ་སྙད་གདགས་ཏེ།ཞེས་པ་འདིས་མཚོན་པའི་བཀའ་དང་བརྟེན་པའི་གཞུང་དུ་མ་ལས།

གཡུང་དྲུང་སེམས་དཔའ་སྤྲོས་མེད་པའི་ལྟ་བའམ་དེའི་ལུགས་ཀྱི་སྤྲོས་བྲལ་དོན་དམ་གྱི་བདེན་པ་དེ་བློ་འདས་སམ་བློ་ཡི་ཡུལ་མ་ཡིན་པར་བསྟན་པའི་དགོངས་དོན་དཔྱད་པ་ལ། བློ་འདས་ཞེས་བྱ་བ་ནི་དོན་དམ་དེ་བློའི་རྟོགས་བྱར་མི་རུང་བའི་དོན་མ་ཡིན་པར་བློ་ཡི་ཡུལ་ལས་འདས་པའི་དོན་དུ་དགོངས་པར་སྣང་། དེ་ཡང་བློ་ནི་ཀུན་རྫོབ་རྟོག་སྣང་ཁོ་ནར་ཟད་པས་དོན་དམ་གྱི་བདེན་པ་དེ་བློ་ཡི་གཞལ་བྱའམ་དེའི་རྟོགས་བྱ་མ་ཡིན་པར་མཐའ་གཅིག་ཏུ་ཚིག་གིས་མཐའ་བཟུང་ན། ཅུང་ཞིག་མི་འོས་པར་སྙམ། ཅི་སྟེ་ཞེ་ན། གོང་གི་ལུང་དེ་དག་གི་དགོངས་དོན་གཙོ་བོར་དཔྱད་པའི་ཕྱོགས་གཉིས་བཟུང་ཡང་ཆོག ཕྱོགས་གཅིག་ནི་དོན་དམ་རྟོགས་བྱེད་དེ་བློ་མ་ཡིན་པས་དོན་དམ་བློ་ཡི་ཡུལ་ཡིན་པར་དགག་པ་དང་། ཕྱོགས་གཞན་ནི་རྟོགས་བྱེད་དེ་བློ་ཡིན་པ་ལ་མི་འགོག་ཀྱང་དོན་དམ་ཡུལ་ཡིན་པ་ལ་བཀག་པར་དཔྱད་པའི་ཕྱོགས་གཉིས་དེ་ཡིན། ཕྱོགས་སྔ་མ་ལྟར་ན་བློ་ནི་ཀུན་རྫོབ་རྟོག་སྣང་ཁོ་ནས་ཁྱབ་པར་འདོད་པ་ལ་དེས་ཀྱང་མ་ཁྱབ་སྟེ།

རྣལ་འབྱོར་མངོན་སུམ་དེ་བློ་ཡིན་པར། སྤྱན་ལྡན་ཆེན་པོའི་(ཚད་མའི་སྙིང་པོ་དེ་ཁོ་ན་ཉིད་ཀུན་ལས་བཏུས་པ་ལས།) སྒྲུབ་འཇུག་གི་མཚན་ཉིད་ཁ་ཅིག་གིས་འདོད་པ་དེས་རྣལ་འབྱོར་མངོན་སུམ་དང་རང་རིག་ཤུགས་རྟོགས་ལ་ཁྱབ་པར་བཀག་སྟེ་རང་ལུགས་བཞག་པ་ལ་ཡང་། བློ་གང་ཞིག དོན་རང་གི་མཚན་ཉིད་སྣང་བ་དང་མཐུན་པར་འཇུག་པ་ཞེས་གསུངས་པ་དང་། ཡང་མདོ་རྒྱུད་ཀྱི་འགྲེལ་བ་མེ་ལོང་དགུ་སྐོར་ལས། འདིས་ནི་རང་བཞིན་མེད་པའི་དོན་ཇི་བཞིན་པ་ལ། བློ་དེ་བཞིན་པས་རྩོལ་བ་མེད་པར་གྱི་ན་སོ་མ་རང་བབས་སུ་འཇོག་སྟེ། གང་ལ་ཡང་གཏད་མི་འཆའ་བའི་ཕྱིར་རོ།  ཞེས་གསུངས་པས། དོན་དམ་རྟོགས་བྱེད་དེ་བློ་ཡིན་པར་བསྙོན་མེད་དུ་གྲུབ་བོ། དེས་ན་དོན་དམ་ཡུལ་མ་ཡིན་པར་གསུངས་པའི་དོན་དེ་ཡང་འགའ་ཞིག་གིས་དོན་དམ་རྟོགས་བྱེད་ཀྱི་རིག་པ་བློ་མ་ཡིན་པར་རློམ་སྟེ་དེའི་ཡུལ་དུ་མ་གྲུབ་པ་རྒྱུ་མཚན་དུ་བྱས་ཏེ་དོན་དམ་དེ་ཉིད་ཡུལ་མ་ཡིན་པར་འདོད་པ་དེ་ཁེགས་སོ།

གཞན་ཡང་ཡུལ་ལ་བློ་ཡི་ཡུལ་དང་། ཚིག་གི་ཡུལ་དང་། དབང་པོའི་ཡུལ་དང་། ཤེས་པའི་ཡུལ་བཅས་དུ་མར་གསུངས་པ་ལ་གཞིགས་ན། དོན་དམ་རྟོགས་བྱེད་ཀྱི་རིག་པ་བློ་མ་ཡིན་པར་འདོད་པ་དེས་དོན་དམ་བློའི་ཡུལ་དུ་གྲུབ་པ་ཁེགས་པ་ཙམ་མམ་དེ་ལ་བློ་འདས་ཞེས་སྨྲས་ཀྱང་ཅུང་ཚིག་གི་འབྲུ་འགྲེལ་སྟབས་བདེར་སྣང་ནའང་། དགག་གཞི་སྤྲོས་མེད་དོན་དམ་ལའང་བྱེ་བྲག་གཞན་ཚིག་གི་ཡུལ་དང་། དབང་པོའི་ཡུལ་དང་། ཤེས་པའི་ཡུལ་བཅས་དགག་བྱའི་ཡུལ་གྱིས་འཇུག་པ་ཀུན་ཀྱང་འགོག་ཏུ་མི་བཏུབ་པས་ཡུལ་སྤྱིར་འགོག་པ་ལ་འགོག་བྱེད་ཁྱབ་ཆུང་བས་དེས་ཀྱང་འགོག་མི་ནུས་སོ།  ཕྱོགས་ཕྱི་མ་ནི་ཁོ་བོའི་འདོད་པ་ལྟར་ཏེ། དེ་ལྟར་ཤེས་བྱེད་ནི། ཐལ་བ་བརྗོད་པ་དང་ངེས་བྱེད་ཀྱི་ལུང་ཚིག་འགོད་པ་གཉིས་ལས། དང་པོ་ནི། དོན་དམ་དེ་ཡུལ་ཡིན་ན་རྟོགས་བྱེད་ཀྱང་ཡུལ་ཅན་ཡིན་དགོས་པར་ཡུལ་དང་ཡུལ་ཅན་ཕན་ཚུན་ལྟོས་འཇོག་གིས་གྲུབ་པས་དང་། དེ་ལྟར་ནའང་ཕན་ཚུན་གཟུང་འཛིན་དུ་གྲུབ་པར་འགྱུར་བས། འདི་དང་འདི་ཞེས་སུ་བྱ་བར་སྣང་བཅས་ཚད་ཡོད་དུ་ཐལ་བར་མངོན་ནོ། དེས་ན་གང་གིས་ཀྱང་མཐས་མ་རེག་པ་མ་ཡིན་པར་མཐའ་དང་བཅས་ཏེ་གཤིས་ལུགས་མཐའ་བྲལ་ཉིད་དུ་མཐོང་བ་མ་ཡིན་པར་འགྱུར་རོ།

