དྲང་ངེས་ཟུང་འབྲེལ་དུ་གདམས་པའི་མགུར་མ།
སྤ་སྟོན་ཉི་མ་འབུམ་གསལ།
སྲིད་ཞིང་འདིར་མཚུངས་ཟླ་བྲལ་བའི་མགོན། མཆོག་གྲུབ་པའི་རིག་འཛིན་བདེ་ཆེན་གླིང་།
དོན་གཉུག་མའི་རྣལ་འབྱོར་ཉི་རི་ཝེར། དཔལ་གྲུབ་པའི་དབང་ཕྱུག་ཞུ་སྟོན་མཆོག
རྗེ་བསྟན་པའི་གཙུག་རྒྱན་མཁན་ཆེན་དཔལ། བདག་དྲན་མཆོག་བླ་ཆེན་རྣམ་པ་བཞིར།
སེམས་དད་པའི་སྙིང་ནས་གསོལ་བ་འདེབས། བྱིན་རང་རྒྱུད་གྲུབ་ཅིང་གཞན་རྒྱུད་སྨིན།
སློབ་དོན་གཉིས་མཐར་ཕྱིན་གྲུབ་པར་མཛོད། ང་ཉོན་ཅིག་བུ་རྒྱུད་སྐལ་ལྡན་པོ།
སྤྲང་ཉི་མའི་རྗེས་སུ་འཛིན་འདོད་ན། གཞི་བླ་མ་མི་རུ་མི་མཐོང་ཞིང་།
དཔལ་སངས་རྒྱས་འདུ་ཤེས་བསྐྱེད་ཅིང་སྒོམས། ཚུལ་ཅི་མཛད་རང་རྒྱུད་འདུལ་ཐབས་གོ།
ཞལ་ཅི་གསུངས་གདམས་པ་ཉིད་དུ་ཤེས། ཡིད་ཐེ་ཚོམ་བྲལ་བའི་དད་མོས་སྐྱེད།
རྟེན་དལ་འབྱོར་ཆུད་ཟོས་མ་སོང་བའི། སྒོ་གསུམ་པོ་དགེ་ལ་སྦྱོར་བར་གྱིས།
ལས་ཟིན་མེད་རྣམ་གཡེང་བྲེལ་འཕོངས་སེམས། ཚད་ཚོད་མེད་སྡུག་བསྔལ་རྣམ་སྨིན་བསགས།
དེའི་གཞི་ནི་རང་རྒྱུད་དུག་ལྔའི་དབང་། དོན་ལོག་པས་འཁོར་བའི་ས་བོན་བཏབ།
གནས་རིགས་དྲུག་སྡུག་བསྔལ་འབྲས་བུར་སྨིན། དེ་ཡིན་པར་ཤེས་བཞིན་རྒྱུ་འབྲས་བོན།
ཕ་བླ་མས་གསུངས་བཞིན་ཞིབ་པར་གྱིས། ལས་དགེ་སྡིག་བདེ་སྡུག་རྩ་བར་གོ།
དོན་དགེ་སྤྱོད་གང་ལའང་བརྩོན་འགྲུས་སྐྱེད། གྲོགས་མི་རྟག་དགེ་བའི་བསྐུལ་མ་སྒོམས།
ཚེ་ལོང་མེད་ལ་ཁའི་སྐར་མ་འདྲ། དེ་ཡིན་བཞིན་ཕྱི་བཤོལ་མེད་པ་རུ།
དོན་ཕྱི་མའི་གཏན་ཆུས་མ་བརྗེད་བུ། སྐྱབས་བསླུ་མེད་དཀོན་མཆོག་ཚོགས་རྣམས་ལ།
དུས་ཉིན་མཚན་བར་མེད་སྐྱབས་གསོལ་ཐོབས། འགྲོ་མ་གྱུར་མཐའ་ཡས་སེམས་ཅན་ཀུན།
དོན་ཉེ་རིང་བྲལ་བའི་སྙིང་རྗེ་སྐྱེད། ཐབས་སྐྱབས་སེམས་བསླབ་སྡོམ་སྲོག་ལྟར་གཅེས།
