༈ཉམས་འགུར་སྣང་བའི་དགའ་ཚལ་རྣལ་འབྱོར་ཉི་མའི་སྤྲོ་ར་
བདེ་ཡངས་དོན་ཡངས་དོན་རྒྱལ་ཞེས་བྱ་བ།
༈ ཕ་བླ་མེད་ཡིད་བཞིན་རདྞའི་མཛོད། བུ་སྐལ་ལྡན་ཚོགས་རྣམས་རེ་སྐོང་གི། སྐྱབས་འདྲེན་གྱི་ཟླ་བྲལ་དྲན་ཆོག་བཞིར། བདག་གསོལ་བ་སྙིང་གི་དཀྱིལ་ནས་འདེབས། ཐུགས་གཡོ་མེད་དག་པའི་ལྷ་ལམ་ངོས། ཚད་མེད་ཀྱི་དར་འདབ་དཔུང་བསྐྱེད་ལ། བྱིན་རླབས་ཀྱི་ཟེགས་མའི་རྒྱུན་སྤྲོས་ཤིང་། རང་རྒྱུད་ཀྱི་ཐལ་བ་རབ་བརླན་ཏེ། སྨིན་གྲོལ་གྱི་ལོ་ཏོག་རྒྱས་པར་མཛོད། དཱ་གསོན་དང་རྗེས་འཇུག་བུ་སློབ་རྣམས། ང་དབྱངས་ཀྱི་ཡན་ལག་མི་མཁས་ཏེ། སེམས་བརྩེ་གདུང་ཁ་བརྡ་གླུ་རུ་ལེན། ཚིག་ཐ་སྙད་ཀྱི་བྱེ་བྲག་ཤེས་མིན་ཀྱང་། དོན་གནད་འདུས་ཀྱི་ཉམས་ཤར་མགུར་འདི་འབུལ། ད་རང་ལུས་འདི་ལ་ཚུར་བལྟ་བྱ། སྐྱབས་རྒྱལ་བའི་དཀྱིལ་འཁོར་མ་མཐོང་ན། རྒྱུ་མི་གཙང་འབུ་སྲིན་གྲོང་ཆེར་སྣང་། འདི་འཛིན་མེད་རང་སར་དག་ན་ཨང་། ངག་ཐ་སྙད་གདོང་ལ་ཚུར་བལྟ་བྱ། གྲགས་སྟོང་གི་ལྷ་ངག་མ་རྟོགས་ནས། པི་ཝང་རྒྱུན་གྱི་སྒྲ་གྲགས་འདྲ། འདི་འགག་མེད་ཀྱི་བོན་སྒྲ་གོ་ན་ཨང་། ཡིད་དྲན་ཤེས་འདི་ལ་ཚུར་ལྟ་ཚེ། དོན་སྐྱེ་མེད་ཀྱི་དགོངས་པ་མ་རྟོགས་ན། སྡུག་བསྔལ་གྱི་ཤེས་པ་ཐ་མལ་རྒྱུད། འདི་ཡེ་གྲོལ་གྱི་བོན་སྐུ་མཐོང་ན་ཨང་། ཕྱི་སྣང་བའི་ཡུལ་ལ་ཕར་བལྟ་བྱ། དབྱིངས་རང་མཚོན་གྱི་གསལ་མདངས་མ་རྟོགས་ན། རིགས་དྲུག་གི་གནས་ངན་ཡིད་རེ་སུན། ལྷུན་གྲུབ་ཀྱི་ཞིང་དུ་མཐོང་ན་ཨང་། ནང་བཅུད་ཀྱི་འགྲོ་ལ་ཕར་བལྟ་བྱ། འཛིན་མེད་ཀྱི་ལྷ་སྣང་མ་ཤེས་ན། མཐའ་མེད་དུ་འཁོར་ཞིང་མནར་བའི་གྲོང་། འདི་རང་རྩལ་གྱི་ཡེ་ཤེས་མཐོང་ན་ཨང་། འཁོར་ཉེ་འབྲེལ་འདི་ལ་ཕར་བལྟ་བྱ། ཐར་ལམ་གྱི་སྡོང་དུ་མ་ཤེས་ན། ངན་སོང་མར་འཁྲིད་པའི་ཟླ་བོ་སྣང་། འདི་འདུ་འབྲལ་མེད་པར་རྟོགས་ན་ཨང་། ལས་བྱ་སྤྱོད་དག་ལ་ཕར་བལྟ་བྱ། གནད་དོན་འབྲེལ་ཐབས་སུ་མ་ཤེས་ན། ཟིན་མིན་གྱི་རྣམ་སྨིན་སྟེང་གནོན་འདྲ། འདི་ཕྲིན་ལས་ཀྱི་འཁོར་ལོ་གྲུབ་ན་ཨང་། དགེ་སྡིག་སྤྱོད་གང་ལ་ཕར་བལྟ་བྱ། བདེ་སྡུག་གི་རྩ་བ་མ་ཤེས་ན། འཁོར་བ་ནས་འཁོར་བར་འཁྲིད་པའི་རྒྱུ། ལས་དཀར་ནག་གཉིས་ཀ་དག་ན་ཨང་། བོན་བྱེ་བྲག་བྱེ་མའི་ལ་ཙམ་ཡང་། གནད་མན་ངག་ཟབ་དོན་རིག་པ་ན། དེ་གཅིག་ཤེས་ཀུན་གྲོལ་ལོས་སོ་ཡིན། འདི་གོ་བ་མང་ཀྱང་རྟོགས་པ་དཀའ། དཀའ་ཡང་དཀའ་སྟེ་སླ་ཡང་སླ། དོན་གོ་ན་དཀའ་སླ་ཚིག་ཙམ་སྟེ། གཉིས་ཀ་མ་ཡིན་གཅིག་བུར་མིན། ཐ་སྙད་ཀྱི་བརྗོད་པ་ག་ལ་ཤེས། ད་ཡང་ཅིག་གསོན་དང་སློབ་མ་རྣམས། ལུས་དལ་འབྱོར་དོན་ཡོད་བྱེད་པ་ན། ཐབས་བླ་མས་གདམས་ངག་བསྟན་བཞིན་དུ། དེ་ཁ་ཆོས་དོན་དང་མ་མཛོལ་དགོས། དོན་མེད་ཁ་ཡིས་ཆོས་བཤད་དེ། བྱ་ནེའུ་ཙོས་མི་སྐད་བསླབ་པ་འདྲ། འདྲ་ཡང་འདྲ་སྟེ་ངེས་པར་མཚུངས། ད་ཚིག་བོར་དོན་ལ་འཇུག་པར་གྱིས། ཐེག་ཆེན་གྱི་ཉེ་ལམ་བསྒྲོད་འདོད་ཀྱང་། རྐྱེན་ཡུལ་སྣང་གི་བསླུ་ཐབས་ཤིན་ཏུ་མཁས། ནང་རིག་པའི་མི་བུ་གཡེང་ལ་འདོད། དེ་རང་ས་ཟིན་པ་དཀའ་མོ་རེད། གནད་གོ་རྟོགས་ངེས་འབྱུང་བློ་ཤར་ན། དཀའ་མོ་མ་ཡིན་སླ་མོ་འགི། སེམས་ལྷན་སྐྱེས་མུན་པས་སྒྲིབ་ལུགས་ཀྱིས། དོན་རང་ངོ་འཕྲོད་པ་དཀའ་མོ་རེད། རང་ཆས་ཀྱི་ལྷུན་གྲུབ་ཤེས་པ་ན། དཀའ་མོ་མ་ཡིན་སླ་མོ་འགི། ཡིད་ཀུན་བརྟགས་ཀྱི་དབང་དུ་འགྲོ་ལུགས་ཀྱིས། འཁྲུལ་སྣང་གི་གཡའ་དག་དཀའ་མོ་རེད། བོན་ཐམས་ཅད་སེམས་སུ་ཤེས་པ་ན། དཀའ་མོ་མ་ཡིན་སླ་མོ་འགི། གཟུང་འཛིན་གྱི་ལྕགས་ཀྱུ་རྣོ་ལུགས་ཀྱིས། འཛིན་མེད་དུ་གྲོལ་བ་དཀའ་མོ་རེད། གནད་བཅོས་མིན་རང་སར་བཞག་ཤེས་ན། དཀའ་མོ་མ་ཡིན་སླ་མོ་འགི། སེམས་ཆགས་ཞན་གྱི་འཁྲི་བ་དམ་ལུགས་ཀྱིས། ཐར་ལམ་དུ་ཟིན་པ་དཀའ་མོ་རེད། འཇིག་རྟེན་འདི་ཡིད་སུན་བློ་ཡོད་ན། དཀའ་མོ་མ་ཡིན་སླ་མོ་འགི། ཁོ་རེ་དྭོགས་ཀྱི་བློ་རྩེ་མང་ལུགས་ཀྱིས། དོན་གཅིག་ཏུ་ཆོད་པ་དཀའ་མོ་རེད། བཟང་ངན་གྱི་རྩ་བ་རོ་སྙོམས་ན། དཀའ་མོ་མ་ཡིན་སླ་མོ་འགི། སེམས་བདག་འཛིན་ཨ་མཐས་འཆིང་ལུགས་ཀྱིས། འདི་རྒྱ་ཡན་དུ་རྟོགས་པ་དཀའ་མོ་རེད། རང་གྲོལ་དུ་སྦྲུལ་མདུད་ལྟར་ཤེས་ན། དཀའ་མོ་མ་ཡིན་སླ་མོ་འགི། རྣམ་རྟོག་གི་རླུང་འཚུབ་རྒོད་ལུགས་ཀྱིས། ཉམས་བདེ་གསལ་མྱོང་པ་དཀའ་མོ་རེད། དོན་བཅོས་མེད་ལྷུག་པར་འཚོ་ཤེས་ན། དཀའ་མོ་མ་ཡིན་སླ་མོར་འགི། དོན་རང་རིག་གི་མིག་རྩ་ཞན་ལུགས་ཀྱིས། སེམས་འཐིབ་མུན་འདི་དྭངས་པ་དཀའ་མོ་རེད། དེ་རྩེ་གཅིག་མ་ཡེངས་གསལ་ཐེབ་ན། དཀའ་མོ་མ་ཡིན་སླ་མོར་འགི། བོན་སྤྱད་ཀྱང་འཇུག་སྒོ་མང་ལུགས་ཀྱིས། རྫོགས་ཆེན་གྱི་རྣལ་འབྱོར་དཀའ་མོ་རེད། གནད་ཟབ་དོན་གྱི་མན་ངག་འབྱོར་བ་ན། དཀའ་མོ་མ་ཡིན་སླ་མོར་འགི། ད་ཐ་སྙད་ཀྱི་སློབ་གཉེར་མང་ལུགས་ཀྱིས། ཆོས་བརྒྱད་འདི་དབེན་པ་དཀའ་མོ་རེད། དོན་རང་སྐྱོན་ངོས་ཀྱིས་ཟིན་པ་ན། དཀའ་མོ་མ་ཡིན་སླ་མོར་འགི། གྲོང་བུ་མེད་ཀྱི་བཞིན་ལ་དད་ལུགས་ཀྱིས། ཆགས་མེད་ཀྱི་བྱ་བྲལ་དཀའ་མོ་རེད། མི་ཆགས་པའི་རྟུལ་ཤུགས་བློ་ལྡན་ན། དཀའ་མོ་མ་ཡིན་སླ་མོར་འགི། འཁོར་ཉེ་འབྲེལ་ཀྱི་འདུ་འཛིན་སྐྱོང་ལུགས་ཀྱིས། གཅིག་བུར་གྱི་རི་འགྲིམ་དཀའ་མོ་རེད། རང་རྒྱུད་ཀྱི་རང་ཐག་ཆོད་པ་ན། དཀའ་མོ་མ་ཡིན་སླ་མོར་འགི། ལུས་སྲེད་ལེན་གྱི་རོ་ལ་ཞེན་ལུགས་ཀྱིས། རྣམ་པར་དག་པ་དཀའ་མོ་རེད། ཉམས་བདེ་གསལ་འཛིན་མེད་བློ་འདས་ན། དཀའ་མོ་མ་ཡིན་སླ་མོར་འགི། ནོར་ཟང་ཟིང་གི་རྫས་ལ་འཕོངས་ལུགས་ཀྱིས། ཁོ་ཆོག་ཤེས་ཀྱི་ཚོད་ཟིན་དཀའ་མོ་རེད། སྔོན་སྦྱིན་གཏང་འབྲས་སྨིན་ཚུལ་ཤེས་ན། དཀའ་མོ་མ་ཡིན་སླ་མོར་འགི། སེམས་རྣམ་གཡེང་གི་གྲོང་དུ་སྐྱོད་ལུགས་ཀྱིས། དོན་ཉམས