བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་ཟིན་ཐོའི་སྨད་ཆ།
དཔྱད་དེབ་དཔེའུ་ཙེ་དཀར་པོ་ལས་དྲངས།
དེ་སྔོན་བདག་གིས་བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་ཟིན་ཐོའི་སྟོད་ཆ་ཞེས་པ་ཞིག་བྲིས་ནས་ཀློག་པ་པོའི་མཐོང་ཡུལ་བཤམ་སྟོན་བྱས་པ་ཡིན་ཞིང་། འདིར་ཟིན་ཐོ་དེའི་སྨད་ཆ་ཅུང་ཙམ་འབྲི་འདོད་པ་ཡིན། དེ་ཡང་ཡ་ཐོག་གི་བོད་ཀྱི་ལོ་རྒྱུས་དག་ལ་ཕྱི་མིག་གིས་བལྟས་ཚེ་བོད་ཀྱི་ལོ་རྒྱས་སྟེང་དུ་བོན་གྱི་གནས་སྟངས་གང་འདྲ་ཞིག་ཡིན་མིན་ང་ཚོས་དོགས་པ་འདྲ་མིན་ཞིག་སྐྱེ་སྲིད་མོད། སྤྱིར་བདག་ཚུད་པའི་བོད་དང་བོན་པོའི་ལོ་རྒྱུས་སྨྲ་མཁན་ཚོས་བོན་ལ་ཆེ་ས་ནས་རིགས་གཉིས་སུ་བཀར་ཏེ་གདོད་མའི་བོན་དང་། གཡུང་དྲུང་གི་བོན་ཞེས་དབྱེ་བའི་སྲོལ་ཡོད་པ་བཞིན་བོད་ཀྱི་ལོ་རྒྱུས་སྟེང་གི་བོན་ལ་ཡང་གཡུང་དྲུང་གི་བོན་དང་། གདོད་མའི་བོན་ཞེས་རིགས་གཉིས་སུ་དབྱེ་ཆོག་པ་རེད། སྐབས་འདིར་བོད་པའི་ལོ་རྒྱུས་ཀྱི་ངོས་ནས་ལུགས་གཉིས་ཀྱི་གནས་སྟངས་གང་འདྲ་ཞིག་ཡིན་ཚུལ་གྱི་སྐོར་ནས་རེ་ཞིག་ཞུ་བ་ཡིན། ཡ་ཐོག་བོད་ཀྱི་བཙན་པོ་ཐོག་མ་གཉའ་ཁྲི་བཙན་པོའི་སྔོན་དུ་གདོད་མའི་བོན་ལུགས་ཤུགས་ཆེར་དར་བའི་ཚོད་དུ་འདུག་ཅིང་། ད་དུང་དུས་སྐབས་དེ་དག་གི་རིང་དུ་བདུད་བོན་དང་། བཙན་བོན་སོགས་ལས་བདུད་ཀྱི་བོན་པོ་ཁྱབ་པ་ལག་རིང་གིས་བོད་ལ་དབང་བསྒྱུར་བྱས་པའི་སྐོར་ཡོད་ཀྱང་། ཕྱིས་བྱུང་གི་ལོ་རྒྱུས་སྨྲ་བ་ཚོས་བདུད་ཁྱབ་པས་བོད་ལ་དབང་བསྒྱུར་གཏིང་ཟབ་མོར་བྱས་ཀྱང་བོད་ཀྱི་རྒྱལ་པོ་བྱས་མེད་ཅེས་ངོས་འཛིན་གནང་གི་འདུག གང་ལྟར་གཉའ་ཁྲི་བོད་ཀྱི་བཙན་པོ་མ་བྱོན་པའི་ཡར་སྔོན་ནས་གདོད་མའི་བོན་ལུགས་ཁྱབ་ཆེ་བར་དར་བ་ཡིན་ཞིང་། གཉའ་ཁྲི་བཙན་པོ་བོད་རྒྱལ་དང་པོའི་ཁྲི་ལ་བྱོན་པའི་དུས་སྐབས་ཏེ་བོན་ཤེས་པ་ཅན་བཅུ་གཉིས་ཀྱི་སྐབས་སུ་ཡ་ཐོག་གི་བོན་ལུགས་གཉིས་ལས་གཡུང་དྲུང་གི་བོན་ལུགས་ཅུང་ཙམ་དར་ཁྱབ་ཆེ་རུ་ཕྱིན་ནས་ལུགས་གཞན་པ་དེ་ཉིད་ལ་རྒོལ་བར་བྱས་ཡོད་པ་རེད། གང་ཞེ་ན་གཉའ་ཁྲི་བོད་ཀྱི་བཙན་པོའི་ཁྲི་ལ་བྱོན་པ་ནས་སུམ་པའི་བོན་པོ་ཨ་ཡོང་རྒྱལ་བ་བཏུལ་ཞེས་བུ་སྟོན་ཆོས་འབྱུང་སོགས་བོད་ཀྱི་ལོ་རྒྱུས་ཡིག་ཚགས་དུ་མའི་ནང་དུ་འཁོད་ཡོད་ཅིང་། གསར་བྱུང་གི་ཞིབ་འཇུག་པ་རེ་འགས་བོད་ཀྱི་ལོ་རྒྱུས་སྟེང་གི་གཉའ་ཁྲིའི་མཛད་རྗེས་བགྲང་སྐབས་སྐུ་མཁར་ཡུམ་བུ་བླ་སྒང་བརྩིགས་པ་དེ་དང་། སུམ་པའི་བོན་པོ་ཨ་ཡོང་རྒྱལ་བ་བཏུལ་བ་གཉིས་ཁོང་གི་མཛད་རྗེས་ཆེན་མོའི་གྲས་སུ་བགྲང་སྲོལ་ཡོད་འདུག ཡུམ་བུ་བླ་སྒང་གི་དཀར་ཆག་འབྲིང་པོ་ལས་སྐུ་མཁར་ཡུམ་བུ་བླ་སྒང་འདི་ཉིད་བརྩིགས་ཤིང་། མཚོ་མི་གཤེན་གྱི་དམུ་རྒྱལ་གྱིས་བོན་བསྒྱུར། ཞེས་པའི་ཚིག་ཟུར་གྱི་བསྒྱུར་ཚིག་དེ་གཉའ་ཁྲིའི་སྐབས་སུ་བོད་ཡུལ་འདིར་བོན་ལུགས་མི་འདྲ་གཉིས་བྱུང་ཡོད་པ་གསལ་བར་བསྟན་ཞིང་། སྔོན་མའི་དཔྱད་གཞིའི་དཔེ་རྙིང་ཁྲོད་དུ་སྐབས་དེར་སུམ་པའི་བོན་པོ་བརྟུལ་ནས་དམུ་རྒྱལ་གྱི་བོན་བསྒྱུར་ཞེས་འཁོད་པ་དེས་གཙོ་བོ་ལུགས་གཉིས་བར་ན་འགལ་ཟླ་ཏོག་ཙམ་བྱུང་བའི་རྐྱེན་གྱིས་འཚེ་བ་ཆོས་སུ་སྨྲ་བའི་བོན་ལུགས་ཆེས་ཆེར་དགག་སྟེ་དམུ་རྒྱལ་གྱི་བོན་ལུགས་དང་ལེན་བྱས་ཡོད་པར་མཚོན་ཐུབ་ཅིང་། དམུ་རྒྱལ་གྱི་བོན་ཞེས་པ་ནི་སྟོན་པ་གཤེན་རབ་མི་བོ་འམ། ཡོངས་གྲགས་སུ་གཤེན་རབ་ཁྲི་གཙུག་རྒྱལ་བ་དེ་ཉིད་ཀྱི་བོན་ལ་གོ་དགོས་པ་ནི་སྨོས་མི་དགོས་པར་གྱུར་ཡོད་པར་སྙམ། ཡིན་ཡང་ད་ལྟའི་ཆར་བོད་བཙན་པོའི་སྐབས་ཀྱི་དམར་མཆོད་འབུལ་སྲོལ་རེ་ལོ་རྒྱུས་དག་ལས་བྱུང་བ་འགའ་ནང་འདྲེན་བྱས་ནས་གཡུང་དྲུང་བོན་པོ་ནང་པ་མ་ཡིན་པར་ཁས་འཆད་བཞིན་པ་རེད། བོད་བཙན་པོའི་སྐབས་སུ་དམར་མཆོད་འབུལ་མཁན་ཡོད་པ་དང་། མི་གསོན་པོ་གླུད་དུ་གཏོང་བའི་ལུགས་སྲོལ་ཞིག་ཡོད་པ་ནི་དོན་དངོས་རེད། སྤྱིར་སྤུ་རྒྱལ་བཙན་པོའི་དུས་སྐབས་སུ་གནའ་བོའི་གདོད་མའི་བོན་གྱིས་སྐབས་དེའི་བོད་པའི་བསམ་བློ་དང་། གཡུང་དྲུང་བོན་གྱི་བར་ན་ཤན་ཞུགས་ཅུང་ཙམ་ཐེབས་ཡོད་པ་ནི་སྤུ་རྒྱལ་གྲི་གུམ་བཙན་པོའི་སྤུར་ཆུ་འོག་ཏུ་ལུས་པ་དེ་འཚོལ་བའི་ཐབས་ལ་ཨ་ཉོག་བྱིས་པ་གསོན་པོ་ཆུང་ཆུང་ཞིག་གླུད་དུ་བཏང་ཡོད་ཟེར་ནས་རུ་ལ་སྐྱེས་ཀྱིས་ཆུ་ནང་དུ་འཕང་བ་སོགས་ཀྱིས་མཚོན་ཐུབ་པར་འདུག