རྩྭ་ཐང་དང་འབྲོག་མོ།
ཨེ་མ་དེ་རིང་ཉམས་རེ་དགའ་བ་ལ།།
དབྱར་ཟླ་འབྲིང་པོའི་ཚེས་ཀྱི་དཀྱིལ་མ་རུ།།
མཚར་སྡུག་བསམ་བརྗོད་བྲལ་བའི་མཛེས་ལྗོངས་ཏེ།།
སྤུ་རྒྱལ་ཤར་གླིང་འགྲིམ་པའི་མྱོང་ཚོར་ཞིག།
དྭངས་བསིལ་རྫ་ཆུའི་ལྷུང་སྒྲ་ཤག་ཤག་ཅིག།
སྒྲ་འཛིན་རྣ་བའི་བཅུད་དུ་ཚུར་ཚུར་ཐིམ།།
སྔོ་ལྗང་རི་ཀླུང་ནེའུ་ཚལ་ཐང་ཆེན་དུ།།
བསྐྱོད་ཚེ་བདེ་ཆེན་ཞིང་བཀོད་མཇལ་སྣང་ཞིག།
གངས་རིའི་ལོ་རྒྱུས་ཁྲོད་ཀྱི་ཕ་ཁྱིམ་སྟེ།།
སྦྲ་གུར་སྨུག་པོའི་ཆོན་འདབས་ཐང་ཆེན་དུ།།
དགའ་བའི་འཛུམ་གྱིས་སྤྲོ་བའི་དཔའ་ཡོན་བསུས།།
དེ་ཚེ་རང་ཡང་ལྷ་དབང་སྲས་ཆུང་ཞིག།
སྟེང་ནས་ཉི་མའི་དཀྱིལ་འཁོར་གསལ་ལམ་ལམ།།
ཕུ་ན་གངས་དཀར་གཟི་མདངས་འོད་ལྷག་ལྷག།
ལོགས་ན་རི་བྲག་སྟར་པའི་ཚར་མཛེས་མཛེས།།
འགྲམ་ནས་གངས་ཆུའི་བཞུར་སྒྲ་ཤག་ལྷང་ལྷང་།།
སྔོ་ལྗང་རྩྭ་ཐང་ཁོར་ཡུག་རྒྱ་ཡངས་ཡངས།།
རབ་མཛེས་པདྨོའི་ཚལ་ཆེན་བཀྲ་ལམ་ལམ།།
དྭངས་བསིལ་མཁའ་རླུང་རྒྱུ་བ་སྤུས་གཙང་གཙང་།།
ཁུ་བྱུག་སྔོན་མོའི་མགྲིན་དབྱངས་འུར་དིར་དིར།།
དེའི་ཚེ་སེམས་ཀྱི་འགྱུ་ཁ་དེ།།
སྦྲ་ཁྱིམ་སྨུག་པོའི་བདག་མོ་ཆེ།།
ལྷད་མེད་དྭངས་གཙང་སེམས་མངའ་བའི།།
འབྲོག་མོ་དེ་ཡི་གམ་དུ་བསྐོར།།
ཁྱེད་ནི་ཡངས་པའི་རྩྭ་ཐང་གི།
ཆུ་སྐྱེས་པདྨའི་མཛེས་རྒྱན་ཞིག།
ཁྱེད་ནི་དྭངས་གཙང་བསིལ་ཆབ་དབུས།།
གསེར་མིག་ཉ་མོ་ཆུང་ཆུང་ཞིག།
མཐོ་སྒང་རི་ཡི་རྩེ་མགུལ་ནས།།
ངག་ནས་སྐྱོར་བའི་རྫི་གླུ་དེ།།
བཅོས་མའི་རྩོམ་སྦྱོར་སླད་མ་ཞུགས།།
དམངས་ཁྲོད་འཚོ་བའི་ཉིང་ཁུ་དངོས།།
ཕྱུ་རིང་ཕུ་ཐུང་གཉིས་པོ་དེ།།
ཕུད་ནས་རྒྱབ་ལ་སྟབས་བདེར་མདུད།།
ལྷས་ར་ཁྲ་མོའི་ཁུག་སོ་ནས།།
ཐུལ་དཀར་འབྲི་མོའི་བཞོ་དབྱངས་ལེན།།
སྦྲ་གུར་སྨུག་པོའི་གཡས་སྦུག་ནས།།
འཛུམ་ཆུང་དེ་ནི་མུལ་མུལ་ངང་།།
འོད་དཀར་གཏམ་པའི་རྒྱ་མདོངས་ལས།།
གསེར་ཞགས་འཕྲོ་བའི་འབྲི་མར་བླངས།།
སེང་རས་དཀར་པོའི་སྟོད་ཐུང་འོག།
ནུ་མ་ཟུང་དེ་འབུར་ཙམ་མངོན།།
དཀར་དམར་ཚོན་གྱིས་མ་བསྒྱུར་བའི།།
སྐྲ་ནག་ལན་བུ་ཉིལ་ཉིལ་འཕྱང་།།
རང་སྣང་དགུང་དུ་མ་ཡལ་བའི།།
དྲང་བརྗོད་གཏམ་གླེང་བྱེད་བཞིན་དུ།།
ཕ་ཁུ་མ་སྨན་སྤུན་མཆེད་ཚོར།།
མར་དཀར་སྤུ་ལུའི་གུང་ཟས་དྲངས།།
དཀར་ནག་ཕྱུགས་རིགས་འཚོ་སྐྱོང་དང་།།
ཙ་ཙིག་ཁྱིམ་ལས་ཐ་དག་ལ།།
ངལ་བའི་སྣང་བ་ཙམ་མེད་པར།།
ལས་ཞོར་གསོལ་འདེབས་བསྟོད་སྨོན་འུར།།
སྐབས་སྐབས་ངལ་བ་སངས་བྱེད་དང་།།
འཚོ་གོམ་གཤིས་ལུགས་དཔེར་སྟོན་གྱི།།
རྫི་གླུ་བཞོ་དབྱངས་འོད་མའི་གླུ།།
སྙན་འཇེབས་མ་བཅོས་དབྱངས་ལས་འདྲེན།།
གཞན་ལ་བསླུད་བས་མི་བྲིད་ཅིང་།།
རང་ཉིད་བསླུ་བའི་རྗེས་མི་འབྲེང་།།
མིག་གི་མདུན་གྱི་བུ་མོ་དེ།།
འབྲོག་མོ་དག་མ་དག་རྐྱང་ངོ་།།
འུར་བཞིན་འུར་བཞིན་བྲིས་པའི་སྙན་དབྱངས་དཀྲོལ་ཐེངས་ནི་རེ་ལ།།
བསམ་བཞིན་བསམ་བཞིན་སྨྲས་པའི་འབེལ་གཏམ་གསོན་པོ་རེ་ཡོད་པས།།
འབྲོག་མོ་འབྲོག་མོ་ཟེར་བའི་རྩོམ་ཐུང་དབྱངས་རྟ་རེའི་ཁུད་དུ།།
རྒྱུན་རིང་རྒྱུན་རིང་ཞིག་གི་ལོ་རྒྱུས་ཟིན་ཐོ་རེ་སྦྲུམ་ཡོད།།