བསམ་བཞག་གི་སྤྲོས་པས་མཚམས་སྦྱར་བ།
འདས་ཟིན་ལོ་ཟླར་ཕྱིར་དྲན་ཐེངས་ཤིག་བྱས་པས།།
ད་ལྟའི་དངོས་མཚན་འདི་ལ་ཡིད་ཆེས་རྙེད་དེ།།
མ་འོངས་མཛེས་སྡུག་བསུ་བའི་མགྲོན་འབོད་བྱེད་པ།།
ཐུན་མོང་མི་བུའི་ཁྱད་ཆོས་སྤྱི་རུ་རྒྱུག་གོ།
ཁར་རྩང་ཡོང་བའི་ཤུལ་ན་ཕྱིར་འདང་རེ་རྒྱག་པ་དང་།དེ་རིང་གི་གནས་བབ་ལ་བསམ་གཞིག་གིས་འཚོ་ཞིང་།
མ་འོངས་པའི་དུས་ཀྱི་གསང་བ་ལ་ཚོད་བགམ་ནན་མོ་རེ་བྱེད་བཞིན་མདུན་ཕྱོགས་ཀྱི་ལམ་ན་
ཞུགས་པ་ནི་འཚོ་ཁམས་ཤིག་ལ་ཆགས་པའི་མི་བུ་ཡོངས་ཀྱི་སྤྱི་འགྲོས་རེད།
ཡ་ཐོག་ཞང་ཞུང་མི་བུའི་རིག་རྩལ་རང་གཟུགས།།
ལྷུན་བརྩེགས་གངས་དཀར་ཏི་སེའི་མགུལ་ན་བྲིས་པས།།
ལྷད་མེད་གཙང་ཆབ་མ་ཕམ་གཡུ་མཚོའི་འགྲམ་ནས།།
རིག་པའི་གླིང་བུ་སྤུར་བའི་སྒྱུ་རྩལ་རྙེད་ཟིག།
ཆེས་སྔ་བའི་དུས་ཤིག་ན། འཛམ་གླིང་གོ་ལ་ཟླུམ་པོའི་དབུ་རྩེ་ཞང་ཞུང་བོན་གྱི་བླ་རི་ངོ་མ་རི་ཡི་རྒྱལ་པོ་
གངས་དཀར་ཏི་སེ་ཡི་འདབས་རོལ། གྲགས་སྙན་དབྱར་གྱི་རྔ་གསང་ཕྱོགས་ཕྱོགས་ནས་ལྡིར་ཞིང་དྭངས་གསལ་
ཡན་ལགས་བརྒྱད་དང་ལྡན་པའི་མ་ཕམ་གཡུ་ཡི་མཚོ་མོའི་འགྲམ་ངོགས།
གླིང་ཆེན་འདིར་ཤེས་རིག་གི་འགོ་མོ་ཐོག་མར་ཁ་འབུས་པའི་ཕ་ཡུལ་གཅིག་པུ། སྲིད་གསུམ་དབང་ལ་སྒྱུར་བའི་
རྒྱལ་རབས་བྱ་རུ་ཅན་གྱི་རྒྱལ་པོ་བཅོ་བརྒྱད་སོགས་རིམ་པར་བྱོན་པའི་ཆབ་ཁོངས།
གནས་འདི་ན་རྣམ་འདྲེན་རྒྱལ་བ་སྟོན་པ་དམུ་རྒྱལ་སྲས་བཅས་སྐུ་དངོས་སུ་ཕེབས་ཏེ་རྒྱུ་འབྲས་བདེན་པའི་
བོན་འཁོར་བསྐོར་ཞིང་མི་རྣམས་ལ་རིག་པའི་གནས་ཀྱི་ལམ་བུ་བསྟན་པའི་དུས་དེ་ཙམ་ན།
ང་ཚོའི་མི་རིགས་འདི་ཉིད་ཀྱང་སྟོན་མཆོག་གང་དེའི་ཐུགས་རྗེའི་སྐྱབས་འོག་ན་ཚུད་པའི་ལྷ་སྡེ་རུ་གྱུར་ཟིན།།
ཚད་གསུམ་སྲོང་ལ་གཞལ་བའི་དེབ་རྙིང་སྔོན་པོར།།
བཅོས་མིན་དྭངས་གསལ་རིག་པ་ཐད་ཀར་སྦྲེལ་ཚེ།།
གོ་ལའི་གཙུག་ནོར་ཕ་བཟང་བུ་ཚོའི་གམ་དུ།།
རང་སྣང་སྤྲོ་བས་བཀྱགས་པའི་གཏམ་རྒྱུད་བཤད་བཞག།
མ་ཚད་འདྲེན་མཆོག་གང་དེས་བཞགས་པའི་ཤེས་རིག་གི་ནོར་བུ་རིན་པོ་ཆེ་ལ་བདག་གཉེར་བྱེད་པའི་
བགོ་སྐལ་བཟང་པོ་ངེད་ཚོ་ལ་བབས་ཏེ་དེ་དག་ལོངས་སུ་སྤྱོད་པའི་གོ་སྐབས་རྙེད་ཡོད་ཅིང་དེ་ནས་
མི་རབས་རིམ་བྱུང་གི་དུས་ཡུན་རིང་པོར་ཁ་བ་རི་པའི་མི་བུ་བློ་རིག་ཅན་རྣམས་ཀྱིས་མཛད་རྗེས་
བླ་ན་མེད་པ་བཞགས་ཡོད་པའི་ཚུལ་ནི་ད་ཡོད་བོད་པའི་ལོ་རྒྱུས་རྣལ་མ་དག་དང་དངོས་སྟོབས་ཀྱི་
རིགས་པ་བཅས་ལ་ལེགས་པར་འཇུག་ཚེ་བདེན་དོན་ཀྱི་སྙིང་པོ་གབ་གསང་མེད་པར་ཚུལ་ལ་ར་སྤྲོད་
བྱེད་ངེས་ཡིན་ལ། དེང་གི་དུས་ན་ཡང་བསྟན་འཛིན་སྐྱེས་མཆོག་དུ་མས་གོང་མའི་མཛད་ཕྲིན་
གསེར་གྱི་ཉི་མའི་ཟེར་ཐག་ལ་འཇུས་ནས་ཤེས་རིག་ལ་བཀའ་དྲིན་སྐྱོང་བཞིན་ཡོད་པའི་ཁྲོད་ནས་
དམིགས་ཀྱིས་བསལ་ཏེ་ཧི་བོན་དྲ་བའི་ལས་འཛིན་གཙོ་སྐྱོང་པ་རྣམས་སྐུ་ཚེ་རྒྱལ་མཚན་བརྟན་ཞིང་
དགོངས་དོན་ཡིད་བཞིན་དུ་འགྲུབ་པའི་སྨོན་འདུན་ཞུ་རྒྱུ་དང་ཆབས་ཅིག་
ཕྲན་རང་ཧི་བོན་ཟིན་བྲིས་འབྲི་བ་ལ་གོམ་པ་དང་པོ་འདི་ནས་སྤོ་ཨ།།