བདེ་བ་ཅན་དུ་སྐྱེ་བའི་སྨོན།
ཁ་བ་རྐང་གླིང་།
གྲང་རླུང་འུར་འུར་དུ་ལྡང་བའི་མཚན་མོ་འདིར།
ཟླ་འོད་མོག་པོར་གྱུར་ནས་མཐོང་ལམ་བསྒྲིབ་པར་བྱེད།
ནམ་མཁའི་སྐར་ཕྲན་རྣམས་ཀྱང་འདར་ཙམ་འདར་ཙམ་གྱི་ཀློང་དུ།
སྤྲིན་པ་དག་གིས་མི་ཆུ་ལྷུག་ལྷུག་ཏུ་འདོན་བཞིན།
རྒྱང་རིང་ནས་སེམས་གསོའི་གཏམ་གླེང་ཤབ་ཤུབ་ཏུ་སྨྲ།
དུས་ཚོད་འདིའི་སