ཁྱུང་ཕྲུག་ཚོ་ནམ་འཕང་ཆོད་དང་།
མདུན་ཕྱོགས་ན་མིག་ཟུང་གཅེར་བཞིན་པའི་ཁྱུང་ཕྲུག་ཚོ།
ནམ་འཕང་ཆོད་དང་།
རྒྱ་ཆེ་བའི་མཁའ་དབྱིངས་དབུས་ནས།
ནམ་མཁའི་ལྷ་མོ་ཚང་གིས།
མུ་མཐའ་བྲལ་བའི་བགྲོད་ལམ་ཞིག་བཤང་བཞིན་འགི།
མདུན་ཕྱོགས་ན་མིག་ཟུང་གཅེར་བཞིན་པའི་ཁྱུང་ཕྲུག་ཚོ།
ནམ་འཕང་ཆོད་དང་།
རྒྱུ་སྐར་གྱི་འཁོར་ལམ་ཞིག་ནས།
ཟླ་བའི་ལྷ་མོ་ཚང་གིས།
སྒྲིབ་མེད་འོད་སྣང་གི་ལམ་སྒྲོན་ཞིག་སྤར་བཞིན་འགི།
མདུན་ཕྱོགས་ན་མིག་ཟུང་གཅེར་བཞིན་པའི་ཁྱུང་ཕྲུག་ཚོ།
ནམ་འཕང་ཆོད་དང་།
རི་རབ་ཀྱི་ཁ་ཁྱེར་དབུས་ནས།
རྩ་གསུམ་ལྷ་མོ་ཚང་གིས།
འདོད་འབྱུང་དཔག་བསམ་གྱི་འབྲས་བུའི་གསོལ་སྟོན་བཤམ་བཞིན་འགི།
མདུན་ཕྱོགས་ན་མིག་ཟུང་གཅེར་བཞིན་པའི་ཁྱུང་ཕྲུག་ཚོ།
བློ་གྲོས་ཀྱི་རྩལ་རེ་ངོམ་དང་།
དཀར་ནག་སེར་གསུམ་གྱི་ཕ་མཐའ་ནས།
དེང་རབས་ལྷ་མོ་ཚང་གིས།
མ་འོངས་མཛེས་སྡུག་བསྐྲུན་པའི་གསང་གྲངས་འགོད་བཞིན་འགི།
༢༠༡༢. ༤. ༢༩ ཉིན་ཆབ་མདོར་བྲིས།