ཡི་གེ་བྱུང་བའི་དུས་རབས་ཀྱི་སྐོར།
ཚེ་དབང་ལྷ་མོ།
བོད་ཡིག་ཐོག་མར་བྱུང་ཚུལ་གྱི་སྐོར་ལ་སྔར་ནས་བཤད་ཚུལ་མི་འདྲ་བ་གཉིས་བྱུང་ཡོད་པ་སྟེ།
གཅིག་ནི་སྤྱི་ལོའི་དུས་རབས་བདུན་པར་ཆོས་རྒྱལ་སྲོང་བཙན་གྱི་སྐབས་སུ་ཐུ་མི་སམ་བྷོ་ཊས་རྒྱ་གར་གྱི་ཡི་གེ་ལ་དཔེ་བླངས་ནས་གསར་དུ་བཟོས་ཞེས་པ་དང་།
གཞན་ཞིག་ནི་དེའི་གོང་དུ་ཡི་གེ་ཡོད་པར་འདོད་པ་དེ་རེད། ཆོས་རྒྱལ་སྲོང་བཙན་སྒམ་པོས་བོད་ཆོལ་ཁ་གསུམ་གྱི་མངའ་འབངས་ཐམས་ཅད་དབང་དུ་བསྡུས་ནས་གཅིག་གྱུར་གྱི་སྲིད་དབང་བཙུགས་པ་དེ་སྲ་བརྟན་དང་ཡུན་རིང་དུ་གནས་པའི་ཐབས་སུ།
ཕྱོགས་གཅིག་ནས་ཉེ་སྐོར་གྱི་རྒྱལ་ཁབ་ཁག་དང་མཐུན་ལམ་བཙུགས་ཤིང་དམག་ཤུགས་ཆེ་རུ་བཏང་བ་དང་།
ཕྱོགས་གཞན་ཞིག་ནས་ཡུལ་སྡེ་མང་པོའི་འགོ་པ་ཚོས་བོན་ལ་དད་ཅིང་ཁོ་ཚོར་བོན་ཆོས་ཀྱིས་དབང་བསྒྱུར་བའི་གནས་སྟངས་དེ་མེད་པ་བཟོ་ཕྱིར་བོན་རྣམས་བསྣུབ་རྒྱུའི་འགོ་ཚུགས།
དེ་དང་དུས་མཚུངས་བོད་འབངས་རྣམས་ལ་དད་པ་དང་སྐྱབས་བཅོལ་ཡུལ་ཞིག་དགོས་ཕྱིར་རྒྱ་གར་ནས་སངས་རྒྱས་ཆོས་ལུགས་གདན་དྲངས་ཤིང་ལུགས་དེ་བོན་ལས་ལྷག་པའི་སྐྱབས་གནས་དམ་པ་ཡིན་ཚུལ་དྲིལ་བསྒྲགས་ཤུགས་ཆེ་བྱས།
དེ་ནས་བཟུང་རྒྱལ་རབས་རིམ་བྱུང་གྱི་དུས་སུ་བོན་ལ་དམའ་འབེབས་དང་སྐུར་འདེབས་ཅི་ནུས་ཀྱིས་དེ་མེད་པ་བཟོ་གང་ཐུབ་དང་།
སངས་རྒྱས་ཆོས་ལུགས་དེ་སྒོ་ཀུན་ནས་དར་སྤེལ་གཏོང་ཅི་ཐུབ་བྱ་རྒྱུ་ནི་ཆབ་སྲིད་ཀྱི་ལས་འགན་གཙོ་བོ་ཞིག་ཏུ་གྱུར་ཡོད་པ་བོད་ཀྱི་ལོ་རྒྱུས་ལ་རྒྱུས་མངའ་ཅུང་ཟད་ཡོད་པ་རྣམས་ཀྱིས་མཁྱེན་གསལ་རེད།
ལོ་རྒྱུས་སྨྲ་བའི་མཁས་པ་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ལགས་ཀྱིས་བྲིས་གནང་བའི་
<
བོད་ཀྱི་ཤེས་རིག་ལོ་རྒྱུས་ཐོག་གི་ཕྱོགས་ལྷུང་སྐོར་བཤད་པ་ >
ཞེས་པ་ལས། བཙན་པོ་སྲོང་བཙན་སྒམ་པོའི་སྐུ་རིང་ནས་བཟུང་རྒྱ་དང་། གྲུ་གུ།
