ཡ་གའི་འབྲོག་པ་དེ་ཚོར་གཟིགས་དང་།
གང་ཞིག་མཁས་དང་མི་མཁས་དང་།།
ཕྱུག་དང་དབུལ་བ་གང་ཡང་རུང་།།
རང་གིས་རང་ལ་མི་དམའ་ཞིང་།།
རང་གིས་རང་ཉིད་བརླག་འདོད་མིན།།
མི་རྣམས་རང་གི་སེམས་ཁམས་དང་།།
ཕྱི་རོལ་ཁོར་ཡུག་རྐྱེན་དབང་ལས།།
འཚོ་བ་དངོས་ཀྱི་གཏན་གཞི་རུ།།
འཚོ་སྟངས་རྣམ་པ་གྲངས་ལས་འདས།།
གངས་རིའི་ལྗོངས་ཞེས་གྲགས་པ་ཡི།།
མཚོ་བོད་མཐོ་སྒང་ན་འཚོ་བའི།།
མི་བུ་དག་གི་འཚོ་གཞི་དངོས།།
ཞིང་འབྲོག་གཉིས་ཞེས་གཙོ་ཆེར་གནས།།
དེ་ཡང་མི་ལོ་སྟོང་གི་སྔོན།།
རྒྱ་ཆེའི་མཐའ་ཡས་རྩྭ་ཐང་སྟེང་།།
སྦྲ་ནག་འབྲོག་པའི་ཁྱིམ་གཞིས་སུ།།
འབྲོག་མི་རྣམས་ནི་དལ་བུར་རྒྱུ།།
རང་གིས་འཚོས་པའི་ཕྱུག་ཟོག་ལས།།
རང་གི་རྩོལ་བས་བླངས་པ་ཡི།།
འཚོ་བཅུད་ཀུན་གྱི་མཆོག་གྱུར་པའི།།
འོ་ཞོ་འཐུང་ཞིང་ཤ་མར་བཟའ།།
གཡང་དཀར་ལུག་གི་པགས་པ་ཡིས།།
བྱང་རླུང་ཁོག་ཅིང་ལུས་དྲོད་སྲུང་།།
གཡག་རྒོད་དར་མའི་ཀོ་བས་ནི།།
འཚོ་བའི་མཁོ་ཆས་མ་ལུས་བསྐྲུན།།
བལ་འཇམ་དང་ནི་ཁུ་ལུ་ཡིས།།
འཕྲུག་ཐེར་མཛེས་པའི་ལྭ་བ་དྲུབ།།
ནོར་ནག་རྩིད་པའི་རྒྱུ་ཆ་ཡིས།།
སྦྲ་གུར་ཆེན་མོའི་བརྗིད་ཉམས་གཟབས།།
དེའི་ཚེ་དེ་ཡི་དུས་ཙམ་ན།།
རྩྭ་ཐང་སྟེང་གི་གངས་ཅན་པ།།
སྟག་ཤར་བུ་ལ་ཕོ་ཉམས་རྒྱས།།
སྨན་ཆུང་བུ་མོའི་བཞིན་མདངས་མཚར།།
ད་སྟེ་བསྐལ་པའི་ཁུག་སོ་ན།།
ཨ་ཁུ་འབྲོག་པས་སྒོ་ཟོག་རྣམས།།
འཚོ་འཚོ་སྐྱོང་སྐྱོང་བྱས་པའི་རྗེས།།
སྡིག་ཅན་བཤན་པའི་ལག་ཏུ་གཏད།།
བཤས་དཔོན་ངོ་མའི་ཤ་ཁྲོམ་དུ།།
རང་ཉིད་ཤ་ཚོང་བ་རུ་གླས།།
བཤས་རར་བཏང་བའི་སྒོ་ནོར་ཤ།།
སྡབ་འཕར་རིན་གྱིས་ཚུར་ལ་ཉོ།།
ས་སྟེང་ཟས་ཀྱི་ཕུད་གྱུར་པའི།།
འབྲི་མར་སེར་པོ་ཁྲོམ་ལ་བསྐྱལ།།
ཅིན་ལིན་མར་ཚབ་ཟོས་ཟོས་པས།།
ལྟོ་བ་ཟུགས་རྔུའི་བཟོད་ཙམ་རེད།།
རྩམ་དཀར་ཟས་ལ་སྣ་གཉེར་སྟེ།།
སྟབས་བདེའི་ཐུག་པ་བཟས་དྲག་པས།།
སྟོབས་ལྡན་འབྲོག་པའི་བུ་རྒྱུད་འགའ།།
ངོ་གདོང་ཐལ་བ་འབབ་ལ་ཁད།།
པགས་སླག་ཚབ་ཏུ་འགྱིགས་ཚར་གྱོན།།
ས་མཐོའི་རང་བཞིན་མ་འཚམས་པས།།
རླུང་བུ་རུམ་ལ་ཤུ་རུ་རུ།།
རྐང་ལག་ཚིགས་སྒྲ་ཁྲོབས་སེ་ཁྲོབ།།
ཕུ་ཐུང་གོང་བ་མ་ཚང་བའི།།
གླུ་གར་ཁང་གི་རྩེད་གོས་ཀྱིས།།
ཁྲོམ་ཚོགས་དཀྱིལ་གྱི་གཟབ་ཆས་བྱེད།།
འདི་འདྲ་དྲན་ཙམ་ཁོང་དགོད་ཤོར།།
དེ་ལྟར་སྨྲས་པའི་བརྗོད་དོན་ནི།།
གཞན་ངོ་ཞིག་ལ་བཤད་པ་མིན།།
རང་ཉིད་འབྲོག་པའི་མྱོང་བ་འགའ།།
བསམ་གཞིག་ནན་མོའི་གླེང་སློང་ཡིན།།
༢༠༡༢.༤.༨ཉིན་ཆབ་མདོར་བྲིས།།