ཟིན་བྲིས་ལི་ཐོ།
སྒྲིག་འཇུག...

སྤྱི་བསྒྲགས།
སྒྲིག་འཇུག...

ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...

ཟིན་ཐོ་གསར་བ།
སྒྲིག་འཇུག...

དཔྱད་གཏམ་གསར་བ།
སྒྲིག་འཇུག...

ཆེམས་གསར་བ།
སྒྲིག་འཇུག...

འཚོལ་བཤེར།

སྦྲེལ་མཐུད།

ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 

བོན་ཕྲུག་ཁག་གི་ད་ལྟའི་འགན་འཁྲི་དང་  མ་འོངས་པའི་ལངས་ཕྱོགས།།
[ 2011/11/10 19:10:00 | By: ཀུ་ས་ལི། ]
 

  

བོན་ཕྲུག་ཁག་གི་ད་ལྟའི་འགན་ཁྲི་དང་མ་

འོངས་པའི་ལངས་ཕྱོགས།

                                   བླ་ཁྲི་མཁན་པོ་ཉི་མ་གྲགས་པ་རིན་པོ་ཆེ།

 

       གཡུང་དྲུང་བོན་གྱི་བགྲོ་གླེང་གོ་སྒྲིག་ཚོགས་ཆུང་དང་པོ་ནས་ད་བར་སྔ་ཕྱི་རིམ་པས་ཕྲན་ལ་བགྲོ་གླེང་དུ་གཏམ་བཤད་བྱ་རྒྱུའི་བསྐུལ་མ་དང་བཅས་གོ་སྐབས་ཡང་ཡང་གནང་བྱུང་ནའང་། སྐབས་བབ་རང་འཁྲིའི་ལས་དོན་ཁག་གིས་བྲེལ་ཟིང་ངང་ཕྱོགས་བསྐྱོད་དང་སྐབས་འཁེལ་གྱིས་ཐུགས་རེ་སྐོང་བའི་གོ་སྐབས་དབེན་ན་ཡང་། ད་ལན་ཡང་བསྐྱར་འབྲེལ་ཡོད་ཚོགས་ཆུང་ནས་གོ་སྐབས་གནང་བས་ཐུགས་ཕན་ཡོད་མིན་ལ་མ་ལྟོས་པར་སྤྲོ་བ་དང་བཅས། 

གང་སར་འཁྱམས་པའི་འབྲས་བུར་མཐོང་ཐོས་འདྲ་མིན་གྱི་མྱོང་ཚོར་ཅུང་ཙམ་ཆེ་ཁུལ་གྱིས། རང་གི་བསམ་ཚུལ་དང་བཅས་རྩ་བའི་བརྗོད་བྱ། བོན་ཕྲུག་ཁག་གི་ད་ལྟའི་འགན་འཁྲི་དང་མ་འོངས་པའི་ལངས་ཕྱོགས་གཉིས་ཡིན་སྟབས། དང་པོ་འགན་འཁྲིའི་སྐོར་རོབ་ཙམ་ངོ་སྤྲོད་ཚུལ་དུ་ཞུས་ན་གཙོ་བོ་སོ་སོའི་སྟེང་དུ་བབ་པའི་བསྒྲུབ་བྱའི་ལས་རིགས་ཁག་གསལ་པོར་ངོ་ཤེས་རྒྱུ་དེ་གལ་ཆེ། དེ་མིན་གང་ཁུར་དུ་འཁྲི་བའི་ལས་འགན་དེ་མ་ཤེས་ཚེ་གཟེངས་སུ་ཐོན་པའམ་རྔོ་ཐོགས་པའི་བྱ་བ་གང་ཡང་ འགྲུབ་རྒྱུ་ཧ་ཅང་དཀའ་བར་མཐོང་། དེས་ན་ཐོག་མར་ཁ་ནང་དུ་བསྐོར་ནས་རང་ལ་འཁྲི་བའི་འོས་འགན་གང་དང་གང་ཡིན་དེའང་ཁ་ཚ་དགོས་ཐུག་གམ་གལ་གནད་དུ་བརྩི་དགོས་གང་འདུག་ངོས་འཛིན་བརྟན་པོ་ཞིག་ཀྱང་གནང་ཐུབ་དགོས། དཔེར་ན་ངེད་རང་ཚོ་བོན་པོ་ཞིག་ཡིན་པའི་ཆ་ནས་འགན་འཁྲི་གང་བབ་ཀྱི་འདུག དེ་བཞིན་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་དེའི་ངོ་བོ་ཚད་ལྡན་ཞིག་མཚོན་བྱེད་དམ། མི་གོ་ཆོད་ཀུན་གྱིས་ཆ་འཇོག་དང་རང་བཞིན་དྲང་པོ་ཚད་འཛིན་དཔེ་ཟླར་འགྱུར་འོས་སུ་སོ་སོར་ཁུར་དུ་འཁྲི་བའི་འོས་འགན་གང་འདུག་མིན་ཤེས་དགོས།