འ་ཞ། ཁྲོམ་ལ་སོགས་དང་། དེ་བཞིན་དུ་རྒྱ་གར་དང་། བལ་པོ། ཏ་ཟིག་ལ་སོགས་མཐའི་རྒྱལ་ཁག་མང་པོ་དང་འབྲེལ་བ་ཆགས་ནས་བོད་ཀྱི་ཤེས་རིག་དེ་ཡང་སྣ་མང་ཕུན་སུམ་ཇེ་ཚོགས་སུ་ཆགས་པ་མ་ཟད་ལྷག་པར་བོད་དུ་སྔོན་ཆད་མ་དར་བའི་ནང་པ་སངས་རྒྱས་ཆོས་ལུགས་དེ་རིགས་ལམ་གསར་པ་ཞིག་གི་རྣམ་པའི་ཐོག་ནས་དར་འགོ་ཚུགས་པ་དང་།
དེ་རྗེས་རྒྱལ་རབས་འགའ་ཞིག་སོང་ནས་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་སུ་རྒྱ་གར་ནས་མཁན་ཆེན་བྷོ་དྷི་ས་ཏོ་དང་།
ཨོ་རྒྱན་པད་མ་འབྱུང་གནས་སོགས་པཎ་གྲུབ་དུ་མ་བོད་དུ་གདན་དྲངས། མི་ལོ་སྟོང་ཕྲག་གི་ལོ་རྒྱུས་ཡོད་པའི་བོན་གྱི་ལུགས་རྣམས་ཕྱིན་ཆད་བགྱིད་དུ་མི་གནང་བའི་བཀའ་ཁྲིམས་བཅས་པ་དང་།
བོན་གྱི་གནའ་དཔེ་ཀུན་བསྡུས་ནས་མཆོད་རྟེན་གྱི་ཞབས་སུ་གནན་པ་བཅས་མཛད་ཅིང་། བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས་པ་དང་།
བོད་ཀྱི་སད་མི་བདུན་གཙོ་བོར་གྱུར་པའི་དགེ་འདུན་ཕོ་མོ་བརྒྱ་ཕྲག་འགའ་ཞིག་རབ་ཏུ་བྱུང་ཞིང་དེ་དག་ལས་ལོ་ཙཱ་མཁས་པ་མི་ཉུང་བ་ཞིག་ཐོན་ནས་བཀའ་དང་བསྟན་བཅོས་མང་པོ་བོད་ཀྱི་སྐད་ཡིག་ཏུ་བསྒྱུར་ཏེ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པར་མཛད་པ་ཡིན་ལ།
ཞེས་དང་།
ཡང་ལོ་རྒྱུས་ཀྱི་འཕེལ་འགྱུར་དེ་དག་གིས་རྐྱེན་པས་ཕྱོགས་གཅིག་ནས་འཛམ་གླིང་ཆོས་ལུགས་ཆེན་པོ་གསུམ་གྱི་ཡ་གྱལ་ནང་པ་སངས་རྒྱས་པའི་བསྟན་པ་དེ་རྒྱ་གར་ཚུད་པའི་ཡུལ་ཁམས་གཞན་དག་མི་འདྲ་བར་ཁ་བའི་ལྗོངས་འདིར་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་བརྟེན་ཟབ་ཅིང་རྒྱ་ཆེ་བའི་བོད་ཀྱི་ཆོས་ལུགས་རིག་ལམ་དེ་དེང་རབས་འཛམ་གླིང་དུའང་སྙན་གྲགས་ཆེ་ཞིང་།
བོད་རིག་པའི་ཁྱབ་ཁོངས་ཀྱི་ཞིབ་འཇུག་བྱེད་ཡུལ་གལ་ཆེ་བའི་གྲས་སུ་གྱུར་ཡོད་པ་དེ་ནི་མིའི་རིགས་ཀྱི་ཤེས་རིག་ནོར་མཛོད་ནང་བཞག་པའི་ནོར་བུ་ཁྱད་པར་བ་ཞིག་ཡིན་སྟབས་རང་ཅག་མི་རིགས་ཀྱི་སྤོབས་པ་ཞིག་ལོས་ཡིན།
