སྲིད་པའི་གཉེན་དུ་སངས་རྒྱས་སྟོན་པ་རབས་དགུའི་
ཐུགས་རྗེའི་ཡེ་ཤེས་ཇི་ལྟར་ཤར་ཚུལ་
ལུང་གི་དགོངས་དོན་ཆེ་ལོང་
ཙམ་གླེང་བ།
ཇི་སྐད་དུ།
གཤེན་རབ་སྟོང་དང་རྩ་གཉིས་ནི།
བསྐལ་ཆེན་གཅིག་ལ་བྱོན་པར་གྱིས།
ལྷ་ཡང་སྟོང་ལ་སྲིད་པ་སྟོང་།
འགྲོ་བ་འདྲེན་པའི་དོན་ཆེད་ལ།
ཐུགས་རྗེས་གཤེན་གྱི་མཐུ་དཔུང་མཛོད།
ཅེས་པ་དེ་ལ་ཡང་དང་པོ་དེ་དག་གི་རྒྱུ་རུ་སྔོན་གྱི་སྐྱེས་རབས་ཁྱེའུ་སྟོང་རྩ་གཉིས་ཇི་ལྟར་བྱོན་ཚུལ་སྤྱིར་གླེང་བར་བྱ་བ་ལ།
སྔོན་མི་རྣམས་ཚེ་ལོ་དཔག་མེད་བཅུ་ཐུབ་པའི་དུས་སུ་སྐྱེ་འགྲོ་རྣམས་ཀྱི་ལས་སྤྱོད་ངན་པ་ལ་འོག་མིན་གནས་ན་བཞུགས་པའི་རྫོགས་སྐུ་གཤེན་ལྷར་ཐུགས་མཁྱེན་བརྩེས་གདུང་ཤུགས་ཀྱིས་སྤྱན་ཆབ་རབ་ཏུ་འབྲུག་ཅིང་།
དེ་ཡང་གཟུགས་ཁམས་གོང་མའི་ལྷ་གནས་གཙང་མ་རིགས་ལྔའི་གནས་ཀྱི་དང་པོ་སྲིད་པ་གུང་སངས་གནས་ན་བཞུགས་པའི་ལྷ་ཡི་རྒྱལ་པོ་ཁྲི་འོད་ཟེར་སྟོང་ལྡན་དང་ཡུམ་གསས་བཟའ་ཀུན་ཤེས་དག་གི་པང་དུ་བབས་ཤིང་འོད་ཟེར་སྟོང་དུ་འཕྲོས།
འོད་དེ་ཡི་སྙིང་པོ་ལས་ཀྱང་འགྲོ་བ་འདྲེན་པའི་བསྐལ་སྟོང་སངས་རྒྱས་སྟོང་རྩ་གཉིས་ཀྱི་རྒྱུ་མཚན་ལྡན་ཁྱེའུ་སྟོང་རྩ་གཉིས་རང་བྱུང་དུ་འཁྲུངས་ཏེ་བཀྲ་ཤིས་དགེ་རྟགས་རབ་ཏུ་བརྟས།
སྲས་དེ་རྣམས་ཀྱིས་དད་པ་རབ་ཏུ་སྐྱེས་པས་ལྷ་ཡི་ཐུགས་རྗེས་ཉེ་བར་བཟུང་སྟེ་སྟོན་པ་འབུམ་ཁྲི་གློག་གི་ལྕེ་ཅན་ལ་འོད་གསལ་ལྷ་ཡི་སྒྲོན་མ་ཕུལ་ཏེ་སློབ་དཔོན་དུ་བཀུར་ཅིང་།
སྲིད་པ་སྟོང་རྩིས་ཀྱི་བོན་གསན་ཏེ་ཤེས་རབ་བསྐྱེད་ཅིང་བློ་རྩལ་སྦྱངས་པའི་དུས་དེར་འགྲོ་བའི་ལས་ལ་བརྟགས་པས་གདུང་ཤུགས་ཀྱིས་སྙིང་རྗེའི་མཆི་མ་ཤོར་ཏེ་འགྲོ་རྣམས་ཀྱི་དོན་དུ་འབྱོར་བར་སེམས་བསྐྱེད་ཅིང་སྨོན་ལམ་རྣམ་པར་དག་པར་མཛད།
དུས་དེར་རྩ་རྒྱུད་ཉི་སྒྲོན་ལས། སློབ་དཔོན་གཏོ་ཡི་ཞལ་ན་རེ། ཨེ་མ་ངོ་མཚར་རྨད་རེ་ཆེ། མཚན་ལྡན་ལྷ་ཡི་ཁྱེའུ་ཆུང་རྣམས།
སྙིང་རྗེ་ཆེན་པོ་སྐྱེས་ཚོད་ཀྱིས། ཚད་མེད་བཞི་དང་ལྡན་པར་ངེས། ཚད་མེད་བཞི་ཡི་ཐུགས་རྗེ་ཡིས།