ལམ་ཚོགས་བསགས་སྒྲིབ་སྦྱོང་དཀའ་སྤྱད་རེམས། དོན་ཚུ་རོལ་མཐོང་ཞེན་གོལ་བའི་སྐྱོན།
ཡུལ་སྣང་བའི་བསླུ་བྲིད་ཆོས་བརྒྱད་ཀྱིས། རྟ་བྱང་མ་རླུང་འདབ་ཅན་ལ་ཞོན།
དེ་གཡང་ས་ཆེའོ་རིགས་ཀྱི་བུ། ཚེ་ཕྱི་མའི་གཏན་ཆུས་སྒྲུབ་འདོད་ན།
རང་ཟས་གོས་རེ་དྭོགས་ཉེ་འབྲེལ་གང་། ལས་ངན་པའི་འཁྲི་བ་མ་ཆོད་ན།
ཆོས་བྱེད་ཟེར་སྒྱུ་མའི་བསླུ་བྲིད་འདྲ། དོན་དགེ་མཐར་ཕྱིན་པ་དཀའ་མོ་རེད།
བོན་ཕྱི་ནང་འཇུག་སྒོ་མང་ནའང་། ལམ་ནོར་མེད་ཐེག་ཆེན་ཉེ་ལམ་ཟུངས།
ཚེ་གཅིག་ལ་སངས་རྒྱས་འགྲུབ་པར་གྱིས། བོན་དྲང་དོན་རྩ་བ་རྒྱུ་འབྲས་ཞིབ།
ཕ་བླ་མས་ཅི་གསུངས་བཀའ་བཞིན་སྒྲུབས། མཆོག་ངེས་དོན་འཁོར་བཅས་བོན་ཀུན་གྱི།
གཞི་འབྱུང་རྩ་སེམས་ཉིད་ཀུན་བྱེད་མཁན། དེ་རྒྱུ་རྐྱེན་མཚན་ཉིད་དཔེ་དོན་ཚུལ།
དོན་རང་རྒྱུད་རང་གིས་ཁྲོལ་བ་གནད། གཞི་བློ་བྱས་ཞི་གནས་བརྟན་པར་སྒོམས།
ལམ་ལྷག་མཐོང་རང་སེམས་རྙེད་པར་གྱིས། འབྲས་གསལ་སྟོང་ཞི་ལྷག་དབྱེར་མེད་སྐྱོངས།
དོན་གནས་འགྱུ་རིག་གསུམ་ཚུལ་དུ་ཤེས། སེམས་ངོ་བོ་སྟོང་ལ་རང་བཞིན་གསལ།
དེ་གཉིས་མེད་རིག་རྩལ་མ་འགག་འཆར། དོན་འཁོར་བཅས་ཡུལ་སེམས་འབྲེལ་བ་ཡིས།
སེམས་རང་བྱུང་རང་ཤར་རང་གྲོལ་ངང་། རང་རིག་པའི་རྒྱལ་པོ་རང་ས་ཟིན།
དོན་དེ་བཞིན་ཀློང་དུ་མ་གྱུར་བར། སྒོ་གསུམ་གྱི་སྤྱོད་ལམ་འགྲོ་སྡོད་ཉལ།
དུས་ཀུན་ཏུ་ཡེངས་མེད་རིག་གསལ་སྐྱེད། མཐར་སངས་རྒྱས་ཐོབ་པར་གདོན་མི་ཟ།
བུ་བྱ་སྤྱོད་མ་མང་དོན་ལ་སྒོམས། མགུར་དབྱངས་ཀྱི་མཆོད་པ་བླ་མར་འབུལ།
ཚིག་དོན་ལ་ཕོབས་ཤིག་བུ་རྒྱུད་རྣམས། དོན་ཁ་རུ་མ་ཁྱེར་ཉམས་སུ་ལོན།
བུ་ཕ་རྗེས་མི་རིང་ཟིན་པར་གྱིས། མཐར་སྨིན་གྲོལ་ནུས་པའི་བཀྲ་ཤིས་ཤོག
རྣམ་ཐར་ནོར་ཕྲེང་ལས་བཤུས།