དང་པོ། བོན་ཕྲུག་ཁག་གི་ད་ལྟའི་འགན་འཁྲི་གླེང་བ།

སྐབས་བབ་བགྲོ་གླེང་གོ་སྒྲིག་པས་དམིགས་བཀར་གྱིས་དེ་རིང་གི་བརྗོད་བྱར་ད་ལྟའི་འགན་འཁྲི་དང་མ་འོངས་པའི་ལངས་ཕྱོགས་ཞེས་གཏན་འབེབས་གནང་བ་རྒྱུ་མཚན་ཅན་ཞིག་ཏུ་རྩ་འཛིན་བྱས་ནས་ཞུས་ན། ངེད་ཅག་བོན་འབངས་རྣམས་ཀྱི་སྔ་ཕྱིའི་ལོ་རྒྱུས་ཀྱི་བྱུང་རིམ་ལ་ཕྱི་མིག་གིས་བལྟས་ཚེ། ངེད་ཚོའི་ཕ་མེས་རྣམས་ཀྱག་ཀྱོག་གི་འཕྲང་ལམ་ནས་བདེ་སྡུག་ཅི་རིགས་པའི་མི་ཚེའི་ནང་། རིན་བྲལ་གྱི་ཕ་ནོར་གཡུང་དྲུང་བོན་གྱི་སྔ་མའི་ལུགས་སྲོལ་ཉམས་པ་མེད་པ་ཕྱིས་འབྱུང་ཚོར་རྗེས་བཞག་གནང་བ་དག ང་རང་ཚོའི་ངོས་ནས་ཉམས་པ་མེད་པར་ཤུལ་འཛིན་ཐུབ་ཐབས་དང་། དེ་ཙམ་དུ་མ་ཟད་དེའི་བྱུང་ཁུངས་ལོ་རྒྱུས་དང་དོན་སྙིང་སོགས་ངེས་པར་དུ་མཁྱེན་རྟོགས་གནང་གལ་ཆེ་བར་མཐོང་།

 དེ་མིན་ངེད་ཅག་རྣམས་བོན་ཕྲུག་ཡིན་དང་མིན། ཕ་མ་བོན་པོའི་གྲོང་པ་དང་འབྲེལ་བའམ། སྤྱིར་བཏང་བོན་ལ་དད་མོས་བྱེད་མཁན་ཞིག་ཡིན་པ་ཙམ་རྒྱུ་མཚན་དུ་བྱས་ན་མི་འཐུས། ཡིན་ནའང་དེང་སང་མང་པོ་ཞིག་དེ་ལྟ་བུར་ཆགས་ཀྱི་ཡོད་ནའང་དོན་དམ་དུ་གོང་སྨོས་ལྟར་སོ་སོ་སུ་ཡིན་དང་། དེ་ཡིན་པའི་རྒྱུ་མཚན་ཚད་འཕེར་གཞན་ལ་ངེས་པ་འདྲེན་ཐུབ་པ། ངེས་ཅན་གྱི་གོ་བ་ཞིག་རང་རྒྱུད་ལ་བསྐྱེད་ཐུབ་པ་བྱ་རྒྱུ་དེ་གོམ་པ་དང་པོ་ཡིན་པར་སེམས། 