འོན་ཀྱང་ཕྱོགས་གཞན་ཞིག་ནས་བཤད་ན་ད་ཕན་མི་ལོ་སྟོང་ཕྲག་རིང་བོད་དུ་སངས་རྒྱས་ཆོས་ལུགས་དར་འཕེལ་ཤུགས་ཆེན་བྱུང་བ་དེས་བོད་མི་རིགས་རང་ཉིད་ཀྱི་རྩ་བའི་ལོ་རྒྱུས་དང་ཤེས་རིག་ལ་མགོ་ནོན་ཟུར་འབུད་ཀྱི་ཕྱོགས་ལྷུང་ཚབས་ཆེན་པོ་ཞིག་ཕོག་ཡོད་པ་དེའང་ངེས་པར་དུ་མཐོང་ཐུབ་པ་བྱེད་དགོས།
ཞེས་གསུངས་པ་ནི་སྐབས་དེའི་སྤྱི་ཚོགས་ཀྱི་རྣམ་པ་དང་། ལོ་རྒྱུས་དངོས་ཀྱི་གཟུགས་བརྙན་དེ་སླར་ཡང་མིག་ལམ་དུ་འཆར་བར་བྱེད་པའི་དྭངས་གསལ་ཤེལ་གྱི་མེ་ལོང་ལྟ་བུ་ཞིག་རེད།
དེ་འདྲ་ཡིན་ཙང་བོན་ལ་ཤེས་རིག་གང་ཡང་མེད་ཅིང་བོད་ཀྱི་ཤེས་རིག་ཐམས་ཅད་སངས་རྒྱས་ཆོས་ལུགས་བོད་དུ་དར་བ་ནས་འགོ་ཚུགས་ཏེ་བྱུང་བ་ཡིན་ཞེས་དྲིལ་བསྒྲགས་ཤུགས་ཆེན་བྱེད་རྒྱུ་དེ་སྐབས་དེའེ་དབང་བསྒྱུར་གྱི་དགོས་མཁོ་དང་ཆབ་སྲིད་ཀྱི་ལས་འགན་ཞིག་ཡིན་སྟབས།
སྲོང་བཙན་གོང་དུ་ཡི་གེ་མེད་པར་བཤད་པ་དེའང་འགའ་ཞིག་གིས་བདེན་དོན་དུ་བཟུང་ནས་བཤད། འགའ་ཞིག་གིས་མི་འདོད་བཞིན་དུ་ཤོད་བཞིན་ཡོད་པ་ནི་ཆབ་སྲིད་དང་འགལ་བའི་གཏམ་སུས་ཀྱང་ཤོད་མི་ནུས་པ་ཐབས་ཅད་ཀྱིས་མཁྱེན་གསལ་ལྟར་རེད།
དཔེར་ན། བོན་གྱི་ཆོས་འབྱུང་རྣམས་ལ་གནའ་སྔ་མོ་ནས་ཡི་གེ་ཡོད་ཚུལ་གྱི་ལོ་རྒྱུས་དོན་དངོས་དེ་བཤད་ཡོད་ཀྱང་དེ་དག་ལ་ལྟ་ངན་དང་བོན་ལུགས་ཞེས་སྒྲོ་སྐུར་ཇི་སྙེད་ཀྱིས་ཆོས་སྲིད་གཉིས་ཀྱི་སྒོ་ནས་བསུབ་ཅི་ཐུབ་བྱེད་ཀྱི་ཡོད་སྟབས་མི་མང་པོ་ཞིག་ནི་གྲགས་པའི་རྗེས་འབྲང་ཙམ་ལས་བདེན་རྫུན་དབྱེ་འབྱེད་ཀྱི་བློ་མིག་དང་བྲལ་བས་བདེན་དོན་དངོས་ལ་ཡིད་ཆེས་མེད་པར་གྱུར་པ་དེ་རེད།
འོན་ཀྱང་བདེན་པའི་དོན་དེ་ཕྱོགས་གཅིག་ནས་བསུབས་ནའང་ཕྱོགས་གཞན་ཞིག་ནས་གསལ་ཡོང་བ་ནི་ཆོས་ཉིད་ཡིན་སྟབས་གནའ་བོའི་ཆོས་ལུགས་མི་སྣའི་གསུང་རྩོམ་ཁྲོད་དུ་སྲོང་བཙན་གོང་དུ་ཡི་གེ་ཡོད་པར་འདོད་པའི་གསུང་ཅི་རིགས་པ་ཞིག་ཐོན་ཡོད་པ་ནི།
< མ་ཎི་བཀའ་འབུམ་ > སྡེ་དགེའི་པར་མ་ཨེ་པོད་(
ཤ་༡༦༡བ་ཕ་༥ ) ལས། རྒྱལ་པོ་ལྷ་ཐོ་ཐོ་རི་གཉན་བཙན་སྐུ་མཁར་ཡུམ་བུ་བླ་སྒང་ན་བཞུགས་པའི་དུས་སུ།