འགྲོ་བ་ཐར་པར་འདྲེན་པ་ཡིན། བསྐལ་པ་སྟོང་དང་རྩ་གཉིས་སུ། སེམས་ཅན་ཐར་པར་འདྲེན་པ་ཡི། བསྟན་གཙོ་སྟོང་དུ་སོངས་ཤིག་གསུངས།
ཞེས་པ་ལྟར་ལྷ་སྲས་རྣམས་ལ་ཚད་མེད་རྣམ་བཞིས་འགྲོ་ཀུན་སྐྱེ་རྒས་ན་འཆིའི་གཡང་ས་ལས་སྐྱོབས་ཏེ་གཞན་ཕན་གྱི་འབྲས་བུ་དོན་དུ་གཉེར་དགོས་པའི་བཀའ་གནང་བཞག་ཅིང་འགྲོ་བ་འདྲེན་པའི་བོན་ལུང་ཕོག་པ་སྟེ།
སློབ་དཔོན་གྱི་ཞལ་ནས། ཚད་མེད་བཞི་ཡིས་འགྲོ་རྣམས་དྲོངས། སྐྱེ་རྒ་ན་འཆི་བཞི་ལས་སྐྱོབས།
བསྟན་པ་གཅིག་ལ་སྟོན་པ་གཅིག གླིང་བཞི་གཅིག་ལ་ཉི་མ་གཅིག དེ་བཞིན་འགྲོ་དོན་རིམ་པར་འབྱུང་།
ཞེས་གསུངས་ནས་སྲིད་པ་མི་གདུང་གུང་སངས་གནས་ཀྱི་རིན་ཆེན་གྲང་མའི་གླིང་སྟོད་ན་མེ་ཏོག་པད་མ་ཧ་སྤུངས་ཀྱི་སྦུབས་སུ་བཞག་སྟེ་སྨོན་ལམ་རྒྱ་ཆེར་བཏབ།
དེ་ནས་མུ་རྒྱུང་གི་བསྐལ་པ་ཆགས་པའི་དང་པོ་ལ་སྟོན་པའི་ཐུགས་རྗེ་ཤར་ཏེ་ཏིང་ནམ་མུར་ཟངས་སྟེང་དུ་གསེར་གྱི་པད་མ་འདབ་མ་སྟོང་ལྡན་ལ་གཡུ་ཡི་གཡུང་དྲུང་བཀྲ་བ་ཞིག་བརྡོལ་བས་དེ་ལ་ནི་གནས་གཙང་ལྷ་རྣམས་ཀྱིས་གདུལ་བྱ་འདུལ་བའི་རྣམ་འདྲེན་དུ་སྐལ་བཟང་སངས་རྒྱས་སྟོང་རྩ་བརྒྱད་འབྱོན་པའི་སྔ་ལྟས་བཟང་པོར་གཟིགས་ཏེ་འདི་ནི་བསྐལ་པ་བཟང་པོའོ་ཞེས་བསྐལ་བཟང་གི་ཐ་སྙད་དུ་སྨྲས་ཏེ་བདེ་བར་གཤེགས་པ་སྟོང་རྩ་བརྒྱད་འབྱོན་པའི་སྔ་ལྟས་ཆེའོ་དགེའོ་དགེའོ་ངོ་མཚར་ཆེའོ།
ཞེས་གསུངས་ཏེ་དགའ་བའི་རོལ་གར་བསྒྱུར། དུས་དེར་ཚེ་ལོ་བསྐལ་པ་བདུན་འབུམ་ཐུབ་པའི་རྗེ་བོ་འཁོར་ལོ་བསྒྱུར་བའི་རྒྱལ་པོ་དུང་འོད་དང་བཙུན་མོ་རིན་ཆེན་གསལ་འོད་མ་དང་སྲས་བཞི་བློན་བཞི་དང་བཅས་པས་སྨོན་ལམ་རྒྱ་ཆེར་དུས་གཅིག་ཏུ་བཏབ་པའི་མཐུ་དཔལ་ལས་རིན་ཆེན་གྲང་མའི་གླིང་ན་མེ་ཏོག་པད་མ་ཧ་སྤུངས་རྙེད་དེ་འདབ་མའི་དཀྱིལ་དབུས་སུ་ཁྱེའུ་སྟོང་རྩ་གཉིས་རང་བྱུང་དུ་འཁྲུངས།
