ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
ཡ་ཐོག་བོད་ཆེན་པོའི་བཙན་པོ་ཐོག་མའི་ལོ་རྒྱུས་ལས་འཕྲོས་པའི་དོགས་གླེང་།  | 2012/3/5 11:53:00

༧ ཡ་ཐོག་བོད་ཆེན་པོའི་བཙན་པོ་ཐོག་མའི་ལོ་རྒྱུས་ལས་

                                                       འཕྲོས་པའི་དོགས་གླེང་།

                  ལོ་དེབ་ཁྱུང་ཆེན་རིག་པའི་གཤོག་རླབས་སྟེང་དུ་འཁོད།

 

༧ དེ་ཡང་འདི་ནས་ཡར་བརྩིས་པའི་ལོ་ངོ་སྟོང་ཕྲག་དུ་མའི་རིང་གི་ཡ་ཐོག་བོད་ཀྱི་བཙན་པོ་ཐོག་མའི་སྐོར་ལ་གནའ་སྒྲུང་དང་ཚད་ལྡན་གྱི་དཔེ་རྙིང་ལ་དག་ལ་གཞིགས་ན་དོགས་པ་འདྲ་མིན་འགའ་ཞིག་ཡོང་གི་འདུག་པས། དེ་དག་རེ་ཞིག་གཅིག་ཏུ་དྲིལ་ཏེ་འདིར་ཤོག་སྟེང་ན་འགོད་པར་བྱ་བ་ནི་བོན་ཆོས་ཀྱི་ལོ་རྒྱུས་དང་གཏམ་རྒྱུད་རེ་འགས་མཚོན་པའི་རྒྱ་རབས་སམ་ཆོས་འབྱུང་དག་ལས་ཡ་ཐོག་བོད་ཀྱི་བཙན་པོ་ཐོག་མ་གནམ་ནས་དོག་ལ་བབས་པར་གྲགས་པ་ལྟར་དོན་དུ་ཐོག་མར་གནམ་ནས་དོག་ལ་བབས་སའི་དོག་མོ་ས་དེ་ངོས་འཛིན་བྱེད་པ་དང་། གཉིས་པ་བོད་ཀྱི་བཙན་པོ་ཐོག་མའི་འབྱུང་ཁུངས་གང་ལ་ཐུག་ཡོད་མེད་སོགས་སྐབས་འདིར་བདག་གི་དོགས་སྟངས་དང་འབྲེལ་ཏེ་འགོད་རྒྱུ་ཡིན།

བོད་ཀྱི་བཙན་པོ་ཐོག་མར་མི་ཡུལ་དུ་བྱོན་པའི་ས་གནས་ངོ་འཛིན་པ།

དེ་ཡང་དང་པོ་སྤུ་རྒྱལ་བོད་ཀྱི་བཙན་པོ་ཐོག་མ་གནམ་ནས་དོག་ལ་བབས་ཅེས་པའི་སྐབས་སུ་འབབ་སའི་ས་གནས་ངོ་འཛིན་བྱེད་ཚུལ་གྱི་ཕྱོགས་ནས་བཤད་ན་གནའ་དེང་གི་ལོ་རྒྱུས་སྨྲ་བ་རེ་འགའ་ལས་ཕར་ཆེར་མང་ཆེ་བ་ཞིག་གིས་བསམ་གཞིགས་ཙམ་མེད་པར་གཅིག་གི་གསུང་བཤད་གཅིག་གིས་འདྲ་བཤུས་བྱེད་པ་ཆེས་མང་བས་བོད་ཀྱི་བཙན་པོ་ཐོག་མ་འམ་སྤུ་རྒྱལ་གཉའ་ཁྲི་བཙན་པོ་ཐོག་མར་དོག་ལ་བབས་སའི་ས་གནས་ཀོང་པོའི་ལྷ་རི་གྱང་ཐོ་ལ་ངོས་འཛིན་བྱས་འདུག་མོད། འོན་ཀྱང་དོན་ངོ་མར་དེའི་སྐོར་ཡོངས་འཛིན་ཆེན་མོ་གསུང་འབེལ་གཏམ་ལུང་གི་སྙིང་པོ་ནང་དུ་མི་ལོ་ཆིག་སྟོང་ཉིས་བརྒྱ་སུམ་ཅུ་སོ་གཉིས་ཙམ་གྱི་དུས་སུ་བྲིས་པའི་ཡི་གེ་ལི་ཡུལ་ཏུན་ཧུང་ནས་རྙེད་པའི་རྒྱལ་རབས་ཀྱི་ཤོག་འཁྱལ་ལས་ཞེས་དྲངས་པ་ལྟར་གྱི་ལུང་ཚིག ༼ཁྲིའི་བདུན་ཚིགས་ཀྱི་སྲས།། ཁྲི་ཉག་ཁྲི་བཙན་པོ།། ས་དོག་ལ་ཡུལ་ཡབ་ཀྱི་རྗེ།། དོག་ཡབ་ཀྱི་ཆར་དུ་གཤེགས་སོ།།༽ ཞེས་པ་དང་། ཡང་དེ་ཉིད་ལས། ༼ཐོག་མར་ས་ལ་གཤེགས་པ་ཡང་། གནམ་མཐའ་འོག་གི་རྗེར་གཤེགས་པས། གནམ་གྱི་ནི་དབུས། སའི་དཀྱིལ། གླིང་གི་སྙིང་པོ། གངས་ཀྱི་ར་བ། ཆུ་བོ་ཀུན་གྱི་མགོ་བོ། རི་མཐོ་ས་གཙང་༽ཞེས་གསུང་པ་ལ་བསམ་གཞིགས་ཤིག་བྱས་ན་ཀོང་གི་ལྷ་རི་གྱང་ཐོ་མིན་ཏེ་ཀོང་ཡུལ་ན་ཡོད་པའི་ལྷ་རི་གྱང་ཐོ་ནི་ཆུ་བོ་ཀུན་གྱི་མགོ་ཁུངས་ཞེས་འབོད་པ་ལ་རྒྱུ་མཚན་མེད་པས་སོ། དེའི་ཕྱིར་རི་མཐོ་ཞིང་ས་གཙང་ལ་འཛམ་གླིང་གི་ཆུ་བོ་ཆེན་པོ་བཞི་སྟེ་ཁ་འབབ་རྣམ་བཞི་རུ་གྲགས་པའི་འབབ་ཁུངས། མདོར་ན་བར་ཡུལ་དང་བོད་ཡུལ་གྱི་མཚམས་ན་གནས་པའི་གངས་རི་ཆེན་པོ་ཡོངས་གྲགས་སུ་གངས་ཏི་སེ་འབོད་པ་དེ་ལ་ངོས་འཛིན་དགོས་པ་སྣང་། ད་དུང་ཁྲུང་ཆིང་མཐུན་འབྲེལ་རྡོ་རིང་གི་ཤར་ངོས་སུ། ༼འཕྲུལ་གྱི་ལྷ་བཙན་པོ་འོ་དེ་སྤུ་རྒྱལ།། ཡུལ་བྱུང་ས་དོད་ཚུན་ཅད་འུང་ནས་མྱིའི་རྗེར།། བོད་ཀྱི་རྒྱལ་པོ་མཛད་པ་ཡང་།། གངས་རི་མཐོན་པོའི་ནི་དབུས།། ཆུ་བོ་ཆེན་པོའི་ནི་མགོ།། ཡུལ་མཐོ་ས་གཙང་བ་ལ་གནམ་གྱྀ་ལྷ་ལས།། མྱྀའི་རྒྱལ་པོར་གཤེགས་ཏེ།། ༽ཞེས་གཉའ་ཁྲི་བཙན་པོ་དོག་ལ་འབབ་སའི་གནས་དེ་དངོས་སུ་གངས་ཏི་སེ་ལ་གཏུག་འདུག་པར་ལགས་སོ། དེ་ལྟར་བཤད་ན་ཀོང་གི་ལྷ་རི་གྱང་ཐོར་བབས་ཅེས་པ་དེ་དག་ལོགས་བཤད་དུ་སྙམས་ཤས་ཆེ་ཡང་བདེན་པ་ཡོད་ཀྱང་ཆོགས་སྟེ། གཉའ་ཁྲི་གནམ་ནས་དོག་ལ་ཐད་དཀར་འབབ་སའི་ས་གནས་ཀོང་པོའི་ལྷ་རི་གྱང་ཐོ་མིན་ཡང་གཉའ་ཁྲི་གནམ་ནས་ཡར་ལུང་སོ་ཁར་བྱོན་པའི་བར་དུ་ས་ཚིགས་དུ་མ་ཞིག་ལ་གནས་བཅས་པའི་གྲས་ཀྱི་ས་ཚིགས་ཤིག་ཀོང་གི་ལྷ་རི་གྱང་ཐོ་ཡིན་པའི་རྒྱུ་མཚན་གྱིས་ལོ་རྒྱུས་དེ་དག་བྱུང་བར་སེམས། གོང་གི་ས་ཚིག་དེ་དག་གི་ནང་ཚན་གྱི་ལྷ་རི་གྱང་ཐོར་གྲགས་པ་དེ་ནི་ལོ་རྒྱུས་སྨྲ་བ་པོ་འགའ་ཞིག་གིས་གསུང་ཚུལ་ཡང་མི་མཐུན་པ་འགའ་བྱུང་ཡང་ཀོང་པོའི་ལྷ་རི་གྱང་ཐོ་དེ་རང་ངོས་འཛིན་ཆོག་སྟེ་ཡོངས་འཛིན་རིན་པོ་ཆེས་ཀོང་པོའི་ལྷ་རི་གྱང་ཐོའི་རྩེ་མོར་གཉའ་ཁྲིའི་ཞབས་རྗེས་སོགས་ཡོད་པའི་རྒྱུ་མཚན་དུ་བྱས་ཏེ་ངོས་འཛིན་དེ་ལྟར་གནང་འདུག་ལ། ཡང་ལོ་རྒྱུ་རེ་ཞིག་གི་ནང་དུ་ལྷ་རི་གྱང་ཐོར་བྱོན་པའི་དུས་སུ་ཀོང་པོའི་བ་གླང་གི་རྫི་བོས་མཐོང་ཞེས་གསལ་བས་རྒྱུ་མཚན་དེ་དག་གིས་ཀྱང་གོང་གི་དོག་གནད་དེ་ལས་ཡང་དག་གི་ངོས་འཛིན་ཞིག་ཐུབ་པར་འོས་སོ། 