གཉིས་པ་ནི། མདོ་རྒྱུད་ལས། གཟུང་ཆ་ཅིར་མ་གྲུབ་པས་འཛིན་ཆ་ཅིར་མི་རྟོག ཅེས་པ་དང་། འགྲོ་མགོན་གྱི་(ཐེག་པ་ཆེན་པོའི་ས་དང་ལམ་གྱི་རིམ་པ་རིན་པོ་ཆེ་འཕྲུལ་གྱི་ལྡེ་མིག་ལས།)         དེས་ན་རིགས་ཤེས་དེས་ཡུལ་དང་ཡུལ་ཅན་གང་དུ་ཡང་མ་གྲུབ་ལ། སྤྲོས་པ་ཡོངས་དང་བྲལ་བའི་སྤྲོས་མེད་བོན་དབྱིངས་རྟོགས་པ་ཙམ་ལ་རིགས་ཤེས་སུ་བཏགས་སོ།ཞེས་དང་། ཡང་དེ་ཉིད་ལས། ཡང་དོན་དམ་རིགས་ཤེས་ཀྱི་ཡུལ་དུ་གྲུབ་ན་རིགས་ཤེས་ཡུལ་ཅན་ཡིན་ནམ་མིན། དང་པོ་ལྟར་ན། གཟུང་འཛིན་གྲུབ་པས་ཀུན་རྫོབ་ཐལ་ཏེ། འབུམ་ཏིག་ལས། གཟུང་བ་ཡུལ་དང་འཛིན་པ་ཡུལ་ཅན་དུ་བཤད་པས་སོ། གཉིས་པ་ལྟར་ན། ཡུལ་དུ་ཡང་མ་གྲུབ་པར་འགྱུར་བ་ལས་ཁས་བླངས་ཉམས་སོ།ཞེས་གསུངས་པས། ཐེག་པ་འདིའི་ལུགས་ལ་སྤྲོས་བྲལ་དོན་དམ་གྱི་བདེན་པ་དང་དེ་རྟོགས་བྱེད་ཀྱི་ཤེས་རབ་གཉིས་ལ་ཡུལ་དང་ཡུལ་ཅན་དུ་མི་བཞེད་པ་ནི། གཞུང་གི་དགོངས་དོན་ངེས་པ་ཉིད་དུ་གྲུབ་པའི་དོན་ཡིན་པས་འདིར་རིག་པར་ཅིས་ཀྱང་བྱོས་ཤིག་ཅེས་བསྐུལ་མ་དང་བཅས་ཏེ་རེ་ཞིག་མཇུག་བསྡུས་སོ། །

 
 
Re:གཡུང་དྲུང་སེམས་དཔའ་སྤྲོས་མེད་པའི་ལྟ་བའི་ཕྱོགས་རེ་ཙམ་གླེང་བ་སྔར་གཏམ་བགྲེས་པོའི་ཞལ་རྒྱུན།
[ 2012/4/13 18:24:16 | By: yongdrom ]
 
yongdromབདག་གི་སྣང་ཚུལ་དང་བསྟུན་ཏེ་བཤད་ན་རྟག་གྲུབ་ཚོད་མི་འདུག
 
 
Re:གཡུང་དྲུང་སེམས་དཔའ་སྤྲོས་མེད་པའི་ལྟ་བའི་ཕྱོགས་རེ་ཙམ་གླེང་བ་སྔར་གཏམ་བགྲེས་པོའི་ཞལ་རྒྱུན།
[ 2011/12/8 14:14:04 | By: སྐུ་མགྲོན་txo0RE(སྐུ་མགྲོན) ]
 
སྐུ་མགྲོན་txo0RE(སྐུ་མགྲོན)གྲོགས་མཆོག་ལགས། ཞལ་མཇལ་མ་བྱུང་ཅུང་རིང་ཙམ་འགོར་བའི་ནང་སྐུ་ཁམས་བདེ་ཐང་ངང་ལས་དོན་ཐུགས་རེ་བཞིན་ཡོང་གི་ཡོད་ཤས་ཆེ། ཕྲན་གྱི་ཟིན་བྲིས་སུ་དུས་ཁོམ་དང་བསྟུན་ཏེ་ཕེབས་གཟིགས་གནང་བར་ཐུགས་རྗེ་ཆེ། གང་མགྱོགས་མཇལ་ཡོང་།
 
 
Re:གཡུང་དྲུང་སེམས་དཔའ་སྤྲོས་མེད་པའི་ལྟ་བའི་ཕྱོགས་རེ་ཙམ་གླེང་བ་སྔར་གཏམ་བགྲེས་པོའི་ཞལ་རྒྱུན།
[ 2011/12/7 17:07:59 | By: triyungblog ]
 
triyungblogའཛིན་གྲོགས་ལགས། ཚིག་དབལ་དང་ལྡན་པ། ལུང་ཐོག་དང་འདྲ་བ་རྐྱང་བས་སྒྲུབ་འདུག ཡི་རངས་ཞུ།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.