དེ་ལྟའི་རྒྱུ་མཚན་ཞིག་མཐོང་མཚམས་འགན་འཁྲི་དེའང་མི་འདོད་བཞིན་དུ་ར་འཕྲོད་རྒྱུ་ཡོད་པ་ཞིག་རེད། དེ་མཚམས་རང་གི་ཕྲག་སྟེང་དུ་བབ་པའི་འོས་འགན་ནམ་འགན་འཁྲི་དེ་འཐུས་ཚང་དུ་སྒྲུབ་པའི་ཤེས་ཚད་དང་ནུས་པ།  ཡང་ན་ལྷག་བསམ་སོགས་འདུག་དང་མི་འདུག ཡོད་ན་དེ་ལ་ལུས་ངག་ཡིད་གསུམ་གྱི་ནུས་པ་གཅིག་ཏུ་བསྒྲིལ་ཏེ་ལྷོད་མེད་རྩོལ་བར་ཞུགས་པའི་དུས་ལ་བབ་ཡོད། ཅི་སྟེ་ཆ་རྐྱེན་དེ་ད་ལྟ་རང་ལ་མི་འདུག་ན་དེའི་རྒྱུ་མཚན་ག་ལ་ཐུག ཞིབ་དཔྱོད་ཀྱིས་ཆ་རྐྱེན་ཚང་བ་གནང་རྒྱུར་ནུས་ཤུགས་ཡོད་ཚད་འདོན་དགོས། མནོ་བསམ་ཞིག་ཐོངས་དང་། དཔེར་ན་བོན་པོ་ཡིན་ནམ་ཞེ་ན། ཐེ་ཚོམ་མེད་པ་སྐད་གསང་མཐོན་པོའི་སྒོ་ནས་བོན་པོ་ཡིན་ཞེས་བརྗོད་རྒྱུ་དང་། ཡིན་ནའང་། དེ་ལྟར་ཡིན་པར་ཁྱེད་རང་ལ་བསམ་བློ་གཏང་སའི་གཞི་མ་གཙོ་བོ་དེ་གང་འདུག་ཅེས་རང་ལ་དྲི་བ་འདོན་དགོས་པ་མ་ཟད། ལན་ཡང་བློ་བདེ་བ་ཞིག་རྙེད་ཐབས་བྱ་དགོས། གཞན་ཡང་། རང་ཉིད་བོན་པོ་ཞིག་ཡིན་པའི་ཆ་ནས་བོན་དང་དེའི་སྤྱི་ཚོགས་སུ་སྨན་པའི་ཞབས་འདེགས། སྔོན་དུ་གང་ཞུས་ཡོད། མ་འོངས་པར་ཞུ་ཐུབ་པའམ་ཞུ་འཆར་གང་འདུག དེ་ཡང་ཁ་ཞེ་གཉིས་མེད་ལྷག་བསམ་བཟང་པོས་ཞབས་འདེགས་ཇི་ལྟར་བསྒྲུབ་རྒྱུ་ཡིན་སྐོར། དུས་རྒྱུན་དུ་ལྷོད་མེད་ཡིད་འཇགས་དགོས་པ་ནི་གཙོ་གནད་ཅིག་རེད། དེས་ན་བོན་ཕྲུག་ཚོར་རང་ཅག་བོན་པོ་རྣམས་ལ་དུས་རབས་བདུན་པའི་མཇུག་ཙམ་ནས་མི་རིགས་གྲང་ཉུང་ཁར་བླ་དཔོན་སྤྱི་སྒེར་མང་པོ་ཞིག་གིས་དུས་ད་ལྟའི་བར་དངོས་ཤུགས་བརྒྱུད་གསུམ་གྱིས། ཟུར་ཟ་དང་དམའ་འབེབས་མཐོང་ཆུང་མཚམས་མེད་པར་གནང་དང་གནང་མུས་ཤེས་གསལ་ལྟར། ད་ནི་མནོ་བསམ་ཞིག་གཏང་དགོས་པའི་དུས་ལ་སླེབས་མི་འདུག་གམ་ཞེས་དྲི་བ་ཞིག་འགོད་འདོད་བྱུང་། བོད་ཀྱི་ཁ་དཔེར།           རང་རིན་པོ་ཆེ་ཡིས་མ་སྐྱོབས་ན། རོགས་རིལ་མ་མགོ་ཡིས་སྐྱོབས་ལེ་མིན།ཞེས་པ་ལྟར། འུ་ཅག་བོན་པོ་རྣམས་ཀྱིས་རང་གིས་རང་ལ་ཤུགས་བརྒྱབ་སྟེ་སོ་སོའི་ཆོས་དང་ལོ་རྒྱུས་སྲུང་སྐྱོབ་དང་དར་སྤེལ་གཏོང་བའི་ལས་འགན་དང་དུ་ལེན་དགོས་པ་ལས། གཞན་ཞིག་ལ་རེ་བ་བརྒྱབ་ནས་བསྡད་ན་ཡོང་ཐབས་མེད་པ་གོང་དུ་ཞུས་པའི་རྒྱུ་མཚན་དེ་ལྟར་རོ། དེ་ཡང་མ་འོངས་པའི་བོན་ཕྲུག་རྣམས་ལ་འཁྲི་བའི་ལས་འགན་ཞིག་ཡིན་པས་ཞེན་ཁོག་དང་ལ་རྒྱ་ཁོ་ནས་སྐད་ཅོར་བརྒྱབ་པའམ་དཔུང་པ་འཕུར་བས་གོ་མོ་ཆོད་ལ། དེ་ཙམ་གྱིས་རང་གི་དགོས་འདུན་གྱི་བསྒྲུབ་བྱའང་འགྲུབ་མི་ཐུབ། 