དུས་དེར་རྒྱལ་པོ་ཡབ་ཡུམ་སྲས་བློན་རྣམས་ཀྱིས་རང་བྱུང་སྟོན་པ་འཁོར་བ་ཀུན་འདྲེན་གྱི་དྲུང་དུ་བདུན་འབུམ་བསྐལ་པའི་ཡུན་དུ་ཚོགས་བསགས་རྒྱ་ཆེར་མཛད།
དེར་སྟོན་པ་རང་བྱུང་འཁོར་བ་ཀུན་འདྲེན་གྱིས་ཞལ་ནས། རྒྱལ་པོ་ཆེན་པོ་དུང་འོད་ཁྱོད། བསྐལ་པ་ཆེན་པོ་བདུན་འབུམ་དུ།
སྲས་སྟོང་བདེར་གཤེགས་སྟོང་དུ་ནི། འགྲོ་བ་འདྲེན་པར་རིམ་གྱིས་འབྱོན། དེ་རྣམས་ཀྱི་ཡབ་ཏུ་རྟག་ཏུ་འབྱུང་བར་ཤོག
བཙུན་མོ་རིན་ཆེན་འོད་གསལ་ཁྱོད། བདེར་གཤེགས་སྟོང་གི་ཡུམ་གྱུར་ཤོག རིགས་སུ་སྐྱེས་པའི་སྲས་བཞི་ནི།
མཚན་ལྡན་ཁྱེའུ་ཆུང་བཞི་རུ་འབྱུང་བར་ཤོག རྒྱལ་པོ་ཁྱོད་ཀྱི་བློན་བཞི་ནི། གསས་ཆེན་རུ་བཞི་འབྱུང་བར་ཤོག
ཅེས་སྨོན་ལམ་རྣམ་པར་དག་པར་མཛད་ཅིང་སྲས་སྟོང་དེ་རྣམས་ཀྱང་འགྲོ་བ་འདུལ་བའི་དོན་དུ་རིམ་པར་འབྱོན་པའི་ཐབས་སུ་དགོངས་ཏེ་སྲིད་པ་སྐོས་ཀྱི་བྱང་བུ་ལ་ཁྱེའུ་སྟོང་སོགས་ཀྱི་མཚན་བྱང་བྲིས་ཏེ་རིན་ཆེན་བུམ་པར་བཅུགས་ཤིང་ཐུགས་བསྐྱེད་སྨོན་ལམ་རྒྱ་ཆེར་བཏབ་ནས་རིམ་པར་ཕྱུངས་པའི་གོ་རིམ་དེ་བཞིན་དུ་འགྲོ་དོན་དུ་འབྱོན་དགོས་པའི་ལུང་བསྟན་བསྩལ།
དེ་ལྟར་དུ་དང་པོར་མཚན་བྱང་དགུ་བྱུང་བ་ནི་༡རང་བྱུང་ཐུགས་རྗེ་ཅན་དང་། ༢འཁོར་བ་ཀུན་འདྲེན།
༣ཉོན་མོངས་དུག་སྲེག ༤ཚད་མེད་ཐུགས་རྗེ་ཅན། ༥ཐམས་ཅད་མཁྱེན་གཟིགས། ༦ཀུན་ཤེས་ཐང་པོ། ༧གཏོ་རྒྱལ་ཡེ་མཁྱེན།
༨སྟོན་པ་གཤེན་རབ། ༩སྟོན་པ་ཡེ་གནས་སྲིད་བུ་ཆུང་དང་དགུའོ། ཞེས་གསུངས་ཀྱང་འདི་ནི་འབྲས་བུའི་དབང་དུ་བྱས་པ་ལས་དོན་དུ་དེ་དག་ཏུ་འབྱོན་པའི་སྐུ་སྐྱེས་རབས་སྔ་མ་སྲས་༡སྣང་བ་དང་།
༢དགེ་བ། ༣ཀུན་ཤེས། ༤ལེགས་པ། ༥སྙོམས་པ། ༦བྱམས་པ། ༧དག་པ། ༨གསལ་བ། ༩ཤེས་པ་བཅས་ལ་གོ་དགོངས་པར་སྣང་།
གཉིས་པ་ལྷ་སྲས་དགུ་པོ་དེ་དག་གི་སྐྱེས་རབས་འོག་མ་སྟོན་པའམ་སངས་རྒྱས་རབས་དགུ་ཇི་ལྟར་འབྱོན་ཚུལ་བྱེ་བྲག་ཏུ་གླེང་བར་བྱ་བ་ལ་ཡང་།
ཇི་སྐད་དུ། སངས་རྒྱས་ཚོགས་བསགས་མ་འཁྲུལ་རྒྱས།