ཐུགས་རྗེ་ཆེན་པོའི་ཐུགས་ཀ་ནས་འོད་ཟེར་གྱི་སྣ་ལ་རིན་པོ་ཆེའི་གའུ་ཁ་སྦྱར་གྱི་ནང་དུ་ཤེལ་གྱི་མཆོད་རྟེན་ཁྲུ་གང་བ་གཅིག་དང་།
བཀའ་རྟགས་ཀྱི་ཕྱག་རྒྱ་སླ་ང་ཙམ་གཅིག་དང་། གསེར་གྱི་གླེགས་བམ་ལ་བེེཌཱུརྱ་ཞུན་མས་བོད་ཡིག་ཏུ་བྲིས་པའི་མདོ་ཟ་མ་ཏོག་བཀོད་པ་དང་སྤང་ཀོང་ཕྱག་རྒྱ་མ་དང་། རྟེན་འབྲེལ་བཅུ་གཉིས་ཀྱི་མདོ་དང་།
དགེ་བ་བཅུའི་མདོ་དང་བཅས་བཅུག་སྟེ་ཉི་མའི་འོད་ཟེར་དང་འགྲོགས་ཏེ་ཕོ་བྲང་གི་སྟེང་དུ་བབས་པ་དང་།
ཞེས་སོགས་ལས་སྐབས་དེ་དུས་ནས་བོད་ཡིག་ཡོད་པར་འདོད་པའི་ཚིག་དང་། ཡང་ཉང་རལ་ཉི་མ་འོད་ཟེར་གྱིས་མཛད་པའི་ཆོས་འབྱུང་<
མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་ > ཅེས་པ་(
ལྷ་སའི་པར་མ་ཤ་ ༡༦༥ ) ལས། བོད་ཀྱི་ཡི་གེ་ཡང་ཁྲིམ་སོ་བུད་བཙན་པོའི་དུས་རིང་ལ་བྱུང་བར་འདོད་པ་ཡང་ཡོད་དོ།
ཞེས་དང་། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་ < གསོ་རིག་སྨན་གྱི་ཁོག་འབུགས་
> ( ཤ་ ༡༤༨ ) ལས། སྤྱིར་ཀླ་ཀློ་ལ་སོགས་པ་ཁོས་བུ་རེ་གཉིས་ལས་ཕལ་ཆེ་བ་མི་རིགས་ཡིན་ནོ་ཅོག་ལ་རང་རང་གི་ཡི་གེ་རེ་ཡོད་པར་གྲགས་ཤིང་།
མངོན་སུམ་དུའང་སྣང་ལ། དཔལ་དུས་ཀྱི་འཁོར་ལོའི་རྒྱ་འགྲེལ་དྲི་མེད་འོད་ལ་སོགས་པར་ཡང་དེ་བཞིན་དུ་བཤད་མོད།
འོན་ཀྱང་བོད་ཡུལ་འདིར་ཆོས་ཀྱི་རྒྱལ་པོ་ཡབ་གནམ་རི་སྲོང་བཙན་ཡན་དུ་ཡི་གེ་མེད་པར་འདོད་པ་ལྟར་ན།
ཞེས་ཡི་གེ་མེད་པའི་ལུགས་ལ་མ་རངས་པའི་ཚིག་དང་བཅས་པས་གསུངས་ཡོད་པ་འདི་དག་ནི་སྲོང་བཙན་གོང་དུ་བོད་ལ་ཡི་གེ་ཡོད་པར་འདོད་པ་སྔ་རབས་པའི་ལུགས་སོ།
འོ་ན་སྡེ་སྲིད་སངས་རྒྱས་རྒྱ་མཚོ་ནི་སྐབས་དེའི་བོད་ཀྱི་ཆོས་སྲིད་ཀྱི་བདག་པོ་ཡིན་སྟབས་ཁོང་རང་ཉིད་ཀྱི་ལྟ་བ་དང་མི་མཐུན་པའི་དོན་རྐྱེན་རྣམས་ལ་ཡོངས་གྲགས་ཀྱི་སྒོ་ནས་ཐེར་འདོན་དང་དགག་པ་མི་བྱེད་པའི་རྒྱུ་མཚན་གང་ཡིན་ཞེ་ན།
སྤྱིར་ཆོས་སྲིད་གཉིས་ཀྱི་བདག་པོ་ལ་རང་དབང་ངེས་ཅན་ཞིག་ཡོད་ཀྱང་། དེ་ལྟའི་ལོ་ངོ་སྟོང་ཕྲག་བརྒྱུད་ནས་བྱུང་བའི་ཆབ་སྲིད་ཀྱི་ལྟ་བ་དང་འབྲེལ་བའི་དོན་དེ་རིགས་ལ་རང་ཉིད་ཁོ་ནའི་འདོད་ཚུལ་ལྟར་དུ་བཟོ་བཅོས་བྱས་པ་ཡིན་ན།
