བར་དོའི་རྣམ་ཤེས།
བོད་པའི་རིག་གཞུང་ཆོས་ཀྱི་ཕྱོགས་སྟོན་ན།།
སྐྱེ་འཆིའི་འཁོར་ལོ་སྲིད་པའི་ཁྱུད་མོ་རུ།།
སྔ་མའི་ལུས་བོར་ཕྱི་ལུས་མ་རྙེད་གོང་།།
བར་དོའི་རྣམ་ཤེས་རྟེན་མེད་རྒྱུ་ཞེས་བཤད།།
དཔེ་དེར་བསམ་ཞིང་བསམ་ན་དོན་ཞིག་འདུག།
དཔེ་དེར་དཔྱད་ཅིང་དཔྱད་ན་གནད་ཅིག་གོ།
དཔེ་དེ་གླེང་བའི་རིན་ཐང་ཉམས་མྱོང་ཞིག།
དཔེ་བདག་རྒས་པོའི་སེམས་ན་ཁྲིག་གེར་གསལ།།
བོད་པའི་མེས་པོ་གང་གིས་བཤད་པ་དེ།།
བོད་པའི་མེས་ཕྲུག་ཅིག་ལ་ལུང་བསྟན་བཞིན།།
བོད་པའི་ལུགས་རྙིང་བོར་བའི་ཕྱི་ཤུལ་ན།།
བོད་འདིས་གཞན་བཞིན་གསར་པའི་ལས་མ་ཤེས།།
དེས་ན་སྔ་མའི་རང་ལུགས་བོར་ཤུལ་ན།།
བོད་ཕྲུག་ཁྱུ་ལ་རང་་ལུགས་གཏམ་རྒྱུད་ཙམ།།
གསར་དར་ཚན་རྩལ་བློ་རུ་མ་ཆུད་གོང་།།
བོད་པ་རྣམས་ནི་བར་དོའི་རྣམ་ཤེས་བཞིན།།
རྟ་ཕོའི་སྒ་ཆས་རང་མིང་བརྗེད་ཤུལ་ན།།
འཕྲུལ་རྟའི་དབུགས་སྒྲོམ་སྒྲིག་ཚུལ་ཕྱོགས་མ་མཐོང་།།
བྱེས་འགྲོ་གཞན་ལ་རེ་བའི་ཁུག་སོ་ན།།
བོད་པ་རྣམས་ནི་བར་དོའི་རྣམ་ཤེས་བཞིན།།
རང་འབྱུང་ཆུ་བཞིའི་འགོ་ནས་བསྒྲགས་པ་ཡི།།
རང་ལུགས་སྐད་བརྡ་རང་དང་འཚམ་དེ་བོར།།
གཞན་སྐད་ལག་བརྡས་མཚོན་པའི་འཚོ་བ་རུ།།
བོད་པ་རྣམས་ནི་བར་དོའི་རྣམ་ཤེས་བཞིན།།
མཁའ་མཉམ་འགྲོ་ཀུན་དོ་མཉམ་གཟིགས་པ་ཡི།།
རང་ལུགས་ཆོས་ཀྱི་ལག་ལེན་བོར་ཤུལ་ན།།
གཞན་ཆོས་མི་བུའི་སྒེར་སྐྱིད་དོན་མ་མཐོང་།།
བོད་པ་རྣམས་ནི་བར་དོའི་རྣམ་ཤེས་བཞིན།།
མི་ཚོས་དུས་རབས་ཉེར་གཅིག་ཚེས་སོང་ཟེར།།
རང་གི་ལག་པ་འགུལ་བའི་ཕྱི་རྗེས་སུ།།
འཕྲུལ་གྱི་ལྷ་བྱས་མཁའ་དབྱིངས་མཐོང་ནས་བསྐྱོད།།
ད་དུང་བོད་པའི་རྣམ་ཤེས་གང་ན་རྒྱུ།།
མི་ཚོས་ཚན་རྩལ་བསྟན་པ་དར་སོང་ཟེར།།
རང་གི་ཀླད་པ་དཀྲུག་པའི་བདེན་ངོ་རུ།།
འཕུར་གྲུ་ལ་བརྟེན་ཟླ་བའི་གོ་ལར་ཕྱིན།།
དེའི་ཚེ་བོད་པའི་བསམ་བློ་གང་ན་འཆལ།།
མི་ཚོས་དངོས་མཐོང་བདེན་པའི་དཔང་ཡིག་ལས།།
ལུགས་གཉིས་བསླབ་བྱས་འདི་ཕྱིའི་ཕན་བདེ་སྒྲུབ།།
ཆོས་མིང་སྡིག་ལས་བཀོལ་བའི་གྲོང་དཀྱིལ་ན།།
བོད་པའི་རྣམ་ཤེས་བར་དོའི་འདྲེ་རུ་སྤྲུལ།།
མེས་རྒྱལ་ཁྱིམ་ཚང་ཆེན་མོའི་གྲུ་ཟུར་ན།།
ལོང་ཤོར་བོད་པའི་བུ་ཕྲུག་འདི་དག་ཀུན།།
ད་ནི་རྨོངས་པའི་གཉིད་འདམ་ལས་སད་དེ།།
མི་ཡི་ལད་མོ་མི་ཡིས་བྱེད་རེ་རན།།