དེ་མིན་ཤ་བ་རུ་རྒྱས་སོགས་ཀྱི་སྐོར་མང་ཙམ་ཞིག་རང་གཞན་གྱི་ཡིག་ཚགས་དག་ལས་བསྟན་ཡོད་ཀྱང་། རེ་ཞིག་དཔྱད་གཏམ་གཞན་གྱི་ནང་དུ་བརྗོད་ཟིན་པས་འདིར་དེ་ཙམ་ཡིན། འདིར་བརྗོད་དགོས་པ་ནི་ལམ་ལུགས་དེ་ཙམ་གྱིས་གཡུང་དྲུང་བོན་དང་། དམ་ཆོས་ཀྱི་ངོ་བོ་མཚོན་ནུས་མིན་གྱི་སྐོར་ནས་གླེང་བར་བྱ། སྤྱིར་དེ་དུས་ཀྱི་མི་གསོན་པོ་གླུད་དུ་གཏོང་བའི་སྲོལ་རྒྱུན་རིག་གཞུང་གི་བྱ་བ་བསྒྲུབ་མཁན་དེ་གཡུང་དྲུང་བོན་པོ་ཞིག་ཡིན་ནམ། ཡང་ན་དེ་ལས་གཞན་པ་ཞིག་ཡིན་མིན་གྱི་སྐོར་ནས་བཤད་ན་ཅུང་ཙམ་ངོས་འཛིན་བྱེད་དཀའ་མོ་ཞིག་ཡིན་པར་སྣང་། རེད་དེ་གལ་སྲིད་མི་སྣ་དེ་གཡུང་དྲུང་བོན་ལུགས་འཛིན་པ་ཞིག་ཡིན་པའི་དབང་དུ་བྱས་ན་ཁོ་ཙམ་གྱིས་བྱ་བ་དེ་ལྟར་བསྒྲུབ་པ་ཙམ་གྱིས་གཡུང་དྲུང་བོན་པོའི་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་སྟངས་དེ་འདྲ་ཞིག་ཡིན་པར་མཚོན་མི་ནུས་པ་ནི་སངས་རྒྱས་ཆོས་ལུགས་འཛིན་པའི་ཆོས་པ་བོད་རྒྱལ་ཁྲི་རལ་པ་ཅན་གྱིས་མནའ་སྐྱེལ་ནས་ལུག་ཁྱི་སྤེལ་གསུམ་དམར་མཆོད་ཕུལ་བ་དང་། བན་དེ་ཞིག་གིས་སྲོག་ཆག་གི་རྐང་ལག་བཅད་ཅིང་མདུན་དུ་སྤུངས་ནས། ཉི་ཟླ་གཟའ་སྐར་དཔང་དུ་བཙུགས་ཏེ་ཆོ་ག་བསྒྲུབ་པ་དེ་དག་གིས་བན་ལུགས་སམ། དམ་ཆོས་པའི་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་སྟངས་དེ་འདྲ་ཡིན་པར་མཚོན་མི་ནུས་པ་ལྟར་རེད། གཡུང་དྲུང་བོན་ལུགས་ཀྱི་ངོས་ནས་བཤད་ན། དུས་རབས་རིམ་བྱུང་གི་ལོ་རྒྱུས་དང་། ཆོས་འབྱུང་ཁག་ལས་འཚེ་བ་ཆོས་སུ་སྨྲ་བ་སྟེ། གདོད་མའི་བོན་ལུགས་དེ་དང་འགལ་ཟླ་བྱུང་བའི་སྐོར་འཆད་མི་བཏུབ་པ་ཞིག་ཡོད་པར་བསྙོན་དུ་མེད། དཔེར་ན་སྲིད་པ་སྤྱི་མདོས་ལས་བཙན་རྗེ་ནི་ཅི་ལ་དགྱེས། ཟ་བ་ནི་ཤ་ལ་རྔམ། འཐུང་བ་ནི་ཁྲག་ལ་ཧུབ། ལེན་པ་ནི་སྲོག་དབུགས་ལེན། སྡོང་བ་ནི་བགེགས་དང་སྡོང་། འགྲོགས་པ་ནི་གཉན་དང་འགྲོགས། མགོན་པ་ནི་བཙན་བོན