དུས་རབས་ཤིག་གི་སྣང་ཚུལ།
གངས་རིའི་བཅུ་ཕྲག་རིག་པའི་བུ་གཞོན་དང་།།
རིག་གསར་ལྷ་མོ་ཟུང་གི་གཉེན་སྟོན་ལ།།
འགའ་ཞིག་དགོད་ཅིང་དགའ་བའི་བྲོ་གར་འཁྲབ།།
འགའ་ཞིག་སྡུག་ཅིང་ངུ་སྒྲས་གནམ་ས་འགེངས་།།
ཨ་གསར་ཅན་གྱི་ཨ་ཉོག་ཆུང་ཆུང་འགའ།།
ཨ་ཕའི་ཕོར་ཁ་ཐལ་བའི་གསེང་དུ་དབྲིལ།།
རང་མཆུ་བསྣབ་དང་མཆིལ་མས་ཁེངས་བཞིན་དུ།།
གསར་དར་གསར་དར་ཟེར་བཞིན་ཧོར་རྒྱུག་བྱེད།།
དེ་ལས་མཚར་བའི་ཨ་ཞང་ལོ་ལོ་འགའ།།
ཡ་ཐོད་རྔུལ་ནག་དྲི་མ་བོ་བཞིན་དུ།།
དངོས་མཐོང་བདེན་པའི་བྲག་རི་བཤིག་པའི་ཆེད།།
ཁུ་ཚུར་ཕྱར་ནས་རི་གྲོང་མཚམས་སུ་རྒྱུག།
ལྷ་ཡི་ལུགས་དང་འདྲེ་ཡི་ཁྱིམ་རྒྱུད་ལ།།
ཟུར་ཙམ་གཟིགས་པའི་ལྟ་བ་མ་མཆིས་ཀྱང་།།
ལུང་བསྟན་རྫུ་འཕྲུལ་བསླུ་ཚིག་འབུམ་ཕྲག་གིས།།
གཞོན་ནུ་སྟོང་ལ་ལོག་པའི་ལམ་བུ་བཤང་།།
འགྲོ་རྣམས་གཏན་གྱི་ཞི་བདེའི་རྒྱལ་ས་ན།།
སྐྱེལ་བའི་གཞུང་བཟང་ནང་པ་སངས་རྒྱས་ཀྱི།།
བཞེད་གཞུང་ལེགས་བཤད་སྙིང་པོའི་མིང་བརྐུས་ཏེ།།
གཡོ་སྒྱུའི་འཕྲུལ་འཁོར་བསྐོར་བ་ཉུང་ཉུང་མིན།།
ཆོས་ལུགས་ཤིག་གི་འདྲ་འབགས་ཁྱེར་བ་ཡིས།།
སྟོན་པ་གཅིག་གི་བསྟན་པའི་ཉིང་ཁུ་ལ།།
མི་བདེན་རྫུན་གྱི་ཕུང་པོ་གུང་བསྒྲིགས་ཏེ།།
ནང་འཁྲུག་ར་ཡི་རྣམ་ཐར་ད་བར་བསྐྱངས།།
གནའ་དེང་རིག་པ་ཟུང་གི་བར་གསེང་ན།།
ཤར་ནུབ་ཤེས་བྱའི་ཉིང་ཁུ་ལེན་མཁན་པའི།།
ཟོལ་མེད་བརྩེ་བའི་སྤྱན་ལྡན་ཆེ་གེ་མོ།།
མི་བུ་ཁྱུ་ལ་ལན་ཁག་བརྒྱ་ཁལ་བསྒྲིགས།།
ཤེས་རིག་སྨྲ་ལ་ལྗགས་འདབ་བྱང་མདོག་འགའ།།
བན་བོན་བར་ན་ནང་ཆོས་ཡིན་མིན་ཞིག།
སྟོད་སྨད་བོད་པའི་རིགས་རུས་སུ་བཙུན་ཞིག།
འཆད་རྩོམ་འདི་འདྲས་མི་ཚེའི་ལྷག་མ་སྐྱེལ།།
ཡ་ཐོག་ཞང་བོད་རིག་པ་ཆེད་མཁས་པ།།
འཛམ་གླིང་སྐད་ཀྱིས་ཆོད་པའི་བོད་པ་འགའ།།
ཞིབ་ཏུ་བསམ་ཚེ་ཕྱི་གླིང་ཞིབ་འཇུག་པའི།།
ལག་ཆ་ཙམ་ལས་རང་རིགས་ཕན་ཉུང་།།
ལྷ་འདྲེ་ཞིག་གི་རིགས་རྒྱུད་གྲོལ་ཚུལ་དང་།།
གཏོ་བཅོས་ཤིག་གི་དགོས་པ་དམིགས་ཡུལ་ལས།།
མ་འོངས་མི་རིགས་རིག་གནས་སྤྱི་ཆུས་ལ།།
གནད་སྨིན་བསམ་གཞིག་འབྲས་རྟགས་ཉུང་སྟེ་མཆིས།།
འཛམ་གླིང་གོ་ལའི་ཕྱོགས་འབྲེལ་མི་རིགས་རྣམས།།
སྔ་མ་སྔ་མའི་དུས་དང་བསྟུན་ནས་གཤེགས།།
ཕྱི་མ་ཕྱི་མའི་དུས་དང་བསྟུན་ཏེ་ཐལ།།
མ་འོངས་དེ་བཞིན་འགྲོ་བ་དངོས་པའི་གཤིས།།
རང་ཉིད་ཆོས་དང་འཇིག་རྟེན་གང་འཐད་རུང་།།
འཕེལ་རྒྱས་ཡར་ཐོན་རིགས་སུ་བསྐྱོད་འདོད་ཚེ།།
འདས་ལོ་སྟོང་ལ་ཕྱི་ནུར་མི་བྱེད་པར།།
མདུན་གྱི་ལམ་ལ་འཚོལ་སྙེགས་བྱེད་པ་གཅེས།།
དོན་གྱི་བདེན་ཁ་སུ་ལ་ཡོད་མེད་དང་།།
མཐའ་མའི་གཏམ་གྱི་རྒྱལ་ཁ་སུས་ཐོབ་སོགས།།
དུས་རབས་ཤིག་གིས་གོ་བརྡ་སྤྲད་འོང་བས།།
ཅལ་འགྲོག་རི་བོང་རྗེས་སུ་སྙེགས་དགོས་ཅི།།
༢༠༡༢ ༥ ༢༠ཉིན་ཆབ་མདོར།