འོ་ན་གང་དགོས་ཤེ་ན། ངེས་པར་དུ་སྲིད་གཞུང་དང་ཡུལ་ཁྲིམས་འགལ་མེད་བརྩི་བཀུར་ཞུས་ཐོག་ཆེད་གཉེར་རམ་མ་རྟོགས་པའི་དབང་གིས་གཞན་ཟེར་གཡམ་རྒྱུགས་ཀྱིས། མདོར་ན་བོན་ལ་ཁྱད་གསོད་དམ་ལོག་བཤད་དམའ་འབེབས་ཅི་ལྟར་ཡང་། སྐབས་བསྟུན་རྒྱུ་མཚན་དང་འབྲེལ། ཁུངས་ཐུབ་རང་ལུགས་བོན་གྱི་ལོ་རྒྱུས་སོགས་ལུང་རིགས་གཉིས་ཀྱི་ལམ་ནས། ཕ་རོལ་པོར་གོ་བརྡ་འཕྲོད་ངེས་པའི་ཡིན་ལུགས་གསལ་བཤད་བྱེད་ཐུབ་པ་བྱ་རྒྱུ་དེ། ནད་ཐོག་ལ་སྨན་ཞེས་པ་ལྟར་གལ་ཆེ་ཤོས་དེ་ཡིན། གལ་ཏེ་དེ་ལྟར་ཐུབ་ཚེ་རང་ཉིད་བོན་ཕྲུག་ཡིན་པའི་གོ་ཞིག་ཆོད་པ་ཡིན་ལ། སོ་སོའང་བོན་པོ་ཡིན་ཞེས་སྤོབས་པ་དང་བཅས་བཤད་པའི་དགེ་མཚན་ཡང་རེད། 