སེམས་ཅན་སྡིག་སྤྱོད་འཁྲུལ་པས་འཁོར། ཞེས་གསུངས་པ་ལྟར། ཚེ་རབས་གོང་ནས་རྒྱུ་སེམས་ཅན་གྱི་གནས་སྐབས་གང་ན་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྒྱ་ཆེར་བསགས་ཤིང་བླང་འདོར་གྱི་གནས་གང་དུའང་མ་འཁྲུལ་པར་སྤྱད་པས་འབྲས་བུ་སངས་རྒྱས་དུས་སུའང་གདུལ་བྱ་གཞན་དོན་དུ་སྤངས་རྟོགས་ཕུལ་ཕྱིན་གྱི་སྐུ་དང་ཡེ་ཤེས་འཕྲིན་ལས་སོགས་རྒྱ་ཆེར་འཆར་བ་བཞིན།
༡༽ སངས་རྒྱས་རབས་དགུའི་ནང་གསེས་རྣམ་འདྲེན་ཐོག་མ་དེ་ཡིས་འགྲོ་བ་འདུལ་བའི་དུས་ནི་མི་རྣམས་ཚེ་ལོ་འབུམ་ཕྲག་ཐུབ་པའི་དུས་སུ་བཤད་དོ།
འདུལ་བྱེད་ལ་ལྷ་གཤེན་སྲིད་པ་གསུམ་དུ་བཤད་པ་ལས་ལྷ་ནི་ཡེ་སངས་རྒྱལ་པོ། སྲིད་པ་ནི་མི་གནས་མྱ་ངན་སངས།
གཤེན་ནི་གཤེན་རབ་རྫོགས་པའམ་སངས་རྒྱས་རབས་དགུ་ལས་རྣམ་འདྲེན་དང་པོ་སྟོན་པ་རང་བྱུང་ཐུགས་རྗེ་ཅན་བྱོན་ཅིང་དེས་ཀྱང་འདུལ་སྐལ་གྱི་བདུད་ནི་ཡ་བོ་འདྲེན་ཏེ་བཏུལ།
འཕྲིན་ལས་ཐབས་ཀྱི་གསས་ཁང་ནི་ཕོ་བྲང་པད་མ་ཀློང་ཆེན་བཞེངས་སུ་གསོལ། འདུལ་ཐབས་ཀྱི་བོན་ནི་སྲིད་པའི་གསས་འབུམ་གསུངས།
བསྟན་པའི་གནས་ཚད་ནི་མི་ལོ་དགུ་འབུམ་དུ་གསུངས་སོ།
༢༽ སངས་རྒྱས་རབས་དགུ་ལས་རྣམ་འདྲེན་གཉིས་པས་འགྲོ་བ་འདུལ་བའི་དུས་ནི།
མི་ལོ་བརྒྱད་ཁྲི་ཐུབ་པའི་དུས་སུ་བཤད་དོ། འདུལ་བྱེད་ལྷ་གཤེན་སྲིད་གསུམ་ལས་ལྷ་ནི་ཡིད་ཀྱི་སྦུ་གུ་ཅན།
སྲིད་པ་ནི་ཁྲི་ལྡེ་གུང་སངས། གཤེན་ནི་གཙུག་ཕུད་ཐོབ་པའི་གཤེན་ནམ་སངས་རྒྱས་རབས་དགུ་ལས་རྣམ་འདྲེན་གཉིས་པ་སྟོན་པ་འཁོར་བ་ཀུན་འདྲེན་བྱོན་ཅིང་འདུལ་སྐལ་གྱི་བདུད་ནི་ནག་པོ་གདུག་བྱེད་བཏུལ།
འཕྲིན་ལས་ཐབས་ཀྱི་གསས་ཁང་ནི་ཕོ་བྲང་བདེ་གནས་ལྷུན་གྲུབ་བཞེངས་སུ་གསོལ། འགྲོ་འདུལ་ཐབས་སུ་བོན་ནི་རིན་ཆེན་གླིང་༼ཀློང་༽འབུམ་གསུངས་སོ།
བསྟན་པའི་གནས་ཚད་ནི་མི་ལོ་བརྒྱད་ཁྲི་ཐུབ་པར་བཤད་དོ། ༣༽ དེ་བཞིན་སངས་རྒྱས་རབས་དགུ་ལས་རྣམ་འདྲེན་གསུམ་པས་འགྲོ་བ་འདུལ་བའི་དུས་ནི་མི་ལོ་དྲུག་ཁྲི་ཐུབ་པའི་དུས་སུ་བཤད་དོ།
