ཀུན་སྤྱོད་ཀྱི་དག་ཆ།
མི་ཚོས་རང་ཉིད་ལ་ཞིབ་འཇུག་བྱས་ནས་ཉིན་གྲངས་ཀྱི་རྩེག་ཕྲེང་དུ་མ་བསྟར་རྗེས་ཀྱི་གནམ་ལོ་ཞིག་ལ། “སྨྲ་ཤེས་དོན་གོ་བ”དེ་འགྲོ་བ་གཞན་ལས་ཁྱད་དུ་འཕགས་པའི་རྟགས་མཚན་ཞིག་ཏུ་ཟིན་ཐོར་བཏབ་པའི་ལོ་རྒྱུས་ནི་ཐུང་ཐུང་ཞིག་མིན་ལ། དེས་མ་ཚད་བླ་ན་མེད་པའི་ཀུན་སྤྱོད་ཀྱི་དག་ཆ་ཁྱོད་ལ་མཆིས་ཤིང་གཞན་ངོ་ན་མཛེས་ཤིང་འཐད་ལ་རང་ངོ་ན་ཡང་ཉམས་མི་དམའ་བའི་སྙིང་སྟོབས་ཀྱང་མི་བུ་རང་ཉིད་ཀྱི་ཁྱད་ཡོན་ཁོ་ནར་བཤད་མི་ཆོག་པའི་ཆ་ཞིག་ལྷག་མ་མྱོང་བ་སྟེ། རང་གིས་རང་ལ་བརྡ་སྤྲོད་པའི་ལུགས་སུ་མཐུན་པའི་དག་བཤེར་བྱེད་ཤེས་པའང་ཁྱོད་ཀྱི་ཀུན་སྤྱོད་དང་དཔྱོད་ཤེས་ཡིན་ལ། ཁྱོད་དག་བཤེར་བྱེད་པའི་བརྡ་སྤྲོད་ཀྱི་གཞུང་དེ་ནི་དཔྱོད་ཤེས་དང་གླེང་སློང་གིས་བཞག་པའི་རིང་ལུགས་དག་མ་དེའོ།།
གལ་སྲིད་ཁྱོད་ཀྱི་ཀུན་སྤྱོད་ལ་ཞུ་དག་མེད་ཅིང་། ཁྱོད་ཀྱི་བྱ་སྤྱོད་ལ་ཡིག་ནོར་མང་བའི་རྩོམ་ཉོག་ཅིག་ཏུ་ཆགས་སོང་ན་ཁྱོད་ཀྱི་ངོ་བོར་མཚོན་པའི་དཔེ་དེབ་དེ་ཉིད་ཀུན་གྱིས་ལྟད་མོའི་གསང་བ་ཉུལ་གཞི་རུ་འགྱུར་མི་སྲིད་ཏེ། དེ་ཉིད་བཀླགས་པའི་སྒྲ་གདངས་རེ་རེའི་གསོན་ཤུགས་མ་དག་པའི་སྒྲ་ཡིས་བསླད་ཟིན་པས་སོ།།
གལ་སྲིད་ཁྱོད་ཀྱི་བསམ་བློ་དང་ཀུན་སྤྱོད་དེ་ཡིག་འབྲུ་ཞིག་བཞེངས་བཀོད་བྱས་པའི་དབང་དུ་བཏང་བ་ཡིན་ན། བསམ་བློའི་ཁ་ཕྱོགས་ནི་ཤོག་དཀར་གྱི་ངོས་དང་འདྲ་ལ། འབྲི་བ་པོ་ནི་དཔྱོད་ཤེས་ཏེ། བླ་ན་མེད་པའི་ལག་ལེན་གྱི་དངོས་པོ་ཐ་དག་ཁྱོད་ལས་འཁྲུངས་དགོས་པས་སོ།། དེ་བཞིན་འོས་ཤིང་འཚམ་པའི་ཁོར་ཡུག་དང་སྣག་སྨྱུག་གི་ཆ་