མདོ་ཁམས་གླུ་གར་གླིང་མྱུལ་བའི་གཏམ།
འགྱུ་རྟོག་བློ་ཡི་ཆོ་འཕྲུལ་གཡོས་པའི་ཚེ།།
ཕྱི་རོལ་སྣང་མཚན་དུ་མའི་བར་གསེང་ནས།།
དགའ་བ་འབུམ་གྱིས་ཕྱུག་པའི་རྫོགས་ལྡན་ཞིང་།།
ཐེངས་ཤིག་མྱུལ་བའི་གཏམ་རྒྱུད་གསར་དུ་བརྙིལ།།
ངོ་མཚར་ཞེས་ཀྱང་རང་བློར་འཐད་ཙམ་ཞིག།
རང་བློར་བབ་ན་མཛེས་སྡུག་ངོ་མ་སྟེ།།
གནའ་གྲོང་ཆབ་མདོའི་མཛེས་ལྗོངས་དབུ་མ་རུ།།
གཙང་ཆབ་ཟླ་ཆུའི་འགྲམ་ངོགས་ལན་ཅིག་བཤར།།
མདོ་ཁམས་གླུ་གར་གླིང་གི་ཚོམས་ཆེན་དུ།།
བརྩེ་ལྡན་བུ་དང་བུ་མོ་ཁྱུ་སྐོར་ཞིག།
དགོད་པའི་སྒྲ་ཡིས་བརྩེ་བའི་ཡིད་སེམས་མཐུད།།
དུང་བ་འདི་ལ་དབྱིངས་ཆེན་ཞུགས་ཏེ་ཐལ།།
རྩལ་ལག་མྱུར་བའི་ཁམས་ཀྱི་ཕོ་གཞོན་ཚོས།།
ལྡིང་ཆའི་ཐོག་ནས་སྟངས་སྟབས་ཅི་དགར་ངོམ།།
ཕྱོགས་དང་ཕྱོགས་ནས་འདུས་པའི་ལྟད་མོ་བར།།
མི་རིགས་ཤིག་གི་གསོན་ཉམས་མངོན་དུ་བཅུག།
ལྕུགས་ལྡེམ་ལུས་ལ་དཀར་དམར་བཞིན་མདངས་རྒྱས།།
གཤིས་བཟང་ཁམས་མོའི་བྲོ་གར་སྒྱུ་རྩལ་ལས།།
ལྡིང་ཆའི་ཕྱོགས་ལ་གཅེར་བའི་ན་གཞོན་ཚོའི།།
ཡིད་སེམས་མཚོ་མོ་ཡོངས་སུ་འཁྱོམ་པར་བྱས།།
དཀར་དམར་གློག་སྒྲོན་འགྱུ་བའི་གར་སྟེགས་ནས།།
མཛེས་མས་སྐད་ངག་སྒྱུ་རྩལ་ངོམ་པའི་ཚེ།།
རྩ་གསུམ་ལྷ་ཡུལ་གཞའ་འོད་འཁྱུད་གླིང་དུ།།
ཚངས་པའི་སྲས་མོ་དངོས་བྱུང་སྣང་བ་རྙེད།།
ནག་ཆུ་ཆབ་མདོ་སྨར་ཁམས་རྒྱ་རོང་སོགས།།
རང་གཤིས་དངོས་འབྲེལ་སྐོར་བྲོའི་དོ་ར་ན།།
རྒན་པ་རྣམས་ནི་རྒུར་ཞིང་རྒུར་ཞིང་རྒྱུ།།
གཞོན་པ་རྣམས་ནི་ལྡེམ་ཞིང་ལྡེམ་ཞིང་འཁྲབ།།
བརྩེ་བ་ཞིག་གིས་ཕར་ལ་ཆགས་གྱུར་ཅིང་།།
དུང་བ་ཞིག་གིས་ཚུར་ལ་འཁྱུད་པ་ཡི།།
འགའ་ཞིག་ཕན་ཚུན་སྦུ་ཆང་བཏེག་གིན་དུ།།
སྐྱ་རེངས་འོད་གསལ་ཚུར་ནས་ཚུར་ལ་བསུ།།
གཞན་ཡང་མཐུན་གཉིས་བྲལ་བའི་སྐྱོ་བསང་དང་།།
དགའ་གཉིས་ལྷན་དུ་འཛོམ་པའི་རྟེན་འབྲེལ་བ།།
དགའ་སྐྱོའི་ཚོར་འདུ་མེད་པའི་ཧོལ་རྒྱུག་མཁན།།
གང་ཡང་འདི་ནས་དགའ་བའི་འཛུམ་མདངས་དམུལ།།
རིག་གནས་ཤིག་གི་ལྟ་བ་གྲུབ་ཚུལ་དང་།།
འཚོ་གནས་ཤིག་གི་སྙིང་པོ་ལེན་ཚུལ་ལ།།
བསམ་གཞིག་ཀློང་ནས་གསང་བ་འཚོལ་འདོད་མཁན།།
ཤེས་ལྡན་འགའ་རེས་སྙུག་ཁ་ཐད་ལ་སྐོར།།
ཚུལ་འདི་བུ་རམ་སྒོར་མོ་ལྟ་བུ་སྟེ།།
ཚོད་ཟིན་ཕན་གྲུབ་གསོ་རིག་གཞུང་ནས་བཤད།།
ཐལ་ན་སྲིན་འབུ་ལྡང་བའི་ཟུག་རྔུས་ནི།།
བཟོད་གླགས་བྲལ་བའི་སྡུག་བསྔལ་གླིང་དུ་སྐྱེལ།།
འཇིག་རྟེན་ཆོས་དང་ཉོན་མོང་གང་ལ་ཡང་།།
སྤྱོད་ཤེས་བདེ་བའི་ལམ་གྱི་སྣེ་རེ་ཟིན།།
མ་ཤེས་ཐུར་ནས་ཐུར་དུ་རྒྱུ་བ་སྟེ།།
སྡུག་བསྔལ་ཕུང་གསོག་བགྲང་དུ་ནམ་ཞིག་ཚར།།
གནམ་སྟེང་ལྷ་སྲས་བརྒྱ་ཡི་སྤྲོ་བ་དང་།།
ས་འོག་ཀླུ་མོ་འབུམ་གྱི་བདེ་སྐྱིད་སོགས།།
ལྐོག་གྱུར་ལྷ་ཀླུའི་འཚོ་ཁམས་འགྲེལ་བ་ལས།།
མངོན་གྱུར་མི་ཡི་འཚོ་ཁམས་བལྟས་ན་མཛེས།།
དྲི་བྲལ་རང་སེམས་མེ་ལོང་གཙང་མའི་ངོར།།
ཐད་ཀར་ཤར་བའི་ཕྱི་རོལ་གཟུང་བཏགས་ཀུན།།
འཇིག་རྟེན་འདི་ལ་གྱེས་ཕྱག་མ་ཕུལ་སྔོན།།
ཕན་ཚུན་རྟེན་འབྱུང་སྣང་བས་སྦྲུམ་སྟེ་མཆིས།།
༢༠༡༢.༤.༡༨ཉིན་ཆབ་མདོར་བྲིས།།