འདུལ་བྱེད་ལྷ་གཤེན་སྲིད་གསུམ་ལས་ལྷ་ནི་བར་ལྷ་འོད་གསལ། གཤེན་༼ སྲིད་པ་ ༽ནི་སྲིད་པའི་གཤེན་བཞི།
(གཤེན་ནི་)སངས་རྒྱས་རབས་དགུ་ལས་རྣམ་འདྲེན་གསུམ་པ་སྟོན་པ་ཉོན་མོངས་དུག་སྲེག་བྱོན་ཅིང་དེས་ཀྱང་འདུལ་སྐལ་གྱི་བདུད་ནི་བསམ་ངན་གདུག་བྱེད་བཏུལ།
འཕྲིན་ལས་ཐབས་ཀྱི་གསས་ཁང་ནི་ཕོ་བྲང་ལྷ་རྩེ་དགུ་བཀོད་བཞེངས་སུ་གསོལ། འགྲོ་འདུལ་ཐབས་སུ་བོན་ནི་གཡུང་དྲུང་ལྷ་འབུམ་གསུངས་སོ།
བསྟན་པའི་གནས་ཚད་ནི་མི་ལོ་དྲུག་ཁྲིར་གནས་པར་བཤད་དོ། ༤༽ སངས་རྒྱས་རབས་དགུ་ལས་རྣམ་འདྲེན་བཞི་པས་འགྲོ་བ་འདུལ་བའི་དུས་ནི་མི་རྣམས་ཚེ་ལོ་བཞི་ཁྲི་ཐུབ་པའི་སྐབས་སུ་བཤད་དོ།
འདུལ་བྱེད་ལྷ་གཤེན་སྲིད་གསུམ་ལས་ལྷ་ནི་ཡེ་ཤེས་སྣང་ལྡན། གཤེན་༼ སྲིད་པ་ ༽ནི་ས་ལེ་སྒྲོན་མ།
(གཤེན་ནི་)སངས་རྒྱས་རབས་དགུ་ལས་རྣམ་འདྲེན་བཞི་པ་སྟོན་པ་ཚད་མེད་ཐུགས་རྗེ་ཅན་བྱོན་ཅིང་དེས་ཀྱང་འདུལ་སྐལ་གྱི་བདུད་ནི་འདོད་པའི་དུག་མདའ་བཏུལ།
འཕྲིན་ལས་ཐབས་ཀྱི་གསས་ཁང་ནི་ཕོ་བྲང་བཀྲ་ཤིས་བརྩེགས་པ་བཞེངས་སུ་གསོལ། འགྲོ་འདུལ་ཐབས་སུ་བོན་ནི་མཐའ་བྲལ་རྒྱ་ཆེར་བཤད་དོ།
བསྟན་པའི་གནས་ཚད་ནི་མི་རྣམས་ཀྱི་ཚེ་ལོ་བཞི་ཁྲིར་གནས་པར་གསུངས་སོ། ༥༽ དེ་བཞིན་དུ་སངས་རྒྱས་རབས་དགུ་ལས་རྣམ་འདྲེན་ལྔ་པས་འགྲོ་བ་འདུལ་བའི་དུས་ནི་མི་རྣམས་ཚེ་ལོ་ཉིས་ཁྲིར་ཐུབ་པའི་དུས་སུ་བཤད་དོ།
འདུལ་བྱེད་ལྷ་གཤེན་སྲིད་གསུམ་ལས་ལྷ་ནི་ལྷ་གཅིག་ལྷ་བོ་ལྷ་སྒོམ་སྲས། གཤེན་༼ སྲིད་པ་༽ནི་གཤེན་གཅིག་ཐུགས་རྗེ་རྨད་བྱུང་།
(གཤེན་ནི་)སངས་རྒྱས་རབས་དགུ་ལས་རྣམ་འདྲེན་ལྔ་པ་ཐམས་ཅད་མཁྱེན་གཟིགས་བྱོན་ཅིང་དེས་ཀྱང་འགྲོ་འདུལ་གྱི་ཐབས་སུ་བོན་ནི་ཐུགས་རྗེ་ཀློང་འབུམ་གསུངས།
འཕྲིན་ལས་ཐབས་ཀྱི་གསས་ཁང་ནི་ཕོ་བྲང་ལྷུན་གྲུབ་བརྩེགས་པ་བཞེངས་སུ་གསོལ། འདུལ་སྐལ་གྱི་བདུད་ནི་ཁུ་དུག་ནག་པོ་བཏུལ་བའོ།
བསྟན་པའི་གནས་ཚད་ནི་མི་ལོ་བཞི་ཁྲིར་གནས་པར་བཤད་དོ། ༦༽ སངས་རྒྱས་རབས་དགུ་ལས་རྣམ་འདྲེན་དྲུག་པས་འགྲོ་བ་འདུལ་བའི་དུས་ནི་མི་རྣམས་ཚེ་ལོ་ཆིག་ཁྲི་ཐུབ་པའི་དུས་སུ་བཤད་དོ།