དེའི་ཕྱིར་སྐབས་སུ་བབ་པའི་འོས་འགན་ནི་རང་ཉིད་བོན་པོ་ཞིག་ཡིན་པ་རྒྱུ་མཚན་དུ་བྱས་ཏེ་ཐུགས་བསམ་བཞེས་དགོས་པ་འགའ་ཞིག་སྟེ། དཔེར་ན། སྐྱིད་སྡུག་ལེགས་ཉེས་ཅི་བྱུང་ཡང་ཡུལ་མཆོག་གནས་བཞིར་དད་པ་དང་མོས་གུས་འགྱུར་བ་མེད་པ་དང་། བོན་ལུགས་སྐྱབས་འགྲོའི་རྣམ་གཞག བོན་གྱི་ངོ་སྤྲོད་སྙིང་བསྡུས། གཞན་ཡང་བོན་ལུགས་ཀྱི་ཡི་དམ་སྲུང་མ་གཙོ་བོ་ཁག་གི་མཚན་དང་སྐུ་མདོག་ཕྱག་མཚན། བོན་གྱི་རྒྱལ་རབས་ལོ་རྒྱུས། གཞན་ཡང་བོན་གྱི་བླ་སྤྲུལ་ཆེ་ཁག་གི་མཚན་ཞུ་སྟངས་ཚུན་ཆད་ལེགས་པར་ཤེས་དགོས་པ་ནི། བོན་ཕྲུག་རྣམས་ཀྱི་སྟེང་དུ་བབ་པའི་འགན་འཁྲི་ཆེས་གལ་ཆེ་བ་ཞིག་རེད། དེ་ལུགས་དུས་ཚོད་སྟོང་ཟད་དུ་མ་སོང་བར་མཁས་དབང་བླ་སྤྲུལ་དགེ་བཤེས་གྲངས་ལས་འདས་པ་ཕལ་ཆེར་ཉིན་ལྟར་མཇལ་འཕྲད་ཀྱི་གོ་སྐབས་བཟང་པོ་འདི་ལྟ་བུ་ལ། ཁེ་བཟང་རང་ལག་ཏུ་ལོན་ཕྱིར་སྦྱོང་བརྡར་གནང་བའི་དུས་ལ་བབ་ཡོད།  ཕྱིའི་རྒྱལ་ཁབ་ཀྱི་སྐད་ཡིག་སོགས་ཤེས་དགོས་གལ་ཆེ་ནའང་། རང་གི་རྩ་བའི་ལོ་རྒྱུས་བྱུང་ཁུངས་སོགས་གང་ཡང་ཤེས་མེད་ལྟ་བུར་གྱུར་པ་ཡིན་ན། མནོ་བསམ་ཞིག་ཐོངས་དང་། མ་འོངས་པར་རང་གི་བུ་ཕྲུག་སོགས་ཀྱིས་ཁྱེད་རང་ལ་ང་བོན་པོ་ཡིན་དགོས་པ་གང་རེད་ཅེས་ཞུས་ན། ལན་གང་འདེབས། བོན་པོ་ནང་པ་མ་རེད་ཅེས་ལབ་ན། དེ་ལ་རྒྱུ་མཚན་ལྡན་པར་མཁས་པའི་ཚུལ་གྱིས་ལན་གང་གནང་ངམ།  ཡང་ན། ཁོང་ཁྲོ་དང་བཅས་དཔུང་པ་འཕུར་ནས་གང་ཟག་དེའི་སྟེང་དུ་རྒྱུགས་སམ། དེ་གཉིས་ནང་ནས་གང་གདམ། ཡང་ན་ངོ་གནོང་སྟེ། མ་གོ་བའི་ཚུལ་བཟུང་ཞིང་བརྗིད་ཉམས་དོད་པོས་དེ་ཚོ་ཧ་ཅང་མི་ཆེ་ཚུལ་གྱིས་བག་ལྷོད་གནང་སྟེ།  སེམས་ནང་སྡུག་བསྔལ་རི་བོ་ཙམ་ཞིག་གིས་གནོན་བཞིན་སྡོད་དམ། དེ་རྩིས་བླང་དོར་མ་འཛོལ་བར་གནང་གལ་ཧ་ཅང་ཆེ་བས། ཕ་བཟང་གི་བུ་དང་བུ་མོ་ཚོ།  བསམ་བློ་ཞིག་ཐོངས། རང་གིས་རང་ལ་བསླབ་བྱ་ཞིག་རྒྱོབ། མི་ལུས་ཐོབ་པ་དོན་ཡོད་ཅིག་མཛོད། སྔར་དང་མ་འདྲ་བའི་དམ་བཅའ་ཞིག་བཟུང་སྟེ། དུས་ཚོད་གང་འཁྱོལ་ལྟར་མ་ཡིན་པར། ལྷག་བསམ་དང་ནུས་ཤུགས་ཟུང་ངམ་ཡང་ན་གང་རུང་ཞིག་གིས་བོན་ཕྲུག་ཡིན་པའི་དཔང་རྟགས་སམ་ར་སྤྲོད་བྱེད་དགོས་ཞེས་སྙིང་གཏམ་ལྷག་བསམ་གྱིས་གདམས་པའོ།