དེའི་འོག་གི་ཆོས་དང་སྲིད་ཀྱི་བྱ་བ་བྱེད་མཁན་མང་པོ་ཞིག་གིས་ངོ་རྒོལ་བྱས་ནས་མཐར་རང་སྲོག་ཙམ་ཡང་སྲུང་མི་ཐུབ་པར་གྱུར་པའི་གནས་ཚུལ་འབྱུང་སྲིད་པ་ནི།
དཔེར་ན། མངའ་བདག་ཁྲི་རལ་པ་དང་། གླང་དར་མ་སོགས་ཀྱི་རྣམ་ཐར་ལ་གཟིགས་ན་ཤེས་རྟོགས་ཐུབ་པས་རེད།
༡༩༩༠ལོའི་
< བོད་ལྗོངས་ཞིབ་འཇུག་ > དེབ་དང་པོར་ < སློབ་དཔོན་ཐུ་མི་དང་འབྲེལ་བའི་ལོ་རྒྱུས་ཀྱི་གནད་དོན་འགར་དཔྱད་པ་ >
ཞེས་པའི་ནང་བོད་ཀྱི་ཆོས་འབྱུང་དང་ལོ་རྒྱུས་དེབ་ཐེར་ཚང་མའི་ནང་ཆོས་རྒྱལ་སྲོང་བཙན་སྒམ་པོའི་ཡར་སྔོན་དུ་བོད་ལ་ཡི་གེ་མེད་པ་བཞེད་ཚུལ་གཅིག་མཐུན་ཡིན་པ་མ་ཟད།
ཅེས་ཁ་ཚོན་བཅད་ནས་གསུངས་པ་ནི་བོད་ཀྱི་ལོ་རྒྱུས་ཀྱི་ཕྱོགས་གཅིག་ལས་མ་མཐོང་བའི་སྐྱོན་དུ་ཟད་དེ།
རྒྱུ་མཚན་ནི་གོང་དུ་བསྟན་ཟིན་པ་ལྟར་རོ།
ཡང་གོང་གི་དཔྱད་རྩོམ་དེ་ཉིད་ལས།
ཡིན་ནའང་ད་ལྟ་ལོ་རྒྱུས་ཞིབ་འཇུག་པ་འགའ་ཞིག་གིས་བྲིས་པའི་ཆེད་རྩོམ་ནང་ཆོས་རྒྱལ་སྲོང་བཙན་སྒམ་པོའི་ཡར་སྔོན་ལ་བོད་ལ་ཡི་གེ་ཡོད་དེ་ཞང་ཞུང་གི་ཡི་གེ་བོད་ལ་རྒྱ་ཆེར་དར་བར་བཞེད།
འོན་ཀྱང་སྲོང་བཙན་སྒམ་པོའི་ཡར་སྔོན་དུ་ཞང་ཞུང་སོགས་རྒྱལ་ཕྲན་མི་ཉུང་ཞིག་བོད་བཙན་པོའི་མངའ་འོག་ཏུ་བསྡུས་མེད་པས་ཞང་ཞུང་ལ་ཡི་གེ་ཡོད་པའི་དབང་དུ་བྱས་ནའང་དེར་བོད་ཡིག་ཅེས་མི་འབོད་ཅིང་།
ཞང་ཞུང་རང་གི་སྐད་རིགས་ཀྱི་རྨང་གཞིའི་སྟེང་གསར་གཏོད་མཛད་པའི་ཡི་གེ་ཞིག་ཡིན་པ་དེས་བོད་མི་རིགས་ཀྱི་སྐད་དང་བརྡ་དང་བསམ་བློ་ཇི་བཞིན་མཚོན་མི་ནུས་པས་སོ།
གལ་ཏེ་ཞང་ཞུང་སྐད་ཀྱི་སྟེང་ནས་བོད་མི་རིགས་ཀྱི་བསམ་བློ་མཚོན་ཐུབ་ཅེས་ཨུ་ཚུགས་མཐར་སྐྱེལ་བྱས་ན།
དེ་ལའང་བོད་སྐད་དང་བོད་ཡིག་ཅེས་མི་འབོད་དེ། དཔེར་ན་རྒྱ་ཡི་སྐད་དང་ཡི་གེས་བོད་ཀྱི་བསམ་བློ་མཚོན་པར་བྱས་པ་དེར་བོད་སྐད་དང་བོད་ཡིག་ཅེས་མི་འབོད་དེ།
