བདེ་སྐྱིད་ནི་དད་པའི་སྟོབས་ཡིན།
ཀུན་གྱིས་འཚོལ་ཞིང་སྙེགས་ས་བདེ་སྐྱིད་དེ།།
བདེ་སྐྱིད་བདེ་སྐྱིད་ཞེས་བྱ་སྤྲོ་བ་དངོས།།
སྤྲོ་བ་ཉིད་ཀྱང་དད་པའི་སྟོབས་ལས་བྱུང་།།
དེའི་ཕྱིར་དད་པའི་སྟོབས་ནི་མཐའ་ཡས་སོ།།
གལ་ཏེ་ཁྱོད་ལ་དད་པའི་བློ་མེད་ཚེ།།
སྤྲོ་བ་འཕེལ་བའི་སྐབས་ནི་ཡོད་མིན་ཞིང་།།
དད་པའི་རྒྱུན་དང་སྟོབས་ནི་གནས་གྱུར་ན།།
སྤྲོ་བ་ངང་གིས་འཕེལ་ཞིང་བདེ་སྐྱིད་འཐོབ།།
དཔེར་ན་རང་བྱུང་ཁོར་ཡུག་མཛེས་ཉམས་ལས།།
ཁྱོད་ལ་སྤྲོ་བ་འབྱུང་ནི་སྲིད་པ་སྟེ།།
དེའང་ཁྱོད་ཉིད་རང་བྱུང་ལ་མོས་ཤིང་།།
དད་པའི་སྟོབས་ལས་བྱུང་བ་ཁོ་ནའོ།།
སྟོས་གྲུབ་རང་བྱུང་ཁམས་ཀྱི་མཛེས་པ་ལ།།
ཁྱོད་ཀྱི་བློ་ཡིས་མི་མཛེས་མཐོང་གྱུར་ན།།
དེ་ཚེ་ཁྱོད་ཀྱི་སྤྲོ་བ་ཉམས་འགྱུར་ཅིང་།།
དེ་ཚེ་ཁྱོད་ཀྱིས་བདེ་སྐྱིད་ཅི་སྟེ་རྙེད།།
ཁྱོད་ཀྱིས་རང་བྱུང་ཁམས་ལ་མ་དད་ཚེ།།
རང་བྱུང་ཁམས་ཀྱི་མཛེས་པ་རང་ངོ་ནས།།
ཁྱོད་ལ་སྤྲོ་བ་སྐྱེལ་དུ་ཡོང་བ་མིན།།
ཁྱོད་ལ་བདེ་སྐྱིད་སྟེར་བ་དེ་བས་ཀྱང་།།
དཔེ་དེས་དྲངས་པའི་ཁྱོད་ཀྱི་འཚོ་གནས་སུ།།
དབང་པོ་ལྔ་དང་ཡུལ་ལྔའི་འཕྲོ་ལྡོག་སྟེ།།
གཟུགས་སྒྲ་དྲི་རོ་རེག་བྱའི་འདོད་ཡོན་ལ།།
ལོངས་སྤྱོད་བློ་ཡིས་འཛིན་སྟངས་མཛེས་མིན་ཁྱད།།
སྣང་གསལ་མིག་སོགས་དབང་པོའི་སྤྱོད་ཡུལ་དུ།།
གཟུཊ་ཉིད་མཛེས་ན་གཟུཊ་ལས་བདེ་སྐྱིད་འཐོབ།།
སྒྲ་ཉིད་སྙན་ན་སྒྲ་ལས་བདེ་སྐྱིད་འཐོབ།།
དྲི་ཉིད་ཞིམ་ན་དྲི་ལས་བདེ་སྐྱིད་འཐོབ།།
དེ་བཞིན་རོ་བདའ་རོ་ལས་བདེ་སྐྱིད་འཐོབ།།
རེག་བྱར་འཐད་ཚེ་བསམ་བརྗོད་བྲལ་བ་ཡི།།
བདེ་སྐྱིད་འཐོབ་པ་ཀུན་ལ་བྱང་ཚར་བས།།
ཀུན་གྱི་རྒྱུ་རྩ་དད་པ་བརྟན་འཐོབ་དགོས།།
བདེ་བའི་ཞིང་ཁམས་དད་པ་ཅན་གྱིས་བགྲོད།།
བདེ་བའི་ལོངས་སྤྱོད་དད་པ་ཅན་གྱིས་རྙེད།།
བདེ་བའི་མལ་ས་དད་པ་ཅན་གྱིས་ཟིན།།
བདེ་བའི་ཉམས་རྟོགས་དད་པ་ཅན་ལ་ཤར།།
ཕྱི་རོལ་ཡུལ་ལ་དད་བློ་འགྱུ་ཐེངས་རེར།།
ནང་གི་བློ་ཡིས་སྤྲོ་བའི་ཆ་རེ་རྙེད།།
དེ་ཉིད་ཡུན་ནི་ཇི་སྲིད་གནས་བར་དུ།།
ཁྱོད་ནི་བདེ་སྐྱིད་གླིང་དུ་འཚོ་བ་ཡིན།།
ཁྱོད་ཉིད་མི་བུའི་ཁྲོད་ཀྱི་གཅིག་ཡིན་ཚེ།།
ཁྱོད་ཀྱི་ལས་དོན་ལོངས་སྤྱོད་འབྱོར་ཚོགས་ཆེད།།
ཕྱི་རོལ་མཛེས་པ་བརྒྱ་ཡི་འཚོ་གནས་སུ།།
ནང་གི་རྣམ་ཤེས་བདེ་སྐྱིད་མཁོ་བས་སོ།།
༢༠༡༣/༥/༡༤ཉིན་ཟླ་ཆུའི་འགྲམ་ངོགས་སུ་བྲིས།།