གཉིས་པ།  བོན་ཕྲུག་ཁག་གི་མོ་འོངས་པའི་ལངས་ཕྱོགས་གླེང་བ།

བརྗོད་བྱ་གཉིས་པ།      མ་འོངས་པའི་ལངས་ཕྱོགས་ཞེས་པ་དེའི་ཐད་ཅུང་ཙམ་ཞུས་ན། སྤྱིར་བཏང་ལངས་ཕྱོགས་ཞེས་པ་དེ། སོ་སོའི་གཞི་རྩའི་བསམ་བློའི་འཁྱེར་སོའམ་བལྟ་ཕྱོགས་ཤིག་ཡིན་པར་ངོས་འཛིན་ཞུ་གི་ཡོད། དེས་ན། བོན་པོ་ཞིག་ཡིན་པའི་ཆ་ནས་ལངས་ཕྱོགས་ཇི་ལྟར་དགོས་ཤེ་ན། ཕ་མྱེས་གོང་མས་བཞག་པའི་ནོར་སྐལ་གཡུང་དྲུང་བོན་འདི་ཉིད་སྲོག་ལ་ཐུག་ཀྱང་མི་འདོར་བར་གཙིགས་འཛིན་བྱེད་པ་དང་། དད་པ་དང་མོས་གུས་ཡིད་ཆེས་ཀྱིས་ལངས་ཕྱོགས་བརྟན་པོར་བཟུང་སྟེ། མ་འོངས་པར་སོ་སོའི་བུ་རྒྱུད་ཚོར་ངོ་གནོང་མི་དགོས་པར་རྩིས་འཕྲོད་ཐུབ་པ་ཞིག་བྱ་དགོས་སྙམ་པའི་ལངས་ཕྱོགས་བརྟན་པོ་ཞིག་འཛིན་དགོས། གཞན་ཡང་། བོན་ཕྲུག་ཡིན་བཞིན་པའི་ཐོགབོད་རིགས་ ཤིག་ཀྱང་ཡིན་པའི་ཆ་ནས་སོ་སོའི་མི་རིགས་ཀྱི་ལོ་རྒྱུས་རིག་གཞུང་སོགས་ལ་བརྩེ་གདུང་བརྟན་པོ་དགོས་པའང་སྨོས་མིན་ཁར་མི་རིགས་ལ་ལྷག་བསམ་དང་འདས་པའི་ལོ་རྒྱུས་དང་བྱུང་ཁུངས་སོགས་ལ་གུས་བཏུད་དང་སྦྱོང་བརྡར་བྱེད་དེ་བོད་མི་ཡིན་པ་མཚོན་ཐུབ་དགོས།  དུས་ཚོད་སྐར་ཆ་གཅིག་ཡན་ཆད་ཆུད་ཟོས་སུ་མ་སོང་བར་ཤེས་ཡོན་ཅན་གྱི་བོད་མི་ཞིག་འབྱུང་ཐབས་དང་།

 དེའང་གནས་སྐབས་ཀྱི་ལྟོ་གོས་འདང་ངེས་ཙམ་གྱི་དགོས་མཁོར་ཚད་འཛིན་མི་གནང་བར། མ་འོངས་ཕུགས་རྒྱང་རིང་པོ་སྟེ། བོན་པོ་ཞིག་ཡིན་པའི་ཆ་ནས་བོན་པོའི་སྤྱི་ཚོགས་སུ་རྔོ་ཐོགས་པའི་ཞབས་འདེགས་ཞུ་སླད་ཤེས་ཡོན་གཞན་ཕན་གཙོར་བཟུང་ཐོག་འབད་བརྩོན་གནང་ཞིང་། མདོ་དོན་ཡ་རབས་དྲང་བདེན་ལ་དུས་དང་རྣམ་པ་ཀུན་ཏུ་ཡིད་འཇོག་གནང་རྒྱུ་དང་། མ་རབས་སྤྱོད་ངན་ལ་ཐེར་འདོན་དང་ཡོ་བསྲང་བྱ་རྒྱུའི་སྤོབས་པ་བསྐྱེད་རྒྱུའང་གལ་ཆེ། བྱ་བ་ཐ་དག་ལེགས་པར་བརྟག་ཅིང་རྩོལ་སྒྲུབ་བྱ་རྒྱུ་ལས་བརྟག་ལོང་མེད་པར་ཐ་སྙད་གྲགས་པ་ཆེ་ཆུང་གི་རྗེས་སུ་རྒྱུགས་ནས། རི་བོང་ཅལ འདྲོགས་གནང་ཐལ་མི་འོས་པས་དེ་ལུགས་ཐུགས་དབུས་སུ་འཇགས་པར་ཞུ། དེ་ལྟར་མ་གནང་ཚེ་མར་བསྡབ་ས་ནས་ཡར་ལངས་མི་ཤེས་པའང་འབྱུང་མི་སྲིད་པ་མིན་པས་རང་གི་ལྷག་བསམ་དང་སྔར་བསམ་ཕྱི་མནོའི་བརྟག་དཔྱད་ཐོག ལེགས་ཉེས་བླང་དོར་མི་འཛོལ་བར་རང་ཚུགས་བརྟན་པོར་སྡོདཤེས་པར་བྱ་རྒྱུ་དེ་བོན་ཕྲུག་ཁག་གི་ལངས ཕྱོགས་ལེགས་ཤོས་ཡིན་པར་ངོས་འཛིན་ཞུ་གི་ཡོད།