ཟེར་བ་བཞིན་ནོ། ཞེས་གསུངས་པ་དེའང་འཐད་པར་མ་མཐོང་སྟེ། སྲོང་བཙན་གོང་དུ་ཡི་གེ་ཡོད་པར་འདོད་པ་ནི་དེང་དུས་ཀྱི་གསར་གཏམ་ཞིག་མ་ཡིན་པ་གོང་དུ་བཤད་པ་ལྟར་དང་།
ཞང་བོད་ཐ་དད་དུ་དབྱེ་ནས་བཤད་པ་ནི་འཐད་པ་མ་མཐོང་སྟེ། ཆོས་རྒྱལ་སྲོང་བཙན་སྒམ་པོའི་གོང་དུ་སྟོད་མངའ་རིས་དང་སྨད་མདོ་ཁམས་སོགས་སུ་གནས་པའི་བོད་རིགས་དེ་དག་ཚོ་ཤོག་རེ་ལ་དཔོན་འགོ་རེ་བྱས་ནས་ཆགས་ཡོད་པ་དེ་དག་ལ།
ཞང་ཞུང་དང་སུམ་པ་ཞེས་འབོད་པ་ནི་ཡུལ་ཕྱོགས་སམ་མངའ་རིས་ཀྱི་མིང་ཡིན་ལ་དེ་དག་གི་མངའ་འབངས་དང་ཡུལ་གྲུ་མཐའ་དག་ཆོས་རྒྱལ་སྲོང་བཙན་སྒམ་པོའི་མངའ་འོག་ཏུ་བསྡུས་པ་ནས་བཟུང་བོད་ཡུལ་སྟོད་སྨད་བར་གསུམ་གྱི་ཆབ་སྲིད་དང་།
རིག་གནས་ཐམས་ཅད་ཆུ་དང་འོ་མ་འདྲེས་པ་ལྟ་བུའི་འབྲེལ་བར་གྲུབ་སྟབས། ཞང་ཞུང་བ་ཡིན་ན་བོད་པ་ཡིན་པས་ཁྱབ་པའི་མི་རིགས་གཅིག་གྱུར་འདི་ལྟར་ན།
ཞང་ཞུང་གི་ཤེས་རིག་ནི་བོད་ཀྱི་ཤེས་རིག་གི་ཡ་གྱལ་ཞིག་ཡིན་པ་སུས་ཀྱང་བསྙོན་དུ་མེད་པ་འདི་རེད།
ཡང་དཔྱད་རྩོམ་དེ་ཉིད་ལས། ལ་ལས་ནི་རང་གི་རིག་པ་དང་བློ་གྲོས་ཀྱི་ནུས་ཚོད་དེ་མི་མཆོག་དམན་བར་གསུམ་ཀུན་ཀྱི་བློ་གྲོས་ཀྱི་རྒྱ་ཁྱོན་འཇལ་བྱེད་ཀྱི་ཚད་གཞི་ཉག་གཅིག་ཏུ་བཟུང་ནས།
སློབ་དཔོན་ཐུ་མི་བོད་ནས་རྒྱ་གར་དུ་སླེབས་པ་ལ་དུས་ཡུན་ཅི་ཙམ་པ་ཞིག་དགོས་པ་དང་། སླེབས་ནས་ཐོག་མར་རྒྱ་གར་གྱི་མི་དང་ཕན་ཚུན་སྐད་བརྡ་འཕྲོད་ཙམ་པ་ཞིག་འོང་བ་ལ་དུས་ཡུན་ཅི་ཙམ་ཞིག་དགོས་པ་སོགས་སྔ་རྒོལ་གྱི་ཚིག་མང་པོ་ཞིག་དྲངས་ཏེ།
དེ་མི་འགྲིག་པའི་རྒྱུ་མཚན་དུ་ཕྱི་རྒྱལ་གྱི་མི་ཁག་ཅིག་གིས་སྐད་ཡིག་བཅུ་ཕྲག་ཁ་ཤས་ཤེས་པ་བཀོད་འདུག་ཀྱང་འདི་ནི་བསྒྲུབ་བྱ་ལ་མཁོ་བའི་སྒྲུབ་བྱེད་དུ་མ་མཐོང་སྟེ།
ཆོས་དང་ཡི་གེ་གང་ཡང་མེད་པའི་བོད་ཡུལ་མུན་ཁོངས་ནས་ཐོན་པའི་མི་ཞིག་གིས་ཐོག་མར་རྒྱ་གར་བ་དང་ཕན་ཚུན་གོ་བརྡ་འཕྲོད་པ་ལའང་དུས་ཚོད་གང་འཚམས་ཤིག་དགོས་ངེས་ཡིན་ང་ཚོ་བློ་གཟུ་བོར་གནས་ཏེ་དཔྱད་ན་རྟོགས་ཐུབ།