་ལེན་མཐར་ཕྱིན་དཀའ་མོ་རེད། འགལ་རྐྱེན་གང་ཉམས་བསྐྱེད་གྲོགས་ཤར་ན། དཀའ་མོ་མ་ཡིན་སླ་མོར་འགི། དགེ་ཕྱི་བཤོལ་ལེ་ལོ་ཆེ་ལུགས་ཀྱིས། རྟེན་ཆུས་འགྲུབ་པ་དཀའ་མོ་རེད། རྟག་འཛིན་གྱི་བློ་དང་བྲལ་བ་ན། དཀའ་མོ་མ་ཡིན་སླ་མོར་འགི། རྒྱུ་ལུས་ལ་གཅེས་འཛིན་ཆེ་ལུགས་ཀྱིས། སྙེམས་རྟོག་འདི་ཆོད་པ་དཀའ་མོ་རེད། ལྷ་འདྲེ་ཀུན་སེམས་སུ་ཤེས་པ་ན། དཀའ་མོ་མ་ཡིན་སླ་མོར་འགི། ལམ་དཀའ་སྤྱད་སྡུག་སྲན་ཆུང་ལུགས་ཀྱིས། རྐྱེན་ན་ཚ་བཟོད་པ་དཀའ་མོ་རེད། དོན་བདེ་སྡུག་གི་ངོ་བོ་ལྟ་ཤེས་ན། དཀའ་མོ་མ་ཡིན་སླ་མོར་འགི། བོན་གང་ཤེས་ཁ་རུ་འཁྱེར་ལུགས་ཀྱིས། ཟོབ་སྐྱོན་དང་བྲལ་བ་དཀའ་མོ་རེད། ཐ་སྙད་ཀྱི་བདེན་འཛིན་བློ་བོར་ན། དཀའ་མོ་མ་ཡིན་སླ་མོར་འགི། དོན་མན་ངག་ཕྱར་ལ་ཡེངས་ལུགས་ཀྱིས། ཉམས་འཕྲ་སྐྱེས་བརྟན་པ་དཀའ་མོ་རེད། སྦེད་ཐབས་ཀྱི་ལྐོག་ཉམས་ལེན་ནུས་ན། དཀའ་མོ་མ་ཡིན་སླ་མོར་འགི། དོན་གོ་ཐོག་རྣམ་པར་གཡེང་ལུགས་ཀྱིས། ལམ་རིམ་ཕེབས་ཀྱི་ཚད་ཟིན་དཀའ་མོ་རེད། གནས་རི་སུལ་དུ་གཅིག་བུར་བསྒོམ་ནུས་ན། དཀའ་མོ་མ་ཡིན་སླ་མོར་འགི། སྐྱབས་བླ་མ་མི་རུ་མཐོང་ལུགས་ཀྱིས། ཐུགས་བཅུད་ལོན་པ་དཀའ་མོ་རེད། ཚུལ་ཅི་མཛད་འདུལ་ཐབས་གོ་བ་ན། དཀའ་མོ་མ་ཡིན་སླ་མོར་འགི། གཉིད་རྨི་ལམ་རང་བཞིན་འཁྲུལ་ལུགས་ཀྱིས། སང་བར་དོ་ཆོད་པ་དཀའ་མོ་རེད། ཐོད་རྒལ་གྱི་ཉམས་ལེན་ནུས་པ་ན། དཀའ་མོ་མ་ཡིན་སླ་མོར་འགི། དོན་རྒྱུ་འབྲས་ཁྱད་དུ་གསོད་ལུགས་ཀྱིས། བདེ་གནས་སུ་ཟིན་པ་དཀའ་མོ་རེད། རང་སེམས་འདི་དཔང་བཞག་སུས་ནུས་ན། དཀའ་མོ་མ་ཡིན་སླ་མོར་འགི། བོན་གང་ལ་ཡིད་ཆེས་མེད་ལུགས་ཀྱིས། དོན་ལ་ཉེ་བ་དཀའ་མོ་རེད། ཕྱོགས་མེད་དག་སྣང་ཤར་བ་ན། དཀའ་མོ་མ་ཡིན་སླ་མོར་འགི། དོན་གོ་ཐོག་ཐུན་སྒོམ་བྲལ་ལུགས་ཀྱིས། སེམས་ཞི་གནས་བརྟན་ཐོབ་དཀའ་མོ་རེད། དེ་རྩེ་གཅིག་ཏུ་མི་གཡེང་བཞག་ཤེས་ན། དཀའ་མོ་མ་ཡིན་སླ་མོར་འགི། ཚུལ་གཡེང་ཐབས་བཅོས་སྒོམ་བྱེད་ལུགས་ཀྱིས། དོན་སྤྲོས་པ་བྲལ་བ་དཀའ་མོ་རེད། དེ་རང་རིག་གི་ངང་ཐག་མཐུད་ཤེས་ན། དཀའ་མོ་མ་ཡིན་སླ་མོར་འགི། ཉམས་འཛིན་གྱི་ངད་པ་གོས་ལུགས་ཀྱིས། དོན་རོ་གཅིག་རྟོགས་པ་དཀའ་མོ་རེད། བློ་བྱས་ཀྱི་དྲི་མ་དོེར་བ་ན། དཀའ་མོ་མ་ཡིན་སླ་མོར་འགི། ད་ཡང་གཅིག་གསོན་དང་སློབ་མ་རྣམས། ངས་ཐ་སྙད་ཀྱི་བཤད་རྒྱུ་མི་མང་ཉུང་། ཁྱེད་སློབ་མས་བསྐུལ་བའི་ལན་མོ་ཞུ། གཞི་ཡེ་ནས་བོན་སྐུ་འགྱུར་མད་ཀྱང་། ལམ་སྣང་གསུམ་རང་སར་མ་གྲོལ་ཞིང་། ལྷན་སྐྱེས་དང་ཀུན་བརྟག་མུན་པ་ཡིས། རིག་པའི་ཡེ་ཤེས་རང་མདངས་ནུབ། རང་དབང་ཕྲལ་ཞིང་གཞན་དབང་བསྒྱུར། དོན་མ་རྟོགས་སེམས་ཅན་ཞེས་སུ་གྲགས། རྒྱལ་སྲས་རྨངས་སུ་བོར་བ་འདྲ། དེ་རང་ས་འཛིན་འདོད་སྐལ་ལྡན་རྣམས། ཕ་དྲན་མཆོག་རྣམ་བཞིའི་དམར་གདམས་དེ། ཐ་སྙད་ཀྱི་སྒྲོས་བྱ་མ་མཆིས་ཀྱང་། མན་ངག་ལུང་གི་བཤད་ཚུལ་ལྟར། རྫས་ཨ་ཡི་རྟ་ཁྲིད་དོན་སྟོན་ཏེ། བློ་བྱས་ཀྱི་ཞི་གནས་གོམས་༼ སྒོམ་ ༽པ་དང་། ལྷག་མཐོང་གི་དོན་ངོས་ཟིན་པར་དགོས། སེམས་རང་བཞིན་དུ་རེར་དྲན་ཐོག་དེར། མདུན་བསུ་རྗེས་བསྐྱོད་མེད་པ་རུ། བཅོས་མེད་ངང་དུ་ཁྲིག་གེར་ཞོག འཛིན་མེད་ངང་དུ་སང་ངེར་ལྟོས། འབྲལ་མེད་ངང་དུ་ལྷན་ནེར་སྐྱོངས། གནད་དེ་ལྡན་གོལ་སྐྱོན་མ་མཆིས་ན། ལམ་འཆུག་པ་མེད་དོ་དད་ལྡན་བུ། སེམས་བྱིང་རྒོད་རྨུག་འཐིབས་ལྡིང་གསུམ་འོང་། གཞི་སྟོང་པའི་རང་མདངས་མི་གསལ་ཞིང་། འཕྲ་བ་རྨུག་དེ་སྣང་བ་ཡང་། ལང་ངེ་ལོང་ངེས་དོན་མི་གསལ། རགས་པ་རང་དབང་མེད་པ་རུ། ཉམས་ཅི་ཡང་མི་གསལ་འཐིབ་ཅིང་རྡོལ། ལམ་འགྱུ་བ་རིག་པས་མི་ཟིན་ཞིང་། བྱིང་དེ་ཡུལ་སྣང་རྗེས་སུ་ཤོར། སྒོམ་སྙིང་མི་འདོད་ཡེངས་སུ་དགའ། རྒོད་དེ་རང་ཚོ་