གྲྭ་རྐྱང་ཁྱུ་ཞིག་ལ་སྤྲིང་བ།
ཧི་མ་ལ་ཡའི་བོན་དྲ་ཚིགས་ཀྱི་དོ་དམ་པས་གཙོས་པའི་
རང་རིགས་ལ་ནུས་པ་གང་ཡོད་འདོན་མཁན་གྱི་གྲྭ་རྐྱང་དག་ལ་ཆེད་དུ་བྲིས།
སྔོན་ལས་ཁས་བཙན་ཞིག་གི་བྱིན་མཐུ་དེ་མ་བསྒུག།
འཕྲལ་རྐྱེན་སྐྱུར་མོ་ཞིག་གི་བྲོ་བ་ལ་མ་ཞེན། །
བསམ་འདུན་ཐུགས་བསམ་རིག་པའི་གླེང་སྟེགས་ན་ཕུལ་བའི། །
གྲྭ་རྐྱང་འདི་ཚོའི་གཟི་བརྗིད་གླེང་འོས་ཤིག་ལོས་ཡིན། །
རང་ལྟོ་ཙམ་གྱི་ཆེད་དུ་ལོ་ཟླ་དེ་མ་བརླགས། །
གཞན་ངོ་ཙམ་གྱི་ཆེད་དུ་རང་ལུས་དེ་མ་བཀོལ། །
ཡོད་ཚད་བྱང་ཆུབ་སྒྲུབ་ལ་ལེགས་སྐྱེས་སུ་ཕུལ་བའི།
གྲྭ་རྐྱང་འདི་ཚོའི་གཟི་བརྗིད་གླེང་འོས་ཤིག་ལོས་ཡིན། །
ཡོན་བདག་ཕོ་མོའི་ཁྱིམ་དུ་གནས་མལ་ནི་མ་བཅས། །
འདྲེ་འདུལ་གྲོང་ཆོག་བསྒྲུབས་ནས་སྐུ་ཚེ་ནི་མ་བསྐྱལ། །
དུས་གསུམ་བཤད་སྒྲུབ་རིག་པའི་སློབ་གླིང་ན་མཛེས་པའི། །
གྲྭ་རྐྱང་འདི་ཚོའི་གཟི་བརྗིད་གླེང་འོས་ཤིག་ལོས་ཡིན། །
ཆགས་སྡང་གཏམ་གྱི་བག་ཆགས་སྤྱི་ཚོགས་སུ་མ་བཞག །
གཡོ་སྒྱུའི་འཕྲུལ་གྱིས་རང་གཞན་འགྲན་རྩོད་དེ་མ་བཙལ། །
རྣམ་ཀུན་བྱང་ཆུབ་སེམས་པའི་སྤྱོད་ཚུལ་ལ་རེམ་པའི། །
གྲྭ་རྐྱང་འདི་ཚོའི་གཟི་བརྗིད་གླེང་འོས་ཤིག་ལོས་ཡིན། །
ཐམས་ཅད་མཁྱེན་པ་སྤྲུལ་པའི་རང་གཟུགས་སུ་མ་རློམ། །
ལྷ་འདྲེ་མི་གསུམ་བར་ལ་རྫུན་འཕྲིན་དེ་མ་བསྲིང་། །
ཚད་གསུམ་བདེན་པའི་ལམ་ལ་ཐད་ཀ་རུ་བགྲོད་པའི། །
གྲྭ་རྐྱང་འདི་ཚོའི་གཟི་བརྗིད་གླེང་འོས་ཤིག་ལོས་ཡིན། །
མི་ཤེས་ཤེས་པར་སྨྲ་བའི་རྫུན་ཕུང་དེ་མ་བསགས། །
ཤེས་མེད་བླུན་པོ་ཁྱུ་ཡི་གྲལ་ཟུར་ན་མ་བཞུགས། །
བླང་དོར་རིག་པའི་དམིགས་བུ་གསལ་རྗེན་དུ་མངོན་པའི། །
གྲྭ་རྐྱང་འདི་ཚོའི་གཟི་བརྗིད་གླེང་འོས་ཤིག་ལོས་ཡིན ། །
གཞོན་དུས་ཁྱིམ་འཛིན་ཞིག་གི་ལག་གཡོག་ཏུ་མ་བརྒྱུག །
རྒས་དུས་ཚ་བོ་ཞིག་གི་རྫི་བོ་རུ་མ་ཆགས། །
ཚེ་གཅིག་ངུར་སྨྲིག་འཛིན་པའི་ཚོགས་དབུས་ན་འགྱིང་བའི། །
གྲྭ་རྐྱང་འདི་ཚོའི་གཟི་བརྗིད་གླེང་འོས་ཤིག་ལོས་ཡིན། །
སྔ་རབས་རྒྱལ་བ་སྟོན་པའི་རིང་ལུགས་ལ་ཞུགས་ནས། །
ཕྱི་རབས་འགྲོ་བའི་དོན་དུ་བསྟན་སོན་དེ་འཛུག་གིན ། །
ཡ་གི་བདེ་ཆེན་ཞིང་གི་གྲོང་དབུས་ན་སིམ་ཉེའི། །
གྲྭ་རྐྱང་འདི་ཚོའི་གཟི་བརྗིད་གླེང་སློང་ཙམ་བྱས་ཟིན། །
རྣམ་དག་སྟོན་པའི་ཞལ་གསུང་ལེགས་བཤད་ཀྱི་སྙིང་པོར། །
རྣམ་དག་བསྟན་པ་ཞིག་གི་ཕ་གཞིས་སུ་ཆགས་པའི། །
རྣམ་དག་རྗེས་འཛིན་ཁྱུ་ཡི་མཛད་པ་ལ་བསམ་ཏེ། །
འདུ་འཛིའི་གྲོང་དབུས་ཤིག་ནས་ཤར་མ་རུ་བྲིས་སོ། །
༢༠༡༢ལོའི་ཟླ་༤་པའི་ཚེས་༧ཉིན། ཆབ་མདོར་བྲིས།།