ཡི་གེ་དང་ཤེས་རིག་ལ་བློ་ཁ་གཏན་ནས་ཕྱོགས་མ་མྱོང་ཞིང་མི་རིགས་གཞན་གྱི་སྐད་ཡིག་ལ་གོམས་འདྲིས་མེད་པའི་ས་ཁུག་ཀྱོག་ཏུ་སྐྱེས་པའི་མི་ཞིག་རྒྱ་གར་དུ་སོང་ནས་ལོ་དྲུག་ཙམ་ཞིག་ལ་དེ་འདྲའི་སྦྱོང་འབྲས་ཐོབ་མི་ཐུབ་པ་ནི།
དེང་དུས་རང་ཡུལ་དུ་རང་སྐད་ལ་བརྟེན་ནས་སློབ་སྦྱོང་བྱེད་པ་ཡང་དེ་ལྟར་མི་ཡོང་བ་འདིས་རྟོགས་ནུས།
འོན་ཀྱང་ཆུང་ངུའི་དུས་ནས་ཁོར་ཡུག་སོགས་གང་ཅིའི་ཆ་རྐྱེན་ཡག་པོ་མི་ཚེ་གཅིག་ལ་སྐད་ཡིག་མང་པོ་ཤེས་ཐུབ་པའང་ཡོད་པ་དཔེར་ན།
དེང་དུས་བྱིས་པའི་བུ་བཅོལ་ཁང་ནང་རྒྱ་སྐད་དང་བོད་སྐད་གཉིས་ཀ་ཤེས་ཤིང་བོད་སྐད་ལའང་ཁམས་སྐད་དང་དབུས་སྐད་ཚང་མ་ལབ་ཐུབ་པའི་ཕྲུ་གུ་མི་ཉུང་བ་ཞིག་ཡོད་པ་མངོན་སུམ་དུ་མཐོང་བཞིན་པ་འདི་ཡིན་ན།
སྤྱིར་འཇིག་རྟེན་ན་སྐད་ཡིག་མང་པོ་ཤེས་ཤིང་རིག་རྩལ་གྱི་བྱང་ཆ་སྣ་ཚོགས་ལྡན་པའི་མི་ཡོད་མི་སྲིད་ཅེས་སུས་ཀྱང་སྨྲ་བར་མི་སྤོབས།
འགག་རྩ་ནི་སྐབས་དེར་དེ་ལྟར་སྒྲུབ་ཐུབ་པའི་རང་བཞིན་ཡོད་མེད་སོགས་ཡུལ་དུས་ཆ་རྐྱེན་དངོས་ལ་དཔྱོད་དགོས་པ་ནི་གནད་ཀྱི་དམ་པར་སེམས་ཤིང་།
གལ་ཏེ་ཐུ་མི་ནི་འབྱམས་དབྱངས་ཀྱི་སྤྲུལ་པ་ཡིན་ཕྱིར་སྤྱིར་བཏང་མིའི་བློ་གྲོས་ཀྱིས་གཞལ་བར་མི་དཔོག་ཅེ་ན།
དེ་ནི་དངོས་གཙོའི་ལྟ་བ་དང་མི་མཐུན་པའི་ཆོས་ཕྱོགས་ཀྱི་སྦོམ་བཤད་ཙམ་དུ་ཟད་པས། སྐབས་འདིའི་སྒྲུབ་བྱེད་དུ་མི་འགྲོ་ལ་གལ་ཏེ་དེ་ལྟར་ན་ཐུ་མི་རྒྱ་གར་དུ་ཕེབས་པའི་དགོས་པའང་མ་མཆིས་ཏེ་སྤྲུལ་པའི་གང་ཟག་གིས་ཐམས་ཅད་མཁྱེན་ཟིན་པའི་ཕྱིར་རོ།
དེས་ན་བོད་ཀྱི་ཡི་གེ་ནི་གཉའ་ཁྲི་བཙན་པོའི་གོང་ན་ཡོད་པར་གསལ་ཏེ།
མཁས་དབང་བྱམས་པ་ཕྲིན་ལས་ཀྱིས་མཛད་པའི་ < གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་
> ཞེས་པ་ལས། གནའ་རབས་བོད་ཀྱི་སྨན་པ་དྲང་སྲོང་དཔྱད་བུ་ཁྲི་ཤེས་ཀྱི་རྣམ་ཐར་ནང་དུ་དེ་བོན་གྱི་སྟོན་པ་གཤེན་རབ་ཀྱི་སྐུའི་གདུང་སྲས་བགྲེས་ཤོས་ཡིན་པ་དང་། དེས་བརྩམས་པའི་བསྟན་བཅོས་
< དུག་བཅོས་གཡུང་དྲུང་འཁྱིལ་བ་ > ཞེས་ཡོད་ཚུལ་གསུངས་འདུག་པས།