འདུལ་བྱེད་ལྷ་གཤེན་སྲིད་གསུམ་ལས་ལྷ་ནི་མཁའ་འགྱིང་དཀར་པོའམ་འོད་དཀར་གནས་འཛིན། གཤེན་༼
་སྲིད་པ་ ༽ནི་གཙུག་ཕུད་ཐོབ་པའི་གཤེན་ནམ་ཕྱ་རྗེ་རིང་ཁུག་གོ། (གཤེན་ནི་)སངས་རྒྱས་རབས་དགུ་ལས་རྣམ་འདྲེན་དྲུག་པ་སྟོན་པ་ཀུན་ཤེས་ཐང་པོའམ་ཁྲི་རྒྱལ་ཁུག་པ་བྱོན་ཅིང་དེས་ཀྱང་འགྲོ་འདུལ་ཐབས་སུ་བོན་ནི་རིག་པའི་ཀློང་འབུམ་བཤད།
འཕྲིན་ལས་ཐབས་ཀྱི་གསས་ཁང་ནི་ཕོ་བྲང་རང་བཞིན་ལྷུན་གྲུབ་གཡུང་དྲུང་ལྷ་ཁང་བཞེངས་སུ་གསོལ་བའོ།
འདུལ་སྐལ་གྱི་བདུད་ནི་མ་ཏྲང་རུ་རིང་བཏུལ། བསྟན་པའི་གནས་ཚད་ནི་མི་ལོ་ཉིས་ཁྲིར་གནས་པར་བཤད་དོ།
ཡང་ལ་ལ་ནས་ཀྱང་འཕྲུལ་ངག་བོན་སྡེའི་བཀའ་རྒྱུད་རྣམས་ཀྱང་ཁྲི་ཕྲག་དགུ་ཡི་བར་དུ་གནས་པར་གསུངས་སོ།
༧༽ སངས་རྒྱས་རབས་དགུ་ལས་རྣམ་འདྲེན་བདུན་པས་འགྲོ་བ་འདུལ་བའི་དུས་ནི་མི་རྣམས་ཚེ་ལོ་སྟོང་ཐུབ་པའི་དུས་སུ་བཤད་དོ།
འདུལ་བྱེད་ལྷ་གཤེན་སྲིད་གསུམ་ལས་ལྷ་ནི་ཡེ་ལྷ་སེམས་ཀྱི་སྒྲོན་མ་ཅན། གཤེན་༼ སྲིད་པ་ ༽ནི་ཁྲིར་གཟིགས་སྟོང་ཐུབ་བམ་མུ་རྒྱུང་དཀར་པོའོ།
(གཤེན་ནི་)སངས་རྒྱས་རབས་དགུ་ལས་རྣམ་འདྲེན་བདུན་པ་སྟོན་པ་གཏོ་རྒྱལ་ཡེ་མཁྱེན་ནམ་སྟོན་པ་ས་སྟོན་དཔལ་འབྱོར་བྱོན་ཅིང་དེས་ཀྱང་འཕྲིན་ལས་ཐབས་ཀྱི་གསས་ཁང་ནི་ཕོ་བྲང་ལྷ་རྩེ་དགུ་རྫོགས་བཞེངས་སུ་གསོལ།
འགྲོ་འདུལ་ཐབས་སུ་བོན་ནི་མན་ངག་ཀློང་འབུམ་བཤད་དོ། འདུལ་སྐལ་གྱི་བདུད་ནི་ལས་ངན་སྡིག་ཏོ་ཅན་བཏུལ་བའོ།
བསྟན་པའི་གནས་ཚད་ནི་མི་ལོ་སུམ་སྟོང་གནས་པར་གསུངས་སོ། ཡང་ལུང་འགའ་ནས་ཀྱང་བོན་སྡེའི་བཀའ་རྒྱུད་རྣམས་ཀྱང་སྟོང་ཕྲག་དགུ་ཡི་བར་དུ་གནས་པར་གསུངས་སོ།
༨༽ སངས་རྒྱས་རབས་དགུ་ལས་རྣམ་འདྲེན་བརྒྱད་པས་འགྲོ་བ་འདུལ་བའི་དུས་ནི་ད་ལྟ་ཚེ་ལོ་བརྒྱ་པའི་དུས་སུ་ངེས་སོ།
འདུལ་བྱེད་ལྷ་གཤེན་སྲིད་གསུམ་ལས་ལྷ་ནི་གཤེན་ལྷ་འོད་དཀར་པོ། གཤེན་༼ སྲིད་པ་ ༽ནི་སྲིད་པ་སངས་པོ་འབུམ་ཁྲིའོ།
