གླུ་གར་དང་བསྲེས་པའི་ལང་ཚོ།།
ག་ཐ་ཤང་ཐེངས་དང་པོའི་ཡིག་རྨོངས་སེལ་བའི་སློབ་གྲྭར་གླུ་དབྱངས་སློབ་ཚན་སྐབས་སུ་བྲིས།
ཕུ་ན་གངས་དཀར་མཛེས་པ་གསལ་ལམ་ལམ།།
བར་ན་གཡུ་མཚོའི་རླབས་རིས་འོད་མེར་མེར།།
མདའ་ན་ག་ཆུའི་བཞུར་སྒྲ་འུར་ཤག་ཤག།
ག་ཐ་ལུང་པའི་གཟི་བརྗིད་ཡིན་ལ་ལ།།
གྲལ་བསྟར་བསྒྲིགས་པའི་ཁང་བཟང་ཁྲ་ཆགས་ཆགས།།
ཡས་མར་བསྒྲོད་པའི་འཁོར་རིགས་འུར་དིར་དིར།།
སྟག་ཤར་གཞོན་པའི་བློ་ཁ་རྒྱ་ཡངས་ཡངས།།
སྨན་ཆུང་བུ་མོའི་སེམས་རྩ་དྲོད་ཁོལ་ཁོལ།།
ན་གཞོན་བློ་དང་ཤེས་པ་གསལ་ཧྲིག་ཧྲིག།
སྐད་གཉིས་སློབ་རའི་འདོན་དབྱངས་གསལ་ལྷང་ལྷང་།།
མི་རིགས་སྐད་ཡིག་རིག་གཞུང་གཅེས་སེམས་སེམས།།
གསར་དར་ཚན་རྩལ་སློབ་གསོར་མགུ་ལག་ལག།
གླུ་དབྱངས་རིག་རྩལ་དགོང་འཚོགས་སྤྲོ་སེང་སེང་།།
དགེ་སློབ་ལྷན་འཛོམ་སྟ་གོན་གྲ་རྒྱས་རྒྱས།།
ངོ་མཚར་ནག་པང་མཛེས་རིས་སེམས་འོང་འོང་།།
གླུ་དབྱང་སློབ་གསོའི་ཁ་བྱང་མིག་མཛེས་མཛེས།།
གཙོ་སྐྱོང་གསལ་དག་སྐད་ངག་སྒྲོགས་བདེ་བདེ།།
སྐད་སྙན་གླུ་པ་མཚོ་བྱུང་ངག་འདྲ་འདྲ།།
རབ་མཛེས་གར་སྟེགས་ཐོག་ཏུ་ལེགས་འགྱིང་འགྱིང་།
ལྟད་མོ་བ་ཡི་མི་རྩ་གྲུང་དཀྱོག་དཀྱོག།
ཐུན་མིན་དམངས་ཁྲོད་རིག་པའི་ཉམས་བཟང་བཟང་།།
བློ་གསལ་རིག་པའི་ཁོང་ན་དགའ་མོས་མོས།།
གསལ་དག་མགྲིན་པའི་ལམ་ནས་འགུག་ལ་ལ།།
བརྩེ་བ་དུང་བའི་ནང་དོན་མཚོན་ཤར་ཤར།།
དེ་བཞིན་སློབ་གསོའི་ནང་དོན་ཡིད་འཐད་འཐད།།
ལྷད་མེད་སེམས་ཀྱི་ཀློང་ནས་རབ་འཕྱུར་འཕྱུར།།
སློབ་གསོའི་ལམ་སྟོན་སྒྲོན་མེའི་འོད་དཀར་དཀར།།
རྩིས་འཕྲུལ་མེ་ལོང་ངོས་སུ་བྲིས་འཁྱུག་འཁྱུག།
༢༠༡༣ / ༡༢/ ༡༧ དགོང་མོར་བྲིས།།