དེས་ཀྱང་ཡི་གེ་ཡོད་པ་ཤེས་དགོས་ཏེ། ཡི་གེ་མེད་ན་བསྟན་བཅོས་ཤིག་གང་ལས་འབྱུང་། གཞན་ཡང་གཉའ་ཁྲི་བཙན་པོ་ནས་གནམ་རི་སྲོང་བཙན་ཡན་ལ་རྒྱལ་རབས་སོ་གཉིས་ཀྱི་མཚན་དང་མཛད་རྗེས་རགས་རིམ་ལོ་རྒྱུས་ཀྱི་ཡིག་ལམ་དུ་འཁོད་ཡོད་པ་མ་ཟད།
གཉའ་ཁྲིའི་གོང་གི་ལོ་རྒྱུས་ཁག་ཅིག་བཀའ་ཐང་སྡེ་ལྔ་དང་། མཁས་པའི་དགལ་སྟོན་སོགས་ལ་འཁོད་ཡོད་པ་འདི་དག་ཡི་གེ་མེད་ན་ཇི་ལྟར་གནས་ཐུབ།
ཡིན་ནའང་ཡོངས་གྲགས་ལོ་རྒྱུས་ལས་གསལ་བ་ལྟར་ཁྲི་སྲོང་ལྡེའུ་བཙན་སྐབས་སུ་བོན་གྱི་གསུང་རབ་མེ་ལ་བསྲེགས་པ་དང་མཆོད་རྟེན་འོག་ཏུ་གནན་པ་སོགས་ཅི་ཐུབ་ཀྱིས་མེད་པར་བྱས་ཟིན་སྟབས།
དེང་སང་དེ་དག་ལས་འཕྲོས་པའི་དཔྱད་གཞིའི་ཡིག་ཆ་ཧ་ཅང་དཀོན་པོར་གྱུར་ཡོད། གཞན་ཡང་སྲོང་བཙན་སྔོན་དུ་བསྟན་བཅོས་དང་རིག་གནས་གང་ཡང་མེད་པ་ཡིན་ན།
སྐབས་དེར་རྒྱ་གར་ནས་བསྒྱུར་བའི་ཆོས་ལུགས་ཀྱི་ཐ་སྙད་རྣམས་དེ་འདྲའི་འོས་ཤིང་འཚམས་པའི་སྙན་འཇེབས་ལྡན་པ་ཞིག་རྩ་བ་ནས་ཡོང་ཐབས་མེད་པས།
བོད་ཡིག་ནི་ཆོས་རྒྱལ་སྲོང་བཙན་གོང་དུ་ཡོད་པ་ལུང་རིགས་གཉིས་ཀྱི་སྒོ་ནས་གྲུབ་ཡོད།
འོ་ན་སྲོང་བཙན་སྔོན་གྱི་ཡི་གེ་དེ་གང་ཡིན་ཞེ་ན།
ཁོ་མོ་ནི་རྒན་ཐུབ་བསྟན་ཕུན་ཚོགས་ལགས་ཀྱི་དགོངས་བཞེད་ལྟར། དེང་དུས་རང་རེ་རྣམས་ཀྱིས་བེད་སྤྱོད་བྱེད་བཞིན་པའི་ཡི་གེ་འདིའི་ཕྱི་མོ་དེ་ཉིད་ཡིན་ལ།
མཐའ་གཅིག་ཏུ་ཐུ་མིའི་སྔོན་རྗེས་ཀྱི་ཡི་གེ་དེ་གཉིས་པོ་ངོ་བོ་མི་འདྲ་བ་ཞིག་ཡིན་དགོས་པའི་རྒྱུ་མཚན་ཅི་ཡོད།
དེས་ན་གནའ་རབས་བོད་ཀྱི་ཡི་གེ་དེའང་དེང་དུས་ཀྱི་བོད་ཡིག་འདི་ལས་ངོ་བོ་གཞན་ཞིག་ཡོད་པར་མི་སེམས་ཀྱང་།
དུས་འགྱུར་གྱི་ཁྲོད་དུ་ཡི་གེའི་རྣམ་པ་ལ་འཕེལ་རྒྱས་དང་འགྱུར་བ་ཅི་རིགས་པ་ཞིག་བྱུང་ཡོད་པ་ནི་གདོན་མི་ཟའོ།།
སྤྱི་ལོ་ ༡༩༩༣ ལོའི་ < བོད་ལྗོངས་ཞིབ་འཇུག་ > ཅེས་པ་དེབ་བཞི་པར་བཀོད་པའི་དཔྱད་རྩོམ་ ( སུམ་རྟགས་དང་འབྲེལ་བའི་རྩོམ་ཡིག་འགའ་ཞིག་གི་ནང་དོན་རེ་ཟུང་ལ་རགས་ཙམ་དཔྱད་པ་ ) ཞེས་པ་ལས་བཤུས་སོ།