ཐ་ཚིག་གཅིག
རྩོམ་གྲོགས་ཁྱུང་མགྲིན་ནག་གི་བདག་དང་གི་ཐ་ཚིག་ཅེས་པ་བཀླགས་རྗེས།
སྙན་ངག་གི་རོལ་དབྱངས་མཆེད་པའི་གྲུ་ཁ་དེ་ནས་ཐ་སྙད་དང་ཚིག་སྦྱོར་གྱི་ལྷུ་ཚིགས་སྒྲིག་བཞིན་འཕྲུལ་ཡིག་བཞི་བཅུ་གྲུབ་ཆ་བྱས་སྟེང་སྨྱུག་ཤོག་ངོས་སུ་སེམས་ཀྱི་སྣང་ཚུལ་ཡོད་ཚད་ཕྱིར་སྟོན་བྱེད་པའི་སྒྱུ་རྩལ་སོར་མོས་ངོམ་པ་ནི་ང་དང་གྲོགས་པོའི་རྨད་བྱུང་གི་གཤིས་ཀ་ཡིན་བཞིན་གཞན་རྩོམ་ལ་སྡང་པའི་ངན་སེམས་ཀྱིས་ལྷད་མ་མྱོང་བ་ནི་ཁྱེད་དང་ངའི་ཐ་ཚིག་གི་རང་བཞིན་དུ་གྲུབ་ཡོད།
དེའི་ཕྱིར་ང་དང་ཁྱོད་ཐ་ཚིག་གཅིག
འཛིན་སྟངས་གཅིག ཁ་ཕྱོགས་གཅིག
ངུར་སྨྲིག་གི་ཕྱི་མདངས་མཛེས་པའི་གྲུ་ཁ་ཞིག་ནས་རྩོད་གྲོགས་དང་འཆད་གྲོགས།
ཡང་ན་ཐལ་ངག་གི་འཚོ་བ་རོལ་ཏེ་སློབ་གྲོགས་ཚོ་དང་འགྲོགས་ནས་དཔྱོད་ཤེས་ཀྱི་གོམ་ཁ་རྟགས་ཁྱབ་གསལ་གསུམ་གྱི་ཁྲོད་ནས་སྤོ་བཞིན་ལོ་ཟླ་དུ་མའི་རྣམ་ཐར་རི་བོ་ལྟ་བུའི་ཕ་རོལ་དུ་བཞུད་ཟིན་ཡང་།
བདག་དང་བདག་ཁོ་ནའི་ཕྱིར་དུ་རང་གྲོགས་དང་རྩོམ་གྲོགས།
ད་དུང་འཆད་གྲོགས་དང་གཞན་དག་ལ་གནོད་སེམས་ཀྱིས་སྡང་མ་མྱོང་བ་ནི་ང་དང་གྲོགས་པོའི་སེམས་གཤིས་སམ།
ཐ་ཚིག་ཅིག་གི་ཕྱི་མདངས་ལྟ་བུར་ངེས།
དེའི་ཕྱིར་ཁྱོད་དང་ང་། ང་དང་ཁྱོད།
ཐ་ཚིག་གཅིག ལང་ཕྱོགས་གཅིག
ཕུག་འདུན་གཅིག དེ་ལྟར་ན།
འདི་དག་ཉིན་མ་གཅིག་གི་བསམ་སྟངས་ཙམ་མིན་ཞིང་།
དུས་ཚོད་གཅིག་གི་ཐག་གཅོད་ཙམ་མིན།
དེ་དག་ཡོད་ཚད་ལས་གཞན་ཞིག་སྟེ།
མི་ཚེ་གཅིག་གི་ཐ་ཚིག་གམ།
ང་དང་ཁྱོའི་སྐྱེས་དུས་འདིའི་དམ་བཅའ་ཞིག་ཡིན་པས་དུས་ནམ་ཡང་འབོར་མི་ཉན། སྐབས་ཙམ་ཡལ་མི་རུང་།
དེ་བས་བདག་གིས་དང་ལེན་བྱེད་འདོད་པ་ནི་བདག་གི་ཐ་ཚིག་འདི་དག་ཡིན་ཞིང་།
ཁྱེད་ཀྱིས་འདོར་མི་རུང་བ་ནི་ཁྱེད་ཀྱི་དམ་བཅའ་ཡིན་པས།
ང་དང་ཁྱོའི་དམ་བཅའ་འཐོར་མི་ཆོག ཐ་ཚིག་རུལ་མི་རུང་།
2012-7-5ཉིན་རང་ཤག་དབྱངས་ཅན་དགྱེས་པའི་ཁང་བཟང་ནས་
གཤེན་སྨྱུག་གམ། ཤར་སྐར་བརྒྱན་དུ་འབོས་པས།
- ཟིན་ཐོ་གོང་མ།དགག་ལན་མཚོན་ཆ་དགུ་སྐོར།
- ཟིན་ཐོ་འོག་མ།ཟུར་ཟ་ལ་རྒོལ་བ།
ཁ་ཕྱོགས་གཅིག་པར་བལྟ་བའི་བལྟ་བ་དེའི།
རང་ཡུལ་ཁམས་ཕྲུག་ཕྱོགས་ཀྱི་རྗེས་རབ་ཚོར།
མ་འོངས་མིགས་དཔེར་གྱུར་པའི་སྨོན་ལམ་འདེབས།
ཁྱུང་ཚེ་གྲགས་ནས།