རྐྱེན་དེ་ཉིད་ཡང་དག་པ་ཞིག་འཛོམས་སོང་ན་འབྲི་བཀོད་བྱས་ཟིན་རྗེས་ཀྱི་ཡིག་འབྲུ་དེ་ཉིད་ཀྱང་ཡང་དག་པ་ཞིག་ཡོང་རྒྱུ་དང་། དེ་བཞིན་བར་མ་ལས་བར་མ། ཐ་མ་ལས་ཐ་མ་འབྱུང་བའང་ཆོས་ཉིད་ཅིག་གིས་གསལ་བཤད་བྱེད་ངེས་པ་ཡིན།
ཁྱོད་ཀྱི་ཀུན་སྤྱོད་ཀྱིས་ནི་ཁྱོད་རང་འགྲོ་བ་གཞན་གྱི་ངོ་ན་མཛེས་སུ་འཇུག་ལ། ཁྱོད་ཀྱི་ཀུན་སྤྱོད་ཀྱིས་ནི་མི་གཞན་ལ་རིན་བྲལ་གྱི་བྱ་སྤྱོད་ལ་ལེགས་ཆའི་སྒུལ་ཤུགས་ཀྱང་སྦྱིན་ནུས། དེ་ལས་ལྡོག་སྟེ་ཁྱོད་ཀྱི་མི་མཛེས་པའི་ཀུན་སྤྱོད་ཀྱིས་ཁྱོད་རང་ཉིད་མི་གྲལ་ནས་འཕུད་སྲིད་པས་མི་ཚད། ཁྱོད་ཀྱི་ཀུན་སྤྱོད་ངན་པ་དེས་མི་གཙང་བའི་འདམ་རྫབ་ཁྲོད་དུ་མི་གཞན་ཡང་གཡུག་སྲིད། དེ་དག་ནི་ཁྱོད་ཀྱི་ཀུན་སྤྱོད་དག་མིན་ལ་རག་ལས་པའོ།། རྒྱུན་དུ་ཁྱོད་ཀྱི་ཀུན་སྤྱོད་ཀྱི་དར་དཀར་ལེབ་མོར་ཁྱོད་རང་གིས་བྱ་ར་གཟབ་ཁོམ་མ་བྱུང་ཚེ་མི་གཞན་པའི་ཀུན་སྤྱོད་ཀྱི་ནག་ནོག་གི་དྲི་མས་འགོས་པར་ཡང་འགྱུར་སྲིད།
ཡང་ཀུན་སྤྱོད་ཉིད་མེ་ཏོག་ཅིག་ལ་ཆ་མཚོན་ཏེ་བཤད་པ་ཡིན་ན། ཡིད་འོང་རྣམ་པར་བཀྲ་བའི་ཚོན་མདངས་དང་ཕུལ་བྱུང་མ་བཅོས་པའི་བཟོ་དབྱིབས་དེ་དག་གི་ནུས་པས་མི་གཞན་གྱི་ཡིད་སེམས་དབང་མེད་འཕྲོག་པའི་སོང་ཉིན་གྱི་དུས་ནས་ཁྱོད་ལ་སྲུང་སྐྱོབས་དང་གླེང་བརྗོད་བྱེད་པར་འགྱུར་ལ། ཁྱོད་ཀྱི་རྣམ་པ་ལས་བླངས་པའི་མཛེས་ཉམས་དེ་དག་ཡིད་དུ་འོང་བའི་གནས་ཁང་ཞིག་ན་ལེགས་པར་གཟབ་པའི་འདྲ་གཟུགས་དུ་མ་སླར་ཡང་བཞེངས་འབྲི་བྱེད་སྲིད་པ་ཡིན། བཞེངས་འབྲི་བྱས་པའི་མཛེས་པ་དེ་དག་ཀྱང་དོན་སྙིང་ལྡན་པ་ཁོ་ན་སྟེ་ཡང་དག་པའི་མཛེས་ཉམས་ལས་བླངས་པའི་ཕྱིར་རོ།།
