སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
ཤེས་རབ་ཀྱི་རྣམ་འབྱེད། 
[ 2013/6/30 20:32:00 | By: གངས་སྙུག ]
 

ཤེས་རབ་ཀྱི་རྣམ་འབྱེད།

 

སློབ་ལམ་གྱི་གསང་སྒོ་དུ་མ་བརྒལ་བའི་ལ་ལུང་དང་རི་ཆུའི་འགྲམ་ངོགས་སུ།  ང་ཚོའི་མི་རིགས་འདི་ཉིད་ཀྱང་མི་ལོ་ཁྲི་སྟོང་དུ་མའི་ཡར་སྔོན་ནས་ཤེས་རབ་ཀྱི་བྱང་ཚད་ཐོག་ནས་བཤད་པ་ཡིན་ན།  སྟོང་ཐམ་པའི་གྲལ་གཞུག་ན་ཅི་འདྲ་ལུས་ཏེ།  བརྒྱ་ཐམ་པའི་གྲལ་འགོ་རུ་འགྲོ་མྱོང་བའི་ལོ་རྒྱུས་ཀྱི་བརྗེད་བྱང་ངོ་མ་སྟེ།  རི་བོ་ཆེན་པོ་གངས་དཀར་ཏི་སེ་ཡི་འདབས་རོལ།   མཚོ་ཆེན་པོ་མ་ཕམ་གཡུ་མཚོ་ཡི་འགྲམ་ངོགས་ཀྱི་ཐ་གྲུ་ཞིག་ན་སྟོན་མཆོག་གཤེན་རབ་མི་བོ་ཆེས་གནས་ལྔ་རིག་པའི་གཞུང་ལུགས་ཀྱི་སྲོལ་སྒོ་ཝལ་གྱིས་ཕྱེས་ཤིང་།  དཔའ་མཛངས་བློ་རིག་ལྡན་པའི་བོད་མི་ཚོའང་སྒོ་དེ་ན་ཞུག་ཅིང་སྲོལ་དེ་རུ་བཟུང་སྟེ་བྱུང་བའི་དེང་གི་དུས་འདིར་།  དཔྱད་གཞིའི་ཉིང་དོན་ལ་རིན་ཐང་བྲལ་བའི་བོད་རང་སའི་རིག་གནས་ཀྱི་རྨང་གཞིའི་ཐོག་ཏུ།  བླ་ན་མེད་པའི་ལག་ལེན་གྱི་ཆུན་པོས་སྦྲུམ་པའི་གསར་དར་རིག་པའི་བང་རིམ་རྩེག་འོང་བའི་གཏམ་གླེང་གི་ཁོར་ཡུག་བསྐྲུན་ཟིན་པ་སྟེ་བཟང་རྒུ་ཡག་བཅུའི་སྐད་སྙན་ནོ།།

ཆེས་རྒྱུན་རིང་བའི་ལོ་རྒྱུས་ཀྱི་སྐེད་མཚམས་འདིར་སླེབ་དུས།  མི་ཚོ་འཕྲུལ་གྱི་ལྷ་བྱ་དཀར་མོ་ལ་ཞུག་ནས་མཁའ་དབྱིངས་ཀྱི་མཐོང་ནས་འཕུར་ཤེས་པའི་ཤེས་རབ་སྣང་བ་རྒྱས་ཤིང་།  རྩིས་འཕྲུལ་གྱི་དྲ་བའི་གསེང་ལོགས་ཤིག་ནས་ཕྱི་རོལ་སྣང་སྲིད་ཀྱི་ནུས་པའི་བྱེད་རྩོལ་དང་བྱ་བ་ཕྲ་རགས་དག་ལ་བལྟ་བའི་རྣམ་འབྱེད་ཀྱི་ཤེས་རབ་གསལ་དུ་སོང་ཚེ། ཡང་མེས་ཚོའི་མཛད་རྗེས་ལ་བརྟེན་ནས་ང་ཚོའི་མི་རིགས་འདིའང་བཟང་རྒུ་ཡག་བཅུའི་སྐད་སྙན་ཐོབ་པ་ཙམ་ལ་བློ་བདེ་བག་ཡངས་སུ་རྒྱུན་རིང་འབྱམས་མི་རུང་སྟེ།  ཤེས་རིག་གི་མདུན་སྐྱོད་ལ་བརྩོན་ལེན་མེད་ན་ཤེས་རིག་གིས་ང་ཚོར་ཁྲེལ་དགོད་བྱེད་དེ་འགྲོ་བ་ལས་ངང་སྒུག་གིས་ང་ཚོའི་ཆེད་དུ་བྱ་བ་བྱེད་མི་སྲིད་པས་སོ།།