་མགོན། འཚེ་བ་ནི་གསས་ལ་འཚེ། གཤེན་རབ་ནི་མཐུ་བཙན་པས། ཛོ་དམར་ནི་གླད་ལ་གཟེར། སྲོག་ཐག་ནི་གཤེན་ལ་བཅོལ། ཐ་ཚིག་གི་ཡས་རྟགས་སྲིད། སྲོག་གླུད་ལ་ནམ་མཁས་བརྔན། དབུགས་གླུད་ལ་རླུང་གིས་བརྔན། དྲོད་གླུད་ལ་མར་མྱེས་བརྔན། ཁྲག་གླུད་ལ་ཆབ་ཀྱིས་བརྔན། ཤ་གླུད་ལ་ཁམ་པས་བརྔན་ཞེས་བྱུང་བ་ལྟ་བུ་རེད། དེ་ལྟ་བུའི་ཚིག་འབྲུ་རེ་ཟུང་གིས་གདོད་མའི་བཙན་བོན་དང་། དམུ་རྒྱལ་སྟོན་པའི་བོན་གཉིས་འཚེ་བ་ཆོས་སུ་སྨྲ་མི་སྨྲ་ཙམ་གྱིས་ལུགས་གཉིས་བར་འགལ་ཟླ་བྱུང་ཡོད་པར་བསྟན་པས་གཡུང་དྲུང་བོན་ལུགས་འདི་ཉིད་གདོད་མའི་བོན་དང་འདྲ་བར་འཚེ་བ་ཆོས་སུ་སྨྲས་ནས་གཅིག་བསད་གཅིག་གསོད་བྱེད་པའི་ལམ་ལུགས་རྒྱུ་འཛིན་ཐོག་དམར་མཆོད་ཀྱི་བྱེད་སྒོ་ལག་ལེན་བྱེད་མཁན་གྱི་ཆོས་ལུགས་ཤིག་མིན་པར་གོ་ཐུབ་པ་ཡིན། དོན་ཚན་གཞན་པ་བོད་ཅེས་པའམ། ཡང་ན་བོད་ཆེན་པོ་ཞེས་པའི་ཐ་སྙད་ཀྱི་སྐོར་ནས་རེ་ཞིག་བཤད་པར་འདོད། སྤྱིར་བོད་ཅེས་པའི་བརྡ་ཆད་འདི་ནི་ཏུན་ཧོང་གཏེར་ཡིག་སོགས་ལས་སྤུ་རྒྱལ་བོན་༼པོན༽གྱི་བཙན་པོ་ཞེས་བོད་དང་བོན་གཉིས་ཕན་ཚུན་བརྗེས་རེས་བྱུང་བའི་གཏན་ཚིགས་ཡོད་པ་དང་གཅིག དཔྱོད་ལྡན་མཆོད་པའི་མེ་ཏོག་འདོན་ཐེངས་དགུ་པའི་ཤོག་གྲངས་༢༤ལས་གསལ། བོད་ཀྱི་བརྡ་ལས་རྗེས་འཇུག་ད་ན་གཉིས་ཡས་མར་བསྣོར་བའི་སྐོར་ཤིན་ཏུ་ནས་མང་བ་དང་གཉིས། དགེ་ཆོས་ཀྱི་དེབ་དཀར་སོགས་འཛམ་བུ་གླིང་གི་བོད་ཀྱི་ལོ་རྒྱུས་ཕལ་ལས་བོད་ཞེས་པའི་མིང་བརྡ་དེ་བོན་ཞེས་པའི་སྒྲ་ཟུར་ཆགས་པ་ཞིག་ཡིན་པར་བཤད་པ་དང་གསུམ་སོགས་རྒྱུ་མཚན་དུ་མ་ཞིག་གིས་བོད་ཅེས་པའི་ཐ་སྙད་དང་། བོན་ཞེས་པའི་ཐ་སྙད་གཉིས་དུས་རིམ་སྔ་འཕྱིའི་མིང་ཚིག་གི་བརྡ་ཟུར་འགྱུར་བ་ཙམ་ལས་དོན་དུ་གོ་དོན་གཅིག་ཏུ་གྱུར་པའི་སྐབས་ཡོད་པར་ངོས་འཛིན་བྱུང་ཡིན། བོན་གྱི་གོ་དོན་ནི་ཁོ་བོའི་དཔྱད་གླེང་གཞན་ལས་གསལ་བས་འདིར་བསྐྱར་གླེང་མི་བྱེད་དོ། །ད་ལྟའི་ཆར་གསར་བྱུང་གི་བོད་ཀྱི་ལོ་རྒྱུས་ཕལ་ལས་བོད་ཆེན་པོ་ཞེས་པའི་ཐ་སྙད་འདིའི་གོ་དོན་གྱི་སྐོར་ནས་གླེང་བ་ཧ་ལམ་མཐོང་རྒྱུ་མེད། སྤྱིར་བོད་ཆེན་པོ་ཞེས་པའི་མིང་བརྡ་འདི་ཉིད་ཀྱི་ངོས་ཐད་ནས་བཤད་པ་ཡིན་ན། བོད་ཆེན་པོའྀ་བློན་པོ་ཞེས་པ་འམ། ཡང་ན་བོད་ཆེན་པོའྀ་ཆབ་སྲིད་ཅེས་བོད་ཀྱི་གནའ་རབས་ཡིག་ཆ་གཅེས་བསྡུས་ཀྱི་ཤོག་གྲངས་༡༥ལས་གསལ། སྔ་རབས་བོད་ཀྱི་གནའ་རྩོམ་རེ་འགའི་ངོས་སུ་མཐོང་དུ་ཡོད་ཅིང་། ཕྱིས་བྱུང་གི་ཇོ་བོ་རྗེའི་རྣམ་ཐར་དང་། དགེ་འདུན་ཆོས་འཕེལ་གྱི་རྒྱལ་རབས་དེབ་ཐེར་དཀར་པོ་སོགས་ལས་ཀྱང་རེ་ཞིག་བྱུང་ཡོད། དེའི་གོ་དོན་ནི་དུང་དཀར་བློ་བཟང་གིས་སྔར་རྒྱལ་པོའི་མངའ་འོག་ཏུ་ཡོད་པའི་མངའ་རིས་ཙམ་ལ་བོད་དང་། དེའི་ལྷག་མའི་ཡུལ་རྣམས་ལ་བོད་ཆེན་པོ་ཞེས་ཟེར་བ་ཡིན་ཞེས་བཤད་ཡོད། དུང་དཀར་ཚིག་མཛོད་ཀྱི་ཤོག་གྲངས་༡༤༣༡ལས་གསལ། དེ་ནི་ཁོ་བོའི་བསམ་ཚུལ་དང་སྦྱར་ནས་བཤད་ན་ཅུང་ཙམ་མི་འགྲིག་པར་ངོས་འཛིན་བྱ་བ་ཡིན། རྒྱུ་མཚན་ནི་བོད་བཙན་པོའི་ཆབ་སྲིད་དེ་ཉིད་བོད་ཆེན་པོའི་ཆབ་སྲིད་མ་ཡིན་པར་འགྱུར་ཏེ་བོད་ཀྱི་བཙན་པོའི་མངའ་རིས་སུ་ཡོད་པའི་བོད་ལས་གཞན་པའམ་ལྷག་མའི་ཡུལ་གྱི་ཆབ་སྲིད་མ་ཡིན་པའི་ཕྱིར་ཞེས་པའི་སྐྱོན་འབབ་པས་ཡིན། གཞན་ཁོ་ན་རེ། བོད་བཙན་པོའི་ཆབ་སྲིད་དེ་བོད་ཆེན་པོའི་ཆབ་སྲིད་མིན་ཟེར་ན། དེ་ཡང་སྐྱོན་འབྱུང་སྟེ་བོད་བཙན་པོའི་སྐབས་ཀྱི་རྡོ་རིང་ཡི་གེའི་ངོས་སུ་བོད་བཙན་པོའི་ཆབ་སྲིད་དེ་བོད་ཆེན་པོའི་ཆབ་སྲིད་དུ་བཞག་པ་ལྷ་ལྡན་གྱི་གཙུག་ལག་ཁང་གི་མདུན་ངོས་ཀྱི་རྡོ་རིང་གི་བྱང་ངོས་སུ་གསལ།དེས་བོད་བཙན་པོའི་ཆབ་སྲིད་དེ་བོད་ཆེན་པོའི་ཆབ་སྲིད་ཡིན་པ་དོན་གྱིས་གྲུབ་པའི་ཕྱིར། གཞན་ཡང་བོད་བྱ་བ་དབུས་གཙང་དང་། བོད་ཆེན་པོ་བྱ་བ་མདོ་ཁམས་ལ་ཟེར་བར་དེབ་དཀར་ལས་གསལ་ཡོད། ༣༡༤ལས། ལྟ་ཚུལ་དེ་ཉིད་ཀྱང་སྐྱོན་ཅན་ཞིག་སྟེ་དེ་ལྟར་ན་བོད་ཆེན་པོའི་ཆབ་སྲིད་ཟེར་དུས་མདོ་ཁམས་ཀྱི་ཆབ་སྲིད་ཟེར་བ་ལ་གོ་དགོས་ཏེ་བོད་ཆེན་པོ་ནི་མདོ་ཁམས་ལ་འབོད་པ་དང་། དབུས་གཙང་ལ་བོད་ཆེན་པོ་ཞེས་མི་བརྗོད་པའི་རྒྱུ་མཚན་ཡོད་པའི་ཕྱིར། ལྟ་ཚུལ་དེ་ལ་དགེ་འདུན་ཆོས་འཕེལ་དང་དུང་དཀར་བློ་བཟང་འཕྲིན་ལས་སོགས་ཀྱིས་ཀྱང་དགག་པ་མཛད་ཡོད་འདུག