གཤེན་ནི་སངས་རྒྱས་རབས་དགུ་ལས་ཡོངས་སུ་གྲགས་པ་སྟོན་པ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་མཆོག་གོ།
དེས་ཀྱང་འདུལ་སྐལ་གྱི་བདུད་ནི་ཁྱབ་པ་ལག་རིང་བཏུལ། འཕྲིན་ལས་བྱ་ཐབས་ཀྱི་གསས་ཁང་ནི་གསས་མཁར་སུམ་བརྒྱ་དྲུག་ཅུ་བཞེངས་སུ་གསོལ།
འགྲོ་འདུལ་ཐབས་སུ་བོན་ནི་ཐེག་པ་རིམ་དགུ་གསུངས། བསྟན་པའི་གནས་ཚད་ནི་མི་ལོ་ཁྲི་ཕྲག་གསུམ་དུ་གནས་པའོ།
ལུང་ལ་ལ་ནས་མི་ལོ་ལྔ་སྟོང་དུའང་བཤད་དོ། ཡང་འགའ་ནས་བོན་སྡེའི་བཀའ་རྒྱུད་རྣམས་ཀྱང་བརྒྱ་ཕྲག་དགུ་ཡི་བར་དུ་གནས་པར་གསུངས་སོ།
༩༽ སངས་རྒྱས་རབས་དགུ་ལས་རྣམ་འདྲེན་དགུ་པས་འགྲོ་བ་འདུལ་བའི་དུས་ནི་མི་རྣམས་ཚེ་ལོ་བཅུ་ཐུབ་པའི་དུས་སུ་བཤད་དོ།
འགྲོ་འདུལ་ལྷ་གཤེན་སྲིད་གསུམ་ལས་ལྷ་ནི་འོད་ལྷ་གསལ་འབར། སྲིད་པ་ནི་གུང་སངས་ཀློང་བདལ།
གཤེན་ནི་སངས་རྒྱས་རབས་དགུ་ལས་རྣམ་འདྲེན་དགུ་པ་སྟོན་པ་ཐང་མ་མེ་སྒྲོན་ནམ་ཡེ་གནས་སྲིད་བུ་ཆུང་ངམ་ཐང་མ་འོད་རྒྱལ་ལམ་འཆི་མེད་བྱམས་པ་བཅས་མིང་གི་རྣམ་གྲངས་སུ་ངེས་པར་མངོན།
དེས་ཀྱང་འགྲོ་འདུལ་ཐབས་སུ་བོན་ནི་ཀློང་འབྱམས་གསལ་བ་གསུངས་པའམ་ལུང་འགའ་ཞིག་ནས་བོན་ནི་གསས་མཁར་ཀློང་འབྱམས་གསུངས་ཀྱང་ཞེས་སོ།
འདུལ་སྐལ་གྱི་བདུད་ནི་བསྙོན་པ་ཐོག་མེད་དམ་སྙོན་པ་འཐོམ་བྱེད་བཏུལ།
བསྟན་པའི་གནས་ཚད་ནི་མི་ལོ་བརྒྱད་ཁྲིར་གནས་པར་གསུངས་སོ། ཡང་ལུང་ལ་ལ་ནས་བཀའ་རྒྱུད་ཀྱི་བོན་སྡེའང་མི་ལོ་བྱེ་བ་དགུ་རུ་གནས་པར་གསུངས་སོ།
འདི་ལྟར་བཤད་པས་རྣམ་དཔྱོད་ཀྱི་ཁོ་ལག་འབུས་པའི་རྒྱ་ཆེའི་ཀློག་པ་པོ་རྣམས་ལ་དཔྱད་གཞིའི་ས་བོན་ཙམ་དུ་ཁོ་བོས་མཐོང་ཐོས་མྱོང་བ་དང་འབྲེལ་བའི་གསུང་རབ་ཀྱི་དཔེ་དུ་མ་ལས་འདི་དག་གི་སྐོར་འཚོལ་སྡུད་བགྱིས་ཁུལ་བྱས་པ་ཡིན་མོད།
