རང་ཉིད།
བྱིས་པ་དར་མ་བསྒྲེས་གྱུར་གང་ཡང་རུང་།། ན་ཚོད་ཡུལ་དུས་གནས་བབ་གང་གི་ཚེ།། སྐྱིད་སྡུག་དར་རྒུད་འཕོ་འགྱུར་ཅི་བྱུང་ཡང་།། རང་ལ་གཅེས་པ་རང་ལས་གཞན་མ་མཆིས།།
ཤེས་བྱ་རིག་པའི་གནས་ལ་བརྩོན་པའི་དུས།། ཤེས་རབ་སྣང་བ་འབུམ་གྱི་ཆུ་གཏེར་ཀློང་།། ཅི་དགར་ལོངས་སུ་སྤྱོད་པའི་བསོད་ནམས་ཀྱང་།། འཁྲུངས་པའི་དཔལ་ཡོན་ཕུགས་རྩ་རང་ལ་ཐུག།
སྔོན་ཚེ་སངས་རྒྱས་སྟོན་མཆོག་རྣམ་གཉིས་ཀྱང་།། བདག་དང་གཞན་གྱི་དོན་གཉིས་ལྷུན་གྲུབ་ཅིང་།། དགྲ་བཅོམ་འབྲས་བུ་མངོན་དུ་ཐོབ་པ་དག། རང་གིས་ཚོགས་གཉིས་བསགས་པའི་འབྲས་བུར་མཐོང་།།
སྐྱབས་ཡུལ་དཀོན་མཆོག་གསུམ་ཞེས་ ཆོས་ཀྱིས་འཆད།། ཆོས་ཀྱི་བྱེད་པོ་ཁྲི་འཛིན་བླ་མ་དངོས།། བླ་མའི་ཞལ་གསུང་བདེན་ཁ་རང་བློས་བྱིན།། བདེན་མཐར་བཏུག་ཚེ་དཀོན་མཆོག་རང་ཙམ་མོ།།
ཡོད་ཚད་ལྷ་ཡིས་གནང་བའི་སྤྲོ་ཉམས་དང་།། ངན་ཚད་འདྲེ་ཡིས་ཕུང་སྙམ་བྱ་བ་ཀུན།། བདེན་དོན་རྒྱུ་མཚན་གནད་ཀྱིས་བཀྲལ་བའི་ཚེ།། རང་ལྟ་འཁྲུལ་ཕྱིར་དེའང་རང་བྱས་སོ།།
དཔེ་དེས་དྲངས་པའི་ལྟ་ཚུལ་བྱ་བ་ཀུན།། སྒྲུབ་དང་འཇུག་ལ་གཞན་རེ་མ་ཆེ་བར།། རང་གིས་རང་ལ་རང་ཤུགས་བྱིན་དང་ལྷན།། རང་ཉིད་མི་བུའི་དོན་གོ་གཅོད་པ་གཅེས།།
ེེ