སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
ཤེལ་དཀར་རྗོང་།༼ཁག་གཉིས༽
[ 2016/1/12 20:26:00 | By: ཁ་བ་རྐང་གླིང་། ]
 

ཤེལ་དཀར་རྗོང་།༼ཁག་གཉིས༽

                                                    ཁ་བ་རྐང་གླིང་།

བར་སྣང་དུ་དཔྱངས་པ་བཞིན།   རི་རྩེ་རུ་བཙུགས་པ་ལྟར།

བརྗིད་ཉམས་ཀྱི་ཁེངས།   ངས་མགོ་བོ་རྒྱབ་ལ་གཡུག་ཏེ་རྒྱང་ལྟ་བྱེད་སྐབས།   ཤེལ་དཀར་རྗོང་དུ་བློ་རིག་བཀྲ་བའི་མི་བུ་འགའ་གོར་དམག་འགོག་པའི་ཐབས་ལམ་ལ་དཔྱད་པ་བྱེད་བཞིན་འདུག    ད་དུང་ལྕགས་རིའི་སྟེང་གི་བར་དང་བར་ན་ཡོད་པའི་ཁང་པའི་སྟེང་གི་ཕོ་རྒོད་ཚོས་རྒོལ་ལན་ཚ་ནན་རེ་སློག་པར་བྱེད།།

 

             རི་སྐེད་ན་གནས་པའི་བླ་མ་དང་བཙུན་པ་ཚོ།   དྭངས་གཙང་གཙང་གི་སེམས་པ་ཞིག་དང་རྣམ་དག་གི་བློག་ཞིག་ཁྱེར་ནས།   མདོ་སྔགས་རིག་གནས་ལ་ཉི་འོད་བཞིན་དུ་གཅེས་ཤིང་།    ཟླ་འོད་ལྟར་དུ་དུངས་ཏེ།   རང་ཉིད་ཀྱི་ཤེས་རིག་ཡར་ཚེས་ཀྱི་ཟླ་བ་བཞིན་དུ་འཕེལ་བར་བྱེད།།

 

          ངས་ག་ལེ་ག་ལེར་དགོན་པའི་སྒོ་ཆུང་དེ་ཕྱེ་ནས།   ལྐོག་མཉན་བྱེད་དུས།   རྗོང་ཁ་ནས་གཞན་དོན་དུ་གཤེགས་པའི་དཔའ་རྒོད་ཚོའི་རྣམ་ཤེས་བཀུག་ནས།   མན་ངག་རེ་སྦྱིན་ནས་དག་ཞིང་དུ་འདྲེན།  ཁོ་ཚོས་དེ་དག་མིང་སྙན་མོ་རེ་ཡང་འདོགས་པར་བྱེད།།

 

       ད་ལྟ་བདག་གི་མགོ་བོ་སྒུར་སྒུར་དུ།   མིག་ཆུ་ཤམ་ཤམ་དུ་རྫོང་རྩེ་རུ་འཛེགས་སྐབས།   དཔའ་བོ་དཔའ་མོ་ཚོའི་རུས་རྐང་དང་ཁྲག་ལས་གྲུབ་པའི་གྱང་གོག་ཞིག    གྱང་གོག་དེའི་སྟེང་ནས་རི་གཤམ་དུ་ལྟ་དུས།    གོར་དམག་ཕམ་ནས་རྒྱང་ལ་བྲོས་བྱོལ་དུ་འགྲོ་བ་མཐོང་བྱུང་།   འདེ་འདབ་ཏུ་ཆགས་པའི་ཁྱིམ་ཚང་མང་པོ་དུ་བ་སྔོ་ཕྱུར་ཕྱུར་དུ།  ཁང་པའི་ཡང་སྟེ་ན་གླུ་གཞས་ལེན །   དགོན་པ་དེ་ན་བླ་མ་ཞིག་གིས་ལམ་རིམ་འཆད་ཅིང་འདུག །

 

        ཡིན་ནའང་།        དཔའ་བོ་དཔའ་མོ་ཚོའི་མིང་ཐོ་ཙམ་ཡང་དེབ་ཐེར་ནས་མཐོང་བར་དཀོན་ཞིང་།   གྱང་གོག་ནི་གྱང་གོག་ཡིན་པས།  གྱང་གོག་དེ་ལ་འགྲེལ་བཤར་ཕྲན་བུ་རེ་ཡང་མི་རྒྱག་ཅིང་།    རི་གཤམ་གྱི་དགོན་པ་དེར་མཆོད་མཇལ་རེ་བྱས་ཏེ།   རླུང་བུར་བཞོན་ནས་འགྲོ །

 

                                                2015--10--11ཉིན་ལ་སྟོད་དིང་རི་རྗོང་ནས།

 

བདེ་བ་ཅན་དུ་སྐྱེ་བའི་སྨོན།

                                     

   གྲང་རླུང་འུར་འུར་དུ་ལྡང་བའི་མཚན་མོར   ཁ་པར་གྱི་ཏིར་སྒྲའི་ཁྲོད་དུ་ཟླ་འོད་མོག་པོར་གྱུར་ནས་མཐོང་ལམ་བསྒྲིབ་པར་བྱེད    བདག་གི་ལུས་སེམས་གཉིས་པོ་འདར་ཙམ་བྱེད་ཅིང་། ནམ་མཁའི་སྐར་ཕྲན་རྣམས་ཀྱང་འདར་ཙམ་འདར་ཙམ་གྱི་ཀློང་དུ་སྨྲེ་ངག་འདོན། སྤྲིན་པ་དག་ནི་མི་ཆུ་ལྷུག་ལྷུག་ཏུ་འདོན་བཞིན སྡུག་ངལ་གྱི་བཟོ་དབྱིབས་ཅི་འདྲིའི་མི་མང་ངམ། རྒྱང་རིང་ན་ལུས་པའི་རླུང་རྟ་དེ་དག་ཀྱང་སྐྱེ་འཆི་ནི་འདི་ལྟར་རེད་ཅེས་ཟེར་བཞིན།    ཧུང་སྒྲ་དང་འབྲེལ་ཏེ་གཏམ་གླེང་ཤབ་ཤུབ་ཏུ་སྨྲ།།

  དུས་ཚོད་འདིའི་སྔ་རོལ་དུ   འུ་གཉིས་ཀྱི་རྩེད་མོ་འཁྱུག་ཙམ་ཞིག་རྩེད་རྗེས་ནས་རང་རང་གི་གནས་སུ་སྐྱོད་པ་ལས  བདག་གི་ཁྱེད་ལ་ཁམས་བདེའི་མཚམས་འདྲི་ཞིག་ཀྱང་མ་ཞུས་པས།  ད་ལྟ་བྱིན་ཅན་གྱི་ནོར་བུ་ཞིག་བོར་བ་ལྟར་འགྱོད།   ཧ་ཅང་གི་འགྱོད།   ད་ལྟ་ངས་ཅི་ཞིག་བཤད་ཀྱང་ཕྱིས་ཟིན་བཞིན།   ཇི་ལྟར་ལབ་ཀྱང་ཁྱེད་ཀྱི་རྣ་བའི་བུ་གར་ཐོས་པར་དཀའ།།

   དེ་རིང་གི་མཚན་མོ་འདི་འཁྱོལ་བར་དཀའ་བཞིན    སྒེའུ་ཁུང་བརྒྱུད་ནས་ཕྱི་རོལ་དུ་རྒྱང་བལྟའི་ཁྲོད འུ་གཉིས་ཀྱི་གཞུང་ལས་ཁང་གཅིག་ནས་རྩེད་མཚར་ལ་རོལ་བའི་འཁྲབ་མཚན་དག་མིག་ལམ་དུ་རྒྱུ་བཞིན ཁང་ཆུང་གཅིག་ནས་བསྐྱལ་བའི་འཚོ་བ་དག་ཀླད་ཞོ་ནས་བསུབ་པར་དཀའ།།

    ཟླ་འོད་འོག་གི་སྨྲག་རུམ་ཁྲོད་སེམས་པ་འདི་ཤོགས་བུ་སིལ་བུར་གཏོར་བ་བཞིན  འཕར་ལྡིང་གི་ཤུགས་དྲག་ད་ཅིང་། ན་གཟུག་གིས་སྐད་སྒྲ་འདོན་པར་མི་ནུས་པར།  ལྷུག་ལྷུག་དུ་མིག་ཆུ་འདོན་ཞིང་། ཆུང་མའི་ཁ་བརྡ་ལྟར་ག་ལེར་ག་ལེར་འཁྱར་འཁྱོར་དུ་ལང་སྟེ  མ་ཎི་ཡིག་དྲུག་འདོན་བཞིན    དཔེ་ཁྲི་ལས་ལམ་རིམ་རྣམ་གྲོལ་ལག་བཅངས་དང་ཐར་ཐོ་སླངས་ཏེ སྡུག་སྔལ་ཞེས་པ་ཡོད་ཚད་ལས་བརྒལ་ནས  མཆོད་ཁྲིའི་སྟེང་དུ་མཆོད་མེ་ལམ་ལམ་དུ་འཕུལ་ཏེ། རྣམ་ཤེས་མཆོད་མེའི་འོད་ཟེར་ལ་འཁྱུད་དེ་བདེ་བ་ཅན་དུ་སྐྱེ་བའི་སྨོན་ལམ་འདེབསོ  མཆོད་མེ་སྟོང་ཚར་ཕུལ་ནས། ལག་པའི་ཐལ་མོ་སྦྱར་ནས།   སྨོན་ལམ་འདེབ་བོ།  འདེབ་བོ།།

 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.