འོན་ཀྱང་གསུང་རབ་ཀྱི་དཔེ་མི་འདྲ་བ་རྣམས་ལས་ཚེ་དམིགས་གཅིག་གི་དབང་དུ་བྱས་པའི་སྤྱིར་ལྷ་གཤེན་སྲིད་གསུམ་དང་བྱེ་བྲག་ཏུ་གཤེན་ནམ་སྟོན་པའི་ཡབ་ཡུམ་སོགས་ཀྱི་མཚན་གནས་བཅས་མི་འདྲ་བ་རེ་བྱུང་བ་དང་ཡང་འགའ་ཞིག་ལྷ་གཤེན་སྲིད་གསུམ་གྱི་མཚན་གནས་ཡོངས་གྲགས་ལས་འཁྲུགས་པ་ཅན་དུ་སོང་བ་རུ་མི་ཉུང་བར་སྣང་བས།
རེ་ཞིག་ད་ལན་འདིར་ཁོ་བོས་གུག་རྟགས་མི་འདྲ་བ་གཉིས་བཀོད་ཡོད་པས་ལས་གུག་རྟགས༼ ༽འདི་ཅན་གྱིས་གོང་བཤད་བཞིན་སྲིད་གཤེན་གཉིས་ཀྱི་མཚན་གནས་འཁྲུགས་པར་སྙམ་སྟེ་རང་གི་རྟོག་འཆར་དེར་མཚོན་ཡོད།
ཡང་གུག་རྟགས་( )འདི་ཅན་གྱིས་ཁོ་བོས་མཐོང་ཐོས་དང་འབྲེལ་བའི་དཔེ་ཁག་ལས་མ་གསལ་ཡང་ཡོངས་གྲགས་ལྟར་ལྷ་གཤེན་སྲིད་གསུམ་ལས་གཤེན་གྱི་མཚན་གནས་དེ་ཁ་བསྐངས་བྱས་པར་མཚོན་ཡོད་པས་བློ་གྲོས་སྒམ་པོའི་མཁྱེན་རབ་ཀྱིས་གཟིགས་པ་རབ་ཏུ་ཡངས་པ་གང་ན་སུ་བཞུགས་རྣམས་ཀྱིས།
སྲིད་ཞིའི་ལེགས་ཚོགས་ཐམས་ཅད་ཀྱི་འབྱུང་གནས་ལྷག་བསམ་དང་མཁྱེན་དཔྱོད་ཀྱི་འདོད་འབྱུང་ཀེ་ཏ་ཀ་ཡིས་ནོར་འཁྲུལ་གྱི་རྙོག་མ་རྣམས་མི་རིང་བར་བགྲུང་བར་སྐོམ་པ་ཆུ་འདོད་ཀྱི་དཔེ་ལྟར་སྙིང་དབུས་ན་རེ་བས་གདུང་བ་ལགས་སོ།
དེ་ལྟར་བསྟན་པས་གནས་མཐོ་དམས་བསྡུས་པའི་སྐྱེ་འགྲོ་སྲོག་དབུགས་དང་བཅས་པ་རྣམས་ཀྱི་བླ་ན་མེད་པའི་མགོན་དུ་དུས་གསུམ་གྱི་སངས་རྒྱས་སྟོན་པ་རབས་དགུའི་ཐུགས་རྗེ་མཁྱེན་བརྩེའི་ཡེ་ཤེས་ཇི་ལྟར་ཤར་ཚུལ་ཆེ་ལོང་ཙམ་དུ་བཀོད་པ་བཤད་ཟིན་ཏོ།།
ཟུར་ལྟའི་དཔྱད་གཞིའི་དཔེ་ཁུངས་ནི།
མདོ་འདུས་པ་རིན་པོའི་ཆེའི་རྒྱུད་ཐམས་ཅད་མཁྱེན་པའི་བཀའ་ཚད་མ། (ཡོངས་གྲགས་སུ་མདོ་འདུས་ཀྱང་ཟེར)
འདུས་པ་རིན་པོའི་ཆེའི་རྒྱུད་དྲི་མ་མེད་རྩ་བའི་མདོ་སངས་རྒྱས་རྣམ་ཐར་རིན་ཆེན་ཕྲེང་བ།
སྲིད་པ་ལས་ཀྱི་གཏིང་ཟློག་གི་རྩ་རྒྱུད་ཀུན་གསལ་ཉི་ཟེར་སྒྲོན་མ།
ཡེ་སྲིད་ཐོག་མཐའ་འབྱུང་བའི་བདེར་གཤེགས་བསྐལ་པའི་གྲངས་བརྩིས་ཀྱི་མདོ།
ཁ༽
(ཡོངས་གྲགས་སུ་ཁྲོ་གཉེན་བསྐལ་བཟང་ཡང་ཟེར)
ཡང་རྩེ་ཀློང་ཆེན་གྱི་འགྲེལ་བ་ཉི་ཟེར་སྒྲོན་མ།
ཡང་རྩེ་ཀློང་ཆེན་གྱི་དྲང་དོན་འབྱེད་པའི་ལྔེ་མིག