གོང་དུ་སྨྲས་པ་ཀུན་རང་གི་ལྷག་བསམ་བཟང་པོས་བོན་ཕྲུག་ན་གཞོན་ཚོར་ཅུང་ཕན་རེར་དམིགས་ཏེ་བཤད་པ་ཞིག་དང་། དེའང་གང་ཐུབ་ཕལ་ཚིག་དཀྱུས་མའི་སྟེང་བྲིས་ཁུལ་ཡིན་པས་མཁྱེན་གལ་བཅས། ཐེངས་བདུན་པའི་གཡུང་དྲུང་བོན་གྱི་བགྲོ་གླེང་གོ་སྒྲིག་ཚོགས་ཆུང་གིས་བཀའ་ཕེབས་ལྟར་ལས་བར་དུ་བྲིས་པའོ།།

བླ་ཁྲི་མཁན་པོ་དགེ་བཤེས་ཉི་མ་གྲགས་པས་༸དཔལ་གཤེན་བསྟན་སྨན་རིའི་གླིང་ནས།

                                   ཕྱི་ལོ་ ༢༠༠༦ ཟླ་བ་ ༥ ཚེས་    ༣༠ ཉིན་ཕུལ།

 གངས་རིའི་ཕྱི་ནང་ཁོར་ཡུག་གིིས་རྐྱེན་པས་སྐབས་བདུན་པའི་གཡུང་དྲུང་བོན་གྱི་བགྲོ་གླེང་སྐབས་ཀྱི་བརྗོད་བྱ་དེ་ལས་མིང་ཚིག་ཁག་ཅིག་ཕྲིས་བསྣོན་བྱས་ཡོད་པས་མཁྱེན་རྟོགས་ཡོང་བར་ཞུ།།

 
 
Re:བོན་ཕྲུག་ཁག་གི་ད་ལྟའི་འགན་འཁྲི་དང་  མ་འོངས་པའི་ལངས་ཕྱོགས།།
[ 2011/11/11 2:34:34 | By: triyungblog ]
 
triyungblogགཤེན་གྱི་རྣལ་འབྱོར་བ་ཆེན་མོ་བོན་མཆེད་ཀུ་ས་ལིའི་ཟིན་བྲིས་ལ་དོན་སྙིང་ལྡན་པ་འདུག
 
 
Re:བོན་ཕྲུག་ཁག་གི་ད་ལྟའི་འགན་འཁྲི་དང་  མ་འོངས་པའི་ལངས་ཕྱོགས།།
[ 2011/11/10 22:00:31 | By: སྐུ་མགྲོན་rWNy51(སྐུ་མགྲོན) ]
 
སྐུ་མགྲོན་rWNy51(སྐུ་མགྲོན)ཡག་པོ་ཞེ་དྲག་བྲིས་གནང་འདུག་བཀའ་དྲིན་ཆེ། ད་དུང་མ་འོངས་པར་ལྗག་རྩོམ་དྲོན་མོ་འདི་བཞིན་ཆུ་བོའི་རྒྱུན་ལྟར་སྩོལ་གནང་ཡོང་བའི་རེ་བའི་བསྐུལ་བ་ཞུ། ཕྱག་བྲིས་འདི་འདྲ་ནི་བོན་ཕྲུག་ཙམ་མ་ཡིན་པར་བོན་རྒན་ཚོ་ལའང་ཤིན་ཏུ་སྨན་པའི་གདམ་ངག་ཞིག་ཏུ་མཐོང། བོན་པོའི་དགེ་བཤེས་དེ་ཚོ་ལ་འདུག་ད། རླུང་འཚུབ་ཀྱིས།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.