མི་ཡུལ་དབྱར་གྱི་མེ་ཏོག
རྩ་གསུམ་མེ་ཏོག་གླིང་ཆེན་ལ་རྣམ་བཤད་ཀྱི་སྤྲོས་པ་རྒྱས་ཤིང་།
ཨུ་དུམ་ཝ་རའི་མེ་ཏོག་གི་གླེང་བརྗོད་ཚར་དུ་མེད་ཀྱང་།
དེ་དག་ནི་ལྷ་སྒྲུང་གི་གླིང་ཕྲན་ཞིག་ན།
གནའ་བོའི་གཏམ་རྒྱུད་ཀྱི་མཛེས་རྒྱན་ཁོ་ན་ཏེ།
དེས་ཀྱང་། ཁྱོད་དང་ང་ཡི་སེམས་ཁམས་སུ་མཛེས་པའི་ཞིང་ཁམས་བསྐྲུན།
༼བྱིས༽
མི་ཡུལ་འཚོ་བའི་གནས་མལ་གྱི་ཁྱུད་མོ་ཞིག་ན།
དབང་པོ་སྒོ་ལྔའི་སྐར་ཁུང་ཐོག་མར་ཕྱེས་ཏེ།
ཕྱི་རོལ་སྣང་བའི་ལོངས་སྤྱོད་ལ་འཚོ་ཞིང་རོལ་འགོ་ཚུགས་དུས།
ཆེས་མཛེས་པ་ནི་མི་ཡུལ་དབྱར་གྱི་མེ་ཏོག་ཉིད་དེ།
ལང་ཚོའི་སྐྱེད་འཚར་གྱི་གསང་བ་ཡང་ཁྱོད་དང་ལྷན་ཅིག་འདྲེས།
༼ དར༽
མི་བུའི་རྣམ་རིག་གི་རོལ་གར་འཁྲབ་ཐེངས་ཤིག་ན།
ཕྱི་ནང་ཡུལ་སེམས་ཀྱི་གསང་སྒོ་ཝལ་གྱིས་ཕྱེས་ཏེ།
རྟོག་དཔྱོད་ཀྱི་འགྱུ་བས་འཚོ་གནས་ལ་གནས་མལ་བཅས་དུས།
ཆེས་མཛེས་པ་ནི་མི་ཡུལ་ན་ཟླའི་མེ་ཏོག་སྟེ།
བརྩེ་བ་དང་དུང་བའི་དར་དཀར་ཡུག་སྣེ་ཁྱོད་ལ་མདུད།
༼ རྒས༽
རྟག་བརྟན་གྱི་འདུ་ཤེས་ལ་ཡིད་ཆེས་བོར་བའི་དུས་ཤིག་ན།
ལང་ཚོའི་གཏམ་རྒྱུད་ཀྱི་སྒྲུང་གཏམ་ཀློག་འདོན་ཚར་ལ་ཉེ་ཞིང་།
དཀོན་མཆོག་རྣམ་གསུམ་ལ་སྤྱན་འདྲེན་གྱི་རོལ་དབྱངས་འབུལ་དུས།
ཆེས་མཛེས་པ་ནི་དམ་པ་ལྷ་ཆོས་ཀྱི་མེ་ཏོག་སྟེ།
ཡོད་ཚད་ཀྱི་ཡོད་ཚད་སྲོག་དབུགས་ཀྱི་རྒྱུ་བའི་ཐ་མའང་ཁྱོད་ལ་བསྟིམ།