གལ་ཆེ་བ་ཞིག་ནི་ཁྱོད་ཀྱི་བླ་ན་མེད་པའི་ཀུན་སྤྱོད་དེ་དག་རྒྱུན་འཁྱོངས་དགོས་པ་སྟེ། ཁྱོད་ཀྱི་ཀུན་སྤྱོད་ཡག་བཞིན་པའི་སྒང་ལ་ཁྱོད་རང་དགའ་ཤོས་ཀྱི་མི་དེའི་ཤུགས་རྐྱེན་ལོག་པར་དངོས་ཤུགས་ཅི་རིགས་ཀྱི་སྒོ་ནས་འབྱུང་ཞིང་ཁྱོད་ཀྱི་ལས་དོན་ལ་སྐྱོན་ཞུགས་པའམ་མཐའ་མི་འཁྱོལ་བ་མང་ཞིང་། ཁྱོད་ལ་ཕམ་ཁའི་དོན་རྐྱེན་བྱུང་བར་བརྟེན་ཡིད་ཆད་ཀྱི་གླིང་ཞིག་ཏུ་སླེབས་ཏེ་ཁྱོད་ཀྱི་སྙིང་སྟོབས་ལ་གས་ཆག་འབྱུང་བའི་སྐབས་དང་། མི་བློ་ཆུང་འགའ་ཞིག་ནི་གནས་སྐབས་ལྟོ་རྒྱབ་ཀྱི་དཀའ་ངལ་བྲལ་ཏེ་ལུས་ལ་ན་ནད་ཀྱི་ཟུག་རྔུ་མི་སྐྱེ་བའི་ཉིན་མོ་ཞིག་ལ་ཀུན་སྤྱོད་དག་མིན་ལ་བསམ་བློ་ཡེ་མི་གཏོང་ཞིང་གང་ཤར་སྨྱོས་པ་ཡི་སྤྱོད་པ་སྐྱོང་མཁན་ཡང་ཁག་ཅིག་འབྱུང་ལ། བསྟོད་ར་མི་ཁྱོག་པའི་མི་ཆེན་ཚོ་ཅིག་ཀྱང་ལོག་ལམ་གྱི་མཚན་མ་དེས་བསླད་ནས་ཡོད་དེ། ཆེས་སྔ་ས་ཞིག་ནས་ཀུན་སྤྱོད་ཀྱི་མིང་གྲགས་ཁྱེར་ནས་མི་ཡུལ་གྱི་འཚོ་ཁམས་ན་རང་དཔེ་གཞན་སྟོན་ལ་སློབ་སྦྱོང་ཞུས་ནས་ཡོད་ཀྱང་། ཁ་སང་གཞན་གྱིས་བསྟོད་པའི་མེ་ཏོག་གི་མཆོད་ཕྲེང་ཚར་དུ་དངར་བས་མི་སེམས་སྟོང་པའང་ཁེངས་ཏེ་ཁེངས་དྲེག་གི་བང་རིམ་བརྩེགས་པའི་ཁྲི་ཐོག་ཅིག་ཏུ། དེ་རིང་སྔ་དྲོའི་དུས་ཙམ་ནས་ཀུན་སྤྱོད་ཀྱི་དག་ཆ་ཟེར་བ་བརྗེད་དེ་གཙང་ཞིང་དག་པའི་ཀུན་སྤྱོད་སྐྱོང་བའི་བསམ་བློའི་ཚབ་ལ་བསམ་ཡུལ་ལས་འདས་པའི་སྤྱོད་ལམ་དུ་ཞུགས་ཀྱང་སྲིད་པ་ཡིན། དེ་དག་ནི“གཟབ”ཅེས་པའི་ཡིག་འབྲུ་གཅིག་པོ་དེ་ལ་སླར་ཡང་ཉམས་ལེན་གྱི་རྒྱུན་སྐྱོང་དགོས་པའི་དུས་ཡིན་ཞེས་སྨྲ།