༈ སྐུ་མདོག་མཐིང་སྔོན་བཱེེཌྲཱུརྱ་ཡི་མདོག།
ཕྱག་མཚན་གཡུང་དྲུང་ཨ་རུ་རྣམ་རྒྱལ་བསྣམས།
མཚན་ཐོས་རྒྱུ་འབྲས་ནད་ཀུན་སེལ་མཛད་པ།
ནམ་མཁའི་མདོག་ཅན་བསྟན་པའི་གཙོ་ལ་བསྟོད།།
གསོ་དཔྱད་འཆད་ཡུལ་སྟག་གཟིགས་འོལ་གླིང་དུ།
ཐམས་ཅད་མཁྱེན་པའི་སྟོན་པ་གཤེན་རབ་ཀྱིས།
འགྲོ་དྲུག་ཟུག་རྔུའི་སྡུག་བསྔལ་སེལ་ཕྱིར་དུ།
གསོ་དཔྱད་རྒྱུད་འདི་དཔྱད་བུ་ཉིད་ལ་གཏད།།
གསོ་རིག་འབུམ་བཞིའི་དགོང་དོན་ལྷའི་ཆུ་བོ།
རྣམ་དཔྱོད་ཡུར་བའི་ལམ་ནས་ཉེར་དྲངས་ནས།
རྗེས་འཇུག་གསེར་ལྡན་དགའ་མའི་ལྟོ་བ་རུ་།
བསྐྱིལ་མཛད་མཁས་དབང་དཔྱད་བུ་ཁྲི་ཤེས་ཉིད།།
དཔྱད་བུ་ལས་སོགས་གསོ་རིག་མངའ་བརྙེས་པའི།
བསྟན་འཛིན་སྐྱེས་བུ་ནམ་མཁའི་སྐར་ཚོགས་བཞིན།
བྱོན་དང་འབྱོན་འགྱུར་བཀའ་དྲིན་ཡང་དྲན་ནས།
སྒོ་གསུམ་རབ་ཏུ་གུས་པའི་ཕྱག་རྒྱུའོ ། །
མཁྱེན་བརྩེའི་མཁའ་ལ་ལུང་རིག་རྩལ་རྫོགས་པའི།
ལེགས་བཤད་འོད་ཀྱིས་རྨོངས་པའི་མུན་སེལ་ནས།
བདག་བློ་ཤེས་བྱའི་པད་མོ་ཁ་འབྱེད་མཁན།
རིག་པའི་སྣང་བྱེད་སློབ་དཔོན་རྣམས་ལ་བསྟོད །།
གསོ་བྱ་གསོ་བྱེད་ཇི་ལྟར་གསོ་བ་དང་།
གསོ་བ་པོ་དང་རྣམ་པ་བཞི་ལ་སོགས།
སྙིང་པོའི་དོན་རྣམས་མདོ་རུ་བསྡུས་ནས་ནི།
གཞུང་དོན་ཅུང་ཟད་རྟོགས་པ་འདི་ན་སྤྲོ།།
ཐོག་མར་གསོ་རིག་སྦྱོང་བརྩོན་བྱེད་པའི་སྐབས།
ཐ་སྙད་ཚིག་ལ་རྨོངས་པར་གྱུར་པ་ན།
དོན་གྱི་ངོ་བོ་རྟོགས་པར་ག་ལ་འགྱུར།
དེ་ཕྱིར་ཐ་སྙད་ཚིག་ལ་མ་རྨོངས་གཅེས།།
དང་པོ་འབྱུང་བ་ཞེས་པའི་ཐ་སྙད་ནི།
རང་འབྲས་འབྱུང་འགྱུར་རྟེན་བྱེད་རྒྱུ་ཡི་གཟུགས།
ཕྲ་རབ་རྡུལ་ཕྲན་ཕན་ཚུན་ནུས་པ་ཡིས།
ཕྱི་ནང་སྣོད་བཅུད་སྐྱེ་གནས་འཇིག་གསུམ་བྱེད་ །།
འབྱུང་བའི་ངོ་བོ་སྲ་མཁྲེགས་ས༵་རྡུལ་དང་།
རླན་གཤེར་ཆུ་རྡུལ་ཚ་སྲེག་མེ༵་རྡུལ་ཏེ།
ཡང་ཞིང་གཡོ་བའི་ངོ་བོ་རླུང་གི་རྡུལ།