དོན་དུ་བོད་ཆེན་པོ་ཞེས་པའི་ཐ་སྙད་འདི་ནི་མདོ་སྟོད་ཁམས་ཕྱོགས་ལ་བྱ་བ་མིན་ཞིང་། དེ་བས་ཀྱང་མདོ་སྨད་ཨ་མདོ་ལའང་བྱ་བ་མིན། དབུས་གཙང་ལ་ཡང་ཟེར་བ་མ་རེད། ཐ་སྙད་དེ་ནི་ཐོག་མར་བྱུང་བའི་དུས་ནི་གསལ་པོར་མི་ཤེས་ཀྱང་། བོད་བཙན་པོའི་དུས་སྐབས་ནས་མིང་བརྡ་དེ་ཉིད་བྱུང་ཡོད་པ་ནི་དངོས་དོན་དུ་མཐུན་པ་ཞིག་སྟེ་བོད་ཀྱི་བཙན་པོ་ཁྲི་རལ་པ་ཅན་དང་། ཐང་རྒྱལ་རབས་ཀྱི་གོང་མ་མུའུ་ཙུང་གཉིས་ཆིངས་བསྒྲིགས་ནས་བཙུགས་པའི་རྡོ་རིང་གི་ཡིག་རིས་དེ་དག་གིས་ངལ་བ་མི་དགོས་པར་ར་སྤྲོད་ཐུབ་པར་འདུག སྤྱིར་བོད་ཅེས་བྱ་བ་ནི་དེ་ལས་ཁྱབ་ཆེ་བ་ཞིག་སྟེ་ཡུལ་གྲུའི་དབང་དུ་བྱས་པ་ཡིན་ན་དེང་དུས་སུ་མདོ་དབུས་ཁམས་ཞེས་དབྱེ་སྲོལ་འདུག ཁམས་གསུམ་པོ་དེ་ལ་མདོ་སྟོད་མི་ཡི་ཆོལ་ཁ། མདོ་སྨད་རྟ་ཡི་ཆོལ་ཁ། དབུས་གཙང་ཆོས་ཀྱི་ཆོལ་ཁ་ཞེས་བརྗོད་བཞིན་ཡོད། དེ་དག་གི་ས་མཚམས་ནི་ས་སྐྱ་ཀུན་དགའ་བསོད་ནམས་ཀྱི་བརྩམས་པའི་ས་སྐྱའི་གདུང་རབས་རིན་ཆེན་བང་མཛོད་ཀྱི་ཤོག་གྲངས་༩པ་ལས་བྱུང་བ་ལྟར་ན་མངའ་རིས་གུང་ཐང་ནས་སོག་ལ་སྐྱ་བོ་ཡན་དབུས་གཙང་ཆོས་ཀྱི་ཆོལ་ཁ། སོག་ལ་སྐྱ་བོ་ནས་རྨ་ཆུའི་ཁུག་པ་ཡན་མདོ་སྟོད་མི་ཡི་ཆོལ་ཁ། རྨ་ཆུའི་ཁུག་པ་ནས་རྒྱའི་མཆོད་རྟེན་དཀར་པོ་ཡན་མདོ་སྨད་རྟ་ཡི་ཆོལ་ཁ་ཞེས་གྲགས་པ་རེད། དོན་དུ་བོད་ཡུལ་ཆོལ་ཁ་གསུམ་ཞེས་མིང་ཐོག་མར་དུས་སྐབས་ག་དུས་སུ་བཏགས་ཡོད་མེད་ནི་ང་ཚོས་ད་རུང་དཔྱད་ཞིབ་བྱེད་དགོས་པ་ཞིག་ཏུ་མཐོང་། སྤུ་རྒྱལ་བོད་ཆེན་པོའི་བཙན་པོ་ཐོག་མ་ཞེས་སུ་གྲགས་པའི་གཉའ་ཁྲི་བཙན་པོའི་ལོ་རྒྱུས་འདི་དག་གི་ཞིབ་འཇུག་བྱ་བའི་གལ་ཆེའི་གནད་དོན་ཞིག་ཏུ་གྱུར་ཡོད་ཅིང་། སྐབས་འདིར་བཙན་པོ་ཁོང་གི་མཚན་དང་ཐོག་མར་བོད་ལ་བྱོན་པའི་གནས་གཞིས་དེ་དག་གི་སྐོར་ལ་ཅུང་ཙམ་ཞིག་གླེང་འདོད་པ་ཡིན།