འོན་ཏེ་ཤེས་རིག་གིས་ནི་ཤེས་རིག་གི་གླིང་ཆེན་མཐའ་མེད་པ་དེ་ནས།  ང་ཚོ་ལ་རེ་བའི་སེམས་པ་བཅོལ་ནས་ཡོད་ལ།  ང་ཚོ་ལ་ཤེས་རིག་གི་ལམ་སྒྲོན་སྤར་ནས་ཡོད་དེ།  ཤེས་རིག་ནི་མི་རིགས་ཐ་དག་ཆ་སྙོམ་པར་གཟིགས་པའི་ཡེ་ཤེས་སྤྱན་ཅན་པ་ཡིན་པས་སོ།།  དེས་ན་དུས་རྟག་ཏུ་ང་ཚོ་ཡང་མདུན་ལམ་ཡག་པའི་མི་རུ་བརྩི་ཆོག་པའི་ངེས་ཤེས་ཀྱི་གནས་མལ་བཅའ་ཞིང་།  རིག་པ་དང་གསལ་གྱི་རྣམ་འབྱེད་ལ་བརྟེན་ནས་མདུན་སྐྱོད་ལ་ཡིད་གཟབ་དྲན་སྐུལ་དགོས་པ་ཡིན།  གནད་ལ་ཁེལ་བའི་ལག་ལེན་གྱི་བྱས་རྗེས་གསར་དུ་གཏོད་ཅིང་མ་འོངས་ལ་ཚོད་བགམ་ཐིག་པོ་ཞིག་གི་གནས་ལ་བརྩོན་ལེན་ཡོད་སོང་ན་ང་ཚོ་ཡང་མི་གཞན་དང་འདྲ་ལ་སྨྲ་ཤེས་དོན་གོ་ཞེས་པའི་དོན་ཚང་བ་ཡིན་ཞེས་ཤོད་ཆོག   གལ་སྲིད་དེ་ལས་ལྡོག་པའི་ལས་སྤྱོད་ཅན་ཞིག་ཡིན་སོང་ན།  སྨྲ་མ་ཤེས།  དོན་མ་གོ་བ་སྟེ་ཡབ་མེས་མི་ཡིན་པའི་ཡང་ཚ་དུད་འགྲོ་རུ་སོང་བ་རེད་ཅེས་སྨྲའོ།། ང་ཚོའི་འདི་ན།  ལས་དོན་བཟང་ཚད་ཤེས་ཡོན་པའི་སྡེས་སྒྲུབ།  ངན་འབྲས་ཧ་ལམ་ཤེས་ཡོན་མེད་པས་བཟོས་འདྲ་ཞིག་ཡོད་ཅེས་པའང་དོན་དངོས་ཏེ།  དཔེར་ན།  རྒྱུ་གོང་ཆེན་དབྱར་རྩྭ་དགུན་འབུ་ཞེས་གྲགས་པ་དེ་ཉིད་ལག་ཏུ་ཐོབ་པའི་ཤེས་ཡོན་ཅན་རྣམས་ཀྱིས་དཀོན་མཆོག་རྣམ་གསུམ་ལ་མཆོད་པའི་ཚོགས་ཆེན་ཕུལ་ཏེ་འགྲོ་ཀུན་བདེ་ཞིང་སྐྱིད་པའི་སྨོན་ལམ་འདེབས་ཤིང་གུ་ཡངས་ཀྱི་བློ་སྦྱོང་བ་དང་།  མི་རབས་རྗེས་མ་ལ་དམིགས་ནས་ན་གཞོན་བྱིས་པར་སློབ་གསོའི་མཐུན་རྐྱེན་སྦྱར་བ།  མདོར་ན་ཕྱི་ཡི་ཁོར་ཡུག་སྡོད་གནས་འཛུག་སྐྲུན་དང་།  ནང་གི་བསམ་བློའི་སློབ་གསོར་ཕན་པའི་རྒྱུ་རྩ་རུ་གཏོང་བ་དང་།  ཤེས་ཡོན་དང་ཕུགས་བསམ་མེད་པ་འགའ་ཞིག་གིས་ནི།  སྔོ་ལྗང་གིས་རི་ཀླུང་ཁྱབ་པའི་མཐོ་སྒང་རི་ངོགས་ཤིག་ནས།  ཉིན་དང་པོར་ལག་ཏུ་ལོན་པ་དེ་དག་མ་གའི་གྲོང་དཀྱིལ་གྱི་སྦི་རག་བྲོ་བས་འགྲམ་ཆུ་ལྡང་བྱེད་ཙམ་དང་།  ཉིན་གཉིས་པར་དཀར་དམར་གློག་འོད་ཀྱི་ལྡིང་ཁྲིའི་གར་སྟེགས་སུ་འཁྲབ་ཐེངས་གཅིག་གིས་ཚར་ཏེ།  ཉིན་གསུམ་པར་རྩ་ཆེ་བའི་རིན་ཆེན་ནོར་བུ་ངོ་མའི་རིན་དོད་ཅིག་ལག་ན་མཐོང་དུ་མེད་ཚེ་གཞི་ནས་བལྟས་ན་ཤེས་ཡོན་གྱི་རིན་ཐང་ལ་གདེང་འཇོག་ཅིག་མི་བྱེད་ཀ་མེད་རེད་དོ།།  

ང་ཚོའི་ཁྲོད་ནའང་འདི་འདི་དང་དེ་དེ་ཞེས་པའི་ཤེས་ཡོན་ཅན་གྱི་མིང་ཁྱེར་བ་དུ་མ་ཞིག་འཚང་ག་རྒྱག་གིན་ཡོད།  དེ་དག་གི་ཁྲོད་དུ་བསམ་བློ་པའི་སྡེ་དང་ལག་རྩལ་པའི་སྡེ། ལྷ་ཡི་སྡེ་དང་བླ་མའི་སྡེ་སོགས་ཡོད་ལ།  འགའ་ཞིག་ནི་ཁོག་སྟོང་གི་ཤེས་ཡོན་ཅན་ཡིན།  ཁོག་སྟོང་ཞེས་འབོད་པའི་རྒྱུ་མཚན་ཡོད་དེ། དེ་དག་གི་ཤེས་ཡོན་ལས་ལེགས་ཚོགས་ཀྱི་འབྲས་བུའི་རེ་བ་མེད་པའི་ཕྱིར་རོ།། སོ་སོ་སུ་དང་གང་ཡིན་པའི་ས་ནས་མིའི་རིགས་ལ་ཕན་པའི་བྱ་བ་སྒྲུབ་ནུས་ཚེ་ཁྱོད་ནི་དོན་གྱི་མཁས་པ་ཞེས་འབོད་རུང་ལ།  མི་མང་མང་ཚོགས་ཀྱི་ཆེད་དུ་བཞེངས་བཀོད་བྱས་པའི་ལྷ་གསོན་པོ་ཞིག་བྱེད་ཐུབ་པ་ཡིན་ན་ལྷ་དང་བླ་མར་འབོད་པའི་དོན་སྙིང་ལོས་ཀྱང་ཡོད་དེ།  གཞན་ཕན་ཕྲིན་ལས་ཀྱི་མཛད་བཟང་ཅན་ཡིན་པས་སོ།།

 

 
 
Re:ཤེས་རབ་ཀྱི་རྣམ་འབྱེད།
[ 2013/7/9 23:33:56 | By: སྐུ་མགྲོན་0HXj04(སྐུ་མགྲོན) ]
 
སྐུ་མགྲོན་0HXj04(སྐུ་མགྲོན)ལེགས་འདུག
 
 
Re:ཤེས་རབ་ཀྱི་རྣམ་འབྱེད།
[ 2013/8/14 21:30:16 | By: སྐུ་མགྲོན་027Iam(སྐུ་མགྲོན) ]
 
སྐུ་མགྲོན་027Iam(སྐུ་མགྲོན)ཡག་པོ་འདུག
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.