མི་ཟིན་ཞིང་། རྣམ་རྟོག་གཅིག་ཐོག་གཅིག་གནོན་བྱེད། ཡིད་མི་བདེ་མིག་སྙིང་འཕར་རྩ་འདར། འབྲས་གཉིས་མེད་རིག་མདངས་མི་གསལ་ཞིང་། ལྡིང་དེ་སྟོང་ལྟས་ཧེ་སོ་རུ། ཡུན་རིང་པོར་བསྒོམ་ཀྱང་དོན་མི་རྟོགས། བདེ་གསལ་ཉམས་དང་བྲལ་བར་འདུག དེ་ཐེག་ཆེན་ལམ་གྱི་གེགས་གསུམ་ཟེར། གེགས་མ་འཛིན་ཉམས་ཀྱི་སུ་མ་རུ། གོ་ཞིང་བརྩོན་འགྲུས་བསྐྱེད་པར་རིག བྱིང་ནས་རིག་པ་ལྷོད་དེར་སྐྱོངས། རྒོད་ན་རང་བབ་ངང་དུ་ཞོག མཐིབ་ན་དུར་རེ་བྲིང་ངེར་ལྟོས། སྨུག་ན་སང་ངེ་རྒྱང་ངེར་མཚོས། ལྡིང་ནས་སློད་སྦྲིམ་རེ་མོས་གྱིས། ཐབས་མན་ངག་དེ་ཡིས་གྲོལ་བར་བྱེད། སེམས་རོ་གཅིག་གི་རྟོགས་པ་མ་ཤར་བར། ཐབས་འཇོགས་ཤིག་སྐྱོང་གསུམ་ངང་བསྲིང་ཞིང་། དོན་བསྒོམ་རྒྱུ་ཅི་ཡང་མེད་པ་ལ། གནད་ཡེངས་དུ་མེད་པའི་རིག་གསལ་བསྐྱེད། གྲོགས་རླུང་གི་ཡན་ལག་བརྩོན་ངོས་སུ། ཚད་ཉམས་ཀྱི་སྣང་བ་མ་ཟད་བར། དོན་རྟོགས་མཐར་ཕྱིན་པའི་རྣལ་འབྱོར་མཛོད། བོན་ཐེག་ཆེན་ཟེར་བའི་གཡེར་པོ་ཆེ། ངོ་ཤེས་ན་རང་ཆས་སུ་སྣང་མོད་ཀྱང་། གནད་མན་ངག་སེམས་སུ་མ་རྟོགས་ན། ཐ་སྙད་ཀྱི་བྱེ་བྲག་མང་པོ་རུ། བཤད་ཀྱང་གོ་བ་དོན་མེད་ཀྱང་། རྡོ་ཚན་ཆུ་ཡི་མི་བརླན་འདྲ། སེམས་བཅོས་ཟེར་བའི་དོན་གོ་ན། དེ་ལ་བཤད་རྒྱུ་མི་འདུག་མོད། ད་གོ་འམ་རྟོགས་སམ་བུ་རྒྱུད་རྣམས། སྤྲང་ཐོས་ཆུང་ཕན་བློས་བསྐུལ་བའི་གླུ། དོན་མཆོད་པ་འབུལ་ལོ་བླ་མ་རྗེ། དབྱངས་དགྱེས་པར་མཛོད་ཅིག་མ་སྲིང་སྡེ། ཚིག་དོན་ལ་ཕོབ་ཅིག་སློབ་མ་རྣམས། འདི་ཉིད་ཀྱི་རྗེས་འཇུག་དད་ལྡན་གང་། ཤེས་རྒྱུད་དུ་བྱང་ཆུབ་མཆོག་སྨིན་ཞིང་། རང་གྲོལ་གྱི་མི་རྟོགས་གདེང་རྙེད་དེ། རྫོགས་ཆེན་གྱི་བསྟན་པའི་བདག་པོར་ཤོག ཅེས་པ་འདི་ནི། སྤ་སྟོན་ཆེན་པོ་ཉི་མ་འབུམ་གསལ་གྱི་རྣམ་ཐར་རྒྱས་པ་ནོར་བུའི་ཕྲེང་བ་ལས་ཟུར་དུ་ཕྱུངས་པའོ།།