དེ་ཡང་དང་པོ་སྤུ་རྒྱལ་བོད་ཀྱི་བཙན་པོ་ཐོག་མ་གནམ་ནས་དོག་ལ་བབ་ཅེས་པའི་སྐབས་སུ་འབབ་སའི་ས་གནས་ངོས་འཛིན་བྱེད་ཚུལ་གྱི་ཕྱོགས་ནས་བཤད་ན་གནའ་དེང་གི་ལོ་རྒྱུས་སྨྲ་བ་རེ་འགའ་ལས་མང་ཆེ་བ་ཞིག་གིས་བསམ་གཞིག་ཙམ་མེད་པར་གཅིག་གི་གསུང་བཤད་གཅིག་གིས་འདྲ་བཤུས་བྱེད་པ་ཆེས་མང་བས་བོད་ཀྱི་བཙན་པོ་ཐོག་མ་འམ་སྤུ་རྒྱལ་གཉའ་ཁྲི་བཙན་པོ་ཐོག་མར་དོག་ལ་བབས་སའི་ས་གནས་ཀོང་པོའི་ལྷ་རི་གྱང་ཐོ་ལ་ངོས་འཛིན་བྱས་འདུག་མོད། འོན་ཀྱང་དོན་ངོ་མར་དེའི་སྐོར་ཡོངས་འཛིན་ཆེན་མོའི་གསུང་འབེལ་གཏམ་ལུང་གི་སྙིང་པོ་ནང་དུ་མི་ལོ་ཆིག་སྟོང་ཉིས་བརྒྱ་སུམ་ཅུ་སོ་གཉིས་ཙམ་གྱི་དུས་སུ་བྲིས་པའི་ཡི་གེ་ལི་ཡུལ་ཏུན་ཧུང་ནས་རྙེད་པའི་རྒྱལ་རབས་ཀྱི་ཤོག་འཁྱལ་ལས་ཞེས་དྲངས་པ་ལྟར་གྱི་ལུང་ཚིག་ནི། ཁྲིའི་བདུན་ཚིགས་ཀྱི་སྲས། ཁྲི་ཉག་ཁྲི་བཙན་པོ། ས་དོག་ལ་ཡུལ་ཡབ་ཀྱི་རྗེ། དོག་ཡབ་ཀྱི་ཆར་དུ་གཤེགས་སོ། །ཞེས་པ་དང་། ཡང་དེ་ཉིད་ལས། ཐོག་མར་ས་ལ་གཤེགས་པ་ཡང་། གནམ་མཐའ་འོག་གི་རྗེར་གཤེགས་པས། གནམ་གྱི་ནི་དབུས། སའི་དཀྱིལ། གླིང་གི་སྙིང་པོ། གངས་ཀྱི་རྭ་བ། ཆུ་བོ་ཀུན་གྱི་མགོ་བོ། རི་མཐོ་ས་གཙང་། ཞེས་གསུང་པ་ལ་བསམ་གཞིགས་ཤིག་བྱས་ན་ཀོང་གི་ལྷ་རི་གྱང་ཐོ་མིན་ཏེ་ཀོང་ཡུལ་ན་ཡོད་པའི་ལྷ་རི་གྱང་ཐོ་ནི་ཆུ་བོ་ཀུན་གྱི་མགོ་ཁུངས་ཞེས་འབོད་པ་ལ་རྒྱུ་མཚན་མེད་པས་སོ། །དེའི་ཕྱིར་རི་མཐོ་ཞིང་ས་གཙང་ལ་འཛམ་གླིང་གི་ཆུ་བོ་ཆེན་པོ་བཞི་སྟེ་ཁ་འབབ་རྣམ་བཞི་དུ་གྲགས་པའི་འབབ་ཁུངས། མདོར་ན་བལ་ཡུལ་དང་བོད་ཡུལ་གྱི་མཚམས་ན་གནས་པའི་གངས་རི་ཆེན་པོ་ཡོངས་གྲགས་སུ་གངས་ཏི་སེ་འབོད་པ་དེ་ལ་ངོས་འཛིན་དགོས་པར་དོགས་སློང་བྱེད་འདོད་པ་ཡིན་ཞིང་། ད་དུང་ཁྲུང་ཆིང་མཐུན་སྒྲིལ་རྡོ་རིང་གི་ཤར་ངོས་སུ། འཕྲུལ་གྱི་ལྷ་བཙན་པོ་འོ་དེ་སྤུ་རྒྱལ། ཡུལ་བྱུང་ས་དོད་ཚུན་ཅད་འུང་ནས་མྱིའི་རྗེར། བོད་ཀྱི་རྒྱལ་པོ་མཛད་པ་ཡང་། གངས་རི་མཐོན་པོའི་ནི་དབུས། ཆུ་བོ་ཆེན་པོའི་ནི་མགོ། ཡུལ་མཐོ་ས་གཙང་བ་ལ་གནམ་གྱྀ་ལྷ་ལས། མྱྀའི་རྒྱལ་པོར་གཤེགས་ཏེ། ཞེས་གཉའ་ཁྲི་བཙན་པོ་དོག་ལ་འབབ་སའི་གནས་དེ་དངོས་སུ་གངས་ཏི་སེ་ལ་གཏུག་འདུག་པ་དེ་དག་གིས་རྒྱུ་མཚན་དུ་བྱས་ཏེ་སྐབས་འདིར་བོད་རྒྱལ་གཉའ་ཁྲི་བཙན་པོ་བོད་དུ་ཐོག་མར་བྱོན་སའི་གནས་གཞིས་སྐོར་ནས་དོགས་གཞི་ཡོད་ཚུལ་དང་བརྗོད་པ་ཡིན། བོད་ཀྱི་བཙན་པོ་འདིའི་འབྱུང་ཁུངས་གང་ལ་ཐུག་ཡོད་མེད་ནི་ཁག་གསུམ་དུ་ཕྱེས་ཏེ་བཤད་ཡོད་ཅིང་། དེ་ནི་གྲགས་པ་བོན་ལུགས། གསང་བ་ཆོས་ལུགས། ཡང་གསང་མུ་སྟེགས་ཀྱི་ལུགས་སུ་གྲགས་པ་དེ་གསུམ་རེད། དེ་ཡང་ལོ་རྒྱུས་ཆེས་མང་ཤོས་ཤིག་གི་ནང་དུ་གྲགས་པ་བོན་ལུགས་དང་མཐུན་པར་བཤད་ཡོད་ཅིང་བཤད་ཚུལ་དེ་ནི་འོད་གསལ་ལྷ་ལས་བོད་ཀྱི་རྒྱལ་པོར་བྱོན་ཞེས་པ་དང་། གཉའ་ཁྲི་བཙན་པོ་གནམ་ནས་དོག་ལ་བབ་ཅེས་པའི་བཤད་ཚུལ་དེ་རེད། མཚམས་འདིར་ཡང་ལོ་རྒྱུས་དེ་དག་ལས་ཟུར་འཕྲོས་ཀྱི་ཚུལ་དུ་བདག་གི་བསམ་སྟངས་འགའ་ཞིག་གཙོར་སྟོན་བྱས་ཏེ་ཅུང་ཟད་ཅིག་བཤད་ན། བོད་ཀྱི་བཙན་པོ་ཐོག་མའི་མཚན་དུ་གཉའ་ཁྲི་བཙན་པོར་གྲགས་ཤིང་མཚན་བྱང་དེ་ལ་ཅུང་ཟད་གཞིགས་པའི་ཚུལ་གྱིས་བོད་ཀྱི་བཙན་པོའི་འབྱུང་ཁུངས་དེ་དག་གཤམ་དུ་ངོས་འཛིན་ཞུ་རྒྱུ་ཡིན། དེ་ཡང་མཁས་དབང་དོན་འགྲུབ་རྒྱལ་གྱི་གསུང་འབུམ་དང་། ལོ་དེབ་ཞང་བོད་ཤེས་རིག་སོགས་ཀྱི་སྟེང་དུ་གཉའ་ཁྲི་ཞེས་པའི་མཚན་ཟུར་གྱི་གཉའ་ནི་བཙན་པོ་ཁོང་གི་ཡུམ་གྱི་གཉའ་བ་ལ་འབྲེལ་ནས་བཏགས་པ་ཞིག་མ་ཡིན་པར་ཡུམ་གྱི་མཚན་ལ་དམུ་ཟ་གཉའ་མཐིང་མ་ཞེས་པའི་གཉའ་ལས་དྲངས་ཏེ་བཏགས་པ་དང་། དེ་ལྟར་ཡིན་པ་ནི་གཉའ་ཁྲི་ཁོ་ན་མིན་པར་གནམ་གྱི་ཁྲི་བདུན་ཀུན་ལ་ཡང་རང་རང་གི་ཡུམ་གྱི་མཚན་ཟུར་ལས་དྲངས་སྟེ་རྒྱལ་པོའི་མཚན་འདོགས་སྟངས་ཡོད་པར་འཁོད་འདུག་ཅིང་། དོན་དུ་ངོ་མ་དེ་ལྟར་ཡིན་ཡང་ཆོག་སྟེ་གནམ་གྱི་ཁྲི་བདུན་དུ་གྲགས་པའི་བཙན་པོ་རང་གི་མཚན་གནས་ལ་ཡུམ་གྱི་མཚན་ཟུར་ལས་གྲས་ནས་བཏགས་ཡོད་པ་དེ་དག་གིས་ཀྱང་ཁུངས་སྐྱེལ་བྱེད་ཐུབ་པར་སྣང་ཞེས་བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་ཟིན་ཐོའི་སྨད་ཆ་མཇུག་བསྡུས་པ་ཡིན།། །།
- ཟིན་ཐོ་གོང་མ།རང་མོས་སྙན་ངག་གི་ཕྱི་ནང་དེའི་དུས་རིམ་ལ་དཔྱད་པའི་བགྲོ་གླེང་།
- ཟིན་ཐོ་འོག་མ།རྩོམ་དེབ་དཔེའུ་ཙེ་དཀར་པོ་ངོ་སྤྲོད།