ནུས་པ་མི་འདྲ་དབང་གི་རྡུལ་བཞི་དབྱེ།།
རྡུལ་རིགས་བཞི་པོའི་ནུས་པ་ལ་བརྟེན་ནས།
འཇིག་རྟེན་ཁམས་ཀྱི་དངོས་པོ་ཐམས་ཅད་ནི།
འབྱུང་ནུས་ཕན་ཚུན་ཆ་སྙོམས་མཐུན་པ་རུ།
སྐྱེ་ཞིང་གནས་ལ་འགལ་འཕྲད་བྱུང་ན་འཇིག །།
ཕ་མའི་ཁུ་ཁྲག་འབྱུང་འདུས་རྣམ་ཤེས་ལས།
ཉེས་གསུམ་སྐྱོན་གྱིས་མ་གོས་རྡུལ་དེ་ཉིད།
འོ་མ་རུ་མ་བླུགས་འདྲ་ནས་བཟུང་སྟེ།
ཟླ་བ་རེ་བཞིན་སྐྱེ་ཞིང་འཕེལ་ནས་གྲུབ།།
ཉེས་གསུམ་ལུས་ཟུངས་དྲི་མའི་ལྡང་ཚད་རྣམས།
འཕེལ་ཟད་མ་སོང་རང་རང་ཚད་བཞིན་གནས།
འབྲེལ་བ་རྩ་དང་གཉན་པ་དོན་སྣོད་སོགས།
རྒྱུ་ལམ་བུ་ག་སྐྱོན་མེད་བདེ་བའི་གནས།།
གསོ་བྱའི་ལུས་འདི་ནད་ཟུངས་ལས་གྲུབ་ཅིང་།
རྣམ་པར་མ་གྱུར་རེ་ཞིག་བདེར་གནས་ཀྱང་།
རྣམ་གྱུར་ནད་ལུས་དྲི་མ་ཀུན་འཁྲུགས་ཏེ།
གཅིག་གཤེད་གཅིག་བྱེད་རི་རབ་འཇིག་དང་མཚུངས།།
གང་གསོ་ཕུང་པོ་ལས་བྱུང་ནད་རྣམས་ཀྱི།
རིང་རྒྱུ་མ་རིག་ཉོན་མོངས་དུག་གསུམ་སྟེ།
འབྲས་བུ་རླུང་དང་མཁྲིས་པ་བད་ཀན་སོགས།
བཞི་བརྒྱ་རྩ་བཞིའི་ནད་ཀུན་འབྱུང་བའི་རྒྱུ།།
དུས་གདོན་ཟས་སྤྱོད་བཞི་ཡིས་རྐྱེན་བྱས་ཏེ།
ཉེས་གསུམ་འཕེལ་ཟད་འཁྲུགས་གསུམ་གྱུར་ནས་ནི།
རང་གནས་གསོག་ཅིང་རྐྱེན་འཕྲད་གཞན་གནས་ལྡང་།
འཇུག་སྒོ་དྲུག་ཞུགས་བདེ་མེད་ནད་འབྱུང་འགྱུར།།
དྲི་བ་སློང་རྐྱེན་རེག་པ་རྩ་ལས་སོགས།
ལྟ་བ་ལྕེ་དང་ཆུ་ལ་ཞིབ་པར་དཔྱད་།
ཚ་གྲང་གང་ཡིན་འཁྲུལ་མེད་ངོས་ཟིན་ནས།
གཉེན་པོ་གང་ལེན་དེ་ཡིས་བཅོས་པ་གཅེས།།
རླུང་གི་ནད་ལ་དྲོད་སར་ཡིད་འོང་བསྟེན།
མཁྲིས་ནད་ཅན་རྣམས་བསིལ་སར་དལ་བར་སྡོད་།
བད་ཀན་ནད་ལ་རྩོལ་བཅག་དྲོད་བསྟེན་ཞིང་།
མི་རྔུལ་བཅག་པ་སྤྱོད་ལམ་ཀུན་གྱི་མཆོག །།
ཟས་དང་སྐོམ་སོགས་ལེགས་པར་སྤྱད་གྱུར་ན།
ལུས་དང་སྲོག་ནི་འཚོ་ཞིང་གནས་པ་དང་།
འོན་ཀྱང་དམན་ལྷག་ལོག་གསུམ་གྱུར་པ་ན།
ནད་རྣམས་བསྐྱེད་ཅིང་འཕྲལ་དུ་སྲོག་འཕྲོག་འགྱུར།།
ཉེས་གསུམ་འཕེལ་ཟད་ཚ་གྲང་ལས་མ་འདས།
མདོར་བསྡུས་ཚ་བ་ཐམས་ཅད་བསིལ་གྱིས་བཅོས།
གྲང་བ་ཐམས་ཅད་ནུས་པ་ཡང་དྲོས་བཅོས།
རླུང་ནི་ཚ་གྲང་གང་འབྲེལ་སྣུམ་དྲོས་བཅོས།།
རླུང་གི་ནད་ལ་བསྐུ་མཉེ་ཧོར་མེ་སོགས།
མཁྲིས་པ་རྔུལ་གཏར་ཆུ་ཡིས་འཕྲུལ་འཁོར་དང་།
བད་ཀན་ནད་ལ་དུགས་དང་མེ་བཙའ་སོགས།
ཚ་གྲང་གང་ཡིན་དེ་ཉིད་དཔྱད་ཀྱིས་བཅོས།།
རྒྱུ་དྲུག་དང་ལྡན་གསོ་གཞུང་ལག་ལེན་སོགས།
གང་ཡང་ཐོགས་མེད་མཁྱེན་པའི་འཚོ་བྱེད་ཀྱིས།
ལུས་སེམས་ནད་ཀྱིས་གདུང་བའི་སྐྱེ་འགྲོའི་ཆེད།
སྨན་ནོར་འཕངས་མེད་སྦྱིན་གཏོང་དམ་པའི་དྲིན།།
གསོ་རིག་གཞུང་ལུགས་གངྒ་ཀླུང་གི་རྒྱུན་།
བརྩོན་འགྲུས་ལྕག་གི་རྐ་བ་ལ་བརྟེན་ཏེ།
ཀུན་གཞི་འཛིན་མའི་གནས་སུ་ཉེར་དྲངས་ནས།
བདག་བློ་ཤེས་བྱའི་མྱུ་གུ་འབྲས་སྨིན་ཤོག །།
ཀུན་གསལ་ངོས་སུ་བགྲོད་པའི་ཉིན་བྱེད་ཀྱིས།
ཆུ་སྐྱེས་ཚོགས་རྣམས་ཞལ་ཁ་འབྱེད་པ་བཞིན།
ཕུལ་བྱུང་རྗེས་འཛིན་རིག་གནས་གཉིས་པ་འདིས།
མ་རིག་ནད་གནར་འགྲོ་ལ་བདེ་སྐྱིད་སྟེར།།
བཀྲ་ཤིས་ས་ཡི་ལྟེ་བ་ཁྱུང་ཡུལ་དུ།
བཀྲ་ཤིས་བཅུ་རིག་མངའ་བརྙེས་སློབ་དཔོན་གྱིས།
བཀྲ་ཤིས་ལས་སྨོན་འབྲེལ་བའི་སློབ་མ་ལ།
བཀྲ་ཤིས་དཔེ་འཁྱུད་མི་མངའ་གསོ་འབུམ་འཆད་ །།
བཀྲ་ཤིས་ཕུལ་བྱུང་གསོ་རིག་འབུམ་བཞིའི་མཚན་།
བཀྲ་ཤིས་འགྲན་བྲལ་རྒན་སློབ་ཚོགས་རྣམས་ཀྱིས།
བཀྲ་ཤིས་འཛམ་གླིང་ཡུལ་གྲུ་ཐམས་ཅད་ལ་།
བཀྲ་ཤིས་དགེ་མཚན་དབྱར་རྔ་སྒྲོགས་འགྱུར་ཅིག །།
རྒན་རྣམས་ཚེ་བསོད་རྒྱས་པའི་བཀྲ་ཤིས་ཤོག།
སློབ་མ་བྱང་སེམས་ལྡན་པའི་བཀྲ་ཤིས་ཤོག།
ནད་པ་ནད་ལས་གྲོལ་བའི་བཀྲ་ཤིས་ཤོག།
རྒན་སློབ་མཉམ་འཛོམས་ཡོང་བའི་བཀྲ་ཤིས་ཤོག །།
ཅེས་པ་འདི་སྔོ་ས་བཟོད་པ་ཚུལ་ཁྲིམས་ནས་བྲིས།