སྲིད་པའི་ལྷ་རབས་ཁྲི་བར་བདུན་ཚིགས་སྲས།།

གནམ་ས་སྦྲེལ་བའི་གཤེན་གྱི་དམུ་ཐག་ལས།།

ཐོག་མར་བོད་ཡུལ་གཡག་དྲུག་མི་ཡི་རྗེ།།

གངས་རིའི་སྤྱི་ཕུད་ཏི་སེའི་རྩེ་མོར་འཁྲུངས།།

ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།

བོད་ཀྱི་བཙན་པོའི་འབྱུང་ཁུང་བཤད་པ།

གོང་གི་ས་བཅད་གཉིས་པ་བོད་ཀྱི་བཙན་པོ་ཐོག་མའི་འབྱུང་ཁུངས་གང་ལ་ཐུག་ཡོད་མེད་ནི་ཁག་གསུམ་དུ་ཕྱེས་ཏེ་བཤད་ཡོད་ཅིང་། དེ་ནི་གྲགས་པ་བོན་ལུགས། གསང་བ་ཆོས་ལུགས། ཡང་གསང་མུ་སྟེགས་ཀྱི་ལུགས་སུ་གྲགས་པ་དེ་གསུམ་རེད། དེ་ཡང་ལོ་རྒྱུས་ཆེས་མོང་ཤོས་ཤིག་གི་ནང་དུ་གྲགས་པ་བོན་ལུགས་དང་མཐུན་པར་བཤད་ཡོད་ཅིང་བཤད་ཚུལ་དེ་ནི་འོད་གསལ་ལྷ་ལས་བོད་ཀྱི་རྒྱལ་པོ་བྱོན་ཞེས་པ་དང་། གཉའ་ཁྲི་བཙན་པོ་གནམ་ནས་དོག་ལ་བབས་ཅེས་པའི་བཤད་ཚུལ་དེ་རེད། མཚམས་འདིར་ཡང་ལོ་རྒྱུས་དེ་དག་ལས་ཟུར་འཕྲོས་ཀྱི་ཚུལ་དུ་བདག་གི་བསམ་སྟངས་འགའ་ཞིག་གཙོར་སྟོན་བྱས་ཏེ་ཅུང་ཟད་ཅིག་བཤད་ན། བོད་ཀྱི་བཙན་པོ་ཐོག་མའི་མཚན་དུ་གཉའ་ཁྲི་བཙན་པོར་གྲགས་ཤིང་མཚན་བྱང་དེ་ལ་ཅུང་ཟད་གཞིགས་པའི་ཚུལ་གྱིས་བོད་ཀྱི་བཙན་པོའི་འབྱུང་ཁུངས་དེ་དག་བཤམ་དུ་ངོས་འཛིན་ཞུ་རྒྱུ་ཡིན། དེ་ཡང་ཞངས་བོད་ཤེས་རིག་འདོན་ཐེངས་གཉིས་པའི་སྟེང་དུ་གཉའ་ཁྲི་ཞེས་པའི་མཚན་ཟུར་གྱི་གཉའ་ནི་བཙན་པོ་ཁོང་གི་ཡུམ་གྱི་གཉའ་བ་ལ་འབྲེལ་ནས་བཏགས་པ་ཞིག་མ་ཡིན་པར་ཡུམ་གྱི་མཚན་ལ་དམུ་ཟ་གཉའ་མཐིང་མ་ཞེས་པའི་གཉའ་ལས་དྲངས་ཏེ་བཏགས་པ་དང་། དེ་ལྟར་ཡིན་པ་ནི་གཉའ་ཁྲི་ཁོ་ན་མིན་པར་གནམ་གྱི་ཁྲི་བདུན་ཀུན་ལ་ཡང་རང་རང་གི་ཡུམ་གྱི་མཚན་ཟུར་ལས་དྲངས་སྟེ་རྒྱལ་པོའི་མཚན་འདོགས་སྟངས་ཡོད་པར་གསུངས་ཤིང་། དོན་དུ་ངོ་མ་དེ་ལྟར་ཡིན་ཡང་ཆོགས་སྟེ་དམུ་ཟ་གཉའ་མཐིང་མ་ཞེས་པ་ནི་སྲིད་པ་རྒྱུད་ཀྱི་ཁ་བྱང་སོགས་ལོ་རྒྱུ་འགའ་ལས་མཐོང་རྒྱུ་མེད་ཀྱང་བོན་ལུགས་ཀྱི་བཀའ་སྐྱོང་གི་ལེའུ་ཚན་ཞིག་གི་ནང་དམུ་ཟ་གཉའ་མཐིང་མ་དང་གཤོས་པ་ལས་ཞེས་གསལ་ཞིང་། དེ་མིན་ཁྲི་བདུན་གྱི་ནང་ཚན་ཕྱི་མ་མུ་ཁྲི་སོགས་ལ་དོན་དངོས་སུ་དེ་ལྟར་བོད་རྒྱལ་རང་རང་གི་མཚན་ཟུར་དུ་རང་རང་གི་ཡུམ་གྱི་མཚན་ཟུར་གྱི་མིང་ཞིག་ངེས་པར་དུ་ཡོད་འདུག་པ་ནི་མངོན་གསལ་དོད་པོ་རེད། རྒྱུ་མཚན་དེ་དག་གིས་དམུ་ཟ་གཉའ་མཐིང་མ་གཉའ་ཁྲི་ཁོང་གི་ཡུམ་ཡིན་པ་ཡང་ང་ཚོས་སྐབས་འདིར་བཤད་མི་དགོས་པའི་འགྲེལ་བ་བཙན་པོ་ཞིག་ཤུགས་ལས་རྒྱབ་ཚར་བ་རེད། དེ་ལྟར་གྱི་རྒྱུ་མཚན་དེ་དག་གི་ཟུར་དུ་ང་ཚོས་ཞིབ་ཕྲའི་བསམ་གཞིག་འགའ་བྱས་ན་བོད་ཀྱི་བཙན་པོའི་འབྱུང་ཁུངས་གང་ལ་ཐུག་ཡོད་མེད་གསལ་པོར་རྟོགས་ཐུབ་པར་སེམས། ཅིའི་ཕྱིར་ན། རྒྱུ་མཚན་དེ་དག་གིས་གསང་བ་ཆོས་ལུགས་ཀྱི་འཆད་ཚུལ་དང་། ཡང་གསང་མུ་སྟེགས་ཀྱི་ལུགས་གཉིས་ཀའི་འཆད་ཚུལ་དེ་དག་མི་བདེན་པ་དང་། བསྒྲགས་པ་བོན་ལུགས་ཀྱི་འཆད་ཚུལ་དེ་བདེན་པའི་ར་སྤྲོད་གསལ་པོར་བྱེད་ཐུབ་ཀྱི་འདུག་པའི་རྒྱུ་མཚན་གྱིས་སོ། དང་པོ་གོང་གི་ལུགས་གཉིས་ཀྱི་ནང་ཚན་ཡང་གསང་མུ་སྟེགས་ཀྱི་ལུགས་སུ་བཤད་ཚུལ་ནི་སྤུ་ཡུལ་གྱི་བུ་མེད་མོ་བཙུན་བྱ་བ་ལ་ཐེའུ་རང་སྤུན་དགུ་སྐྱེས་པའི་ནང་གི་གཅིག་ཡིན་པར་བཤད་པ་དང་། གསང་བ་ཆོས་ལུགས་ཀྱི་འཆད་ཚུལ་ལ་ཤ་ཀྱའི་རྒྱལ་རྒྱུད་དུ་གཉའ་ཁྲི་འཁྲུངས་པ་སོགས་བཤད་ཀྱང་དམུ་ཟ་ཡུམ་དུ་བྱས་ནས་ཐེའུ་རང་སྤུན་དགུ་དང་། ཤཀྱཱའི་རྒྱལ་རྒྱུད་སོགས་སྤེལ་བའི་ལོ་རྒྱུས་ནི་སུ་གང་གིས་ཀྱང་མཐོང་རྒྱུ་མི་འདུག་པས་ཁུངས་མེད་ཀྱི་སྒྲུངས་གཏམ་རེ་ཞིག་ལས་མ་མཆིས། གཉིས་པ་གོང་དུ་གཉའ་ཁྲི་བཙན་པོར་མཚན་འདོགས་ཚུལ་ལ་གཞིག་ན་གྲགས་པ་བོན་ལུགས་ཀྱི་འཆད་ཚུལ་དང་གཅིག་ཏུ་མཐུན་ཤས་ཆེ་བས་བསྒྲགས་པ་བོན་ལུགས་ཀྱི་འཆད་ཚུལ་དེ་བདེན་པའི་ར་སྤྲོད་བྱེད་ཐུབ་ཀྱི་འདུག་པར་སྙམ་པ་ཡིན། གཞན་ཡང་རྒྱལ་པོ་འདིའི་མཚན་གཞན་ནི་འོ་དེ་སྤུ་རྒྱལ་དུ་འབོད་ལ་མཚན་དེ་ཡང་གཉའ་ཁྲི་རང་ཉིད་ཡབ་ལྷ་བརྡལ་དྲུག་གི་སྲས་རྒྱུད་དུ་འཁྲུངས་པས་རང་གི་མེས་པོ་སྲིད་པའི་ལྷ་རབས་མཆེད་བཞིའི་ནང་ཚན་འོད་དེ་གུང་རྒྱལ་གྱི་མཚན་ཟུར་ནས་གྲས་ཏེ་འོད་དེ་སྤུ་རྒྱལ་ཞེས་སོགས་བཏགས་འདུག་པ་སོགས་ནི་གོང་གི་འོད་གསལ་ལྷ་ལས་བོད་ལ་བོད་ཆེན་པོའི་བཙན་པོ་བྱོན་པའི་བདེན་དཔང་ཡང་འོས་སོ་སྙམ་མོ། ཞེས་མཇུག་བསྡུས་སོ།   ༢༠༡༡ ༡༠ ༢༥ཉིན།

Re:ཡ་ཐོག་བོད་ཆེན་པོའི་བཙན་པོ་ཐོག་མའི་ལོ་རྒྱུས་ལས་འཕྲོས་པའི་དོགས་གླེང་། | 2012/3/22 16:10:24
སྐུ་མགྲོན་J4EQh7(སྐུ་མགྲོན)བདག་གིས་ལོ་དེབ་ནས་མཐོང་ཟིན་ཡང་འདིར་དྲྭ་ལམ་དུ་སྤེལ་བར་ཐུགས་རྗེ་ཆེ། ཁྱུང་ཕྲུག་གིས།
རྩོམ་པ་པོ།:སྐུ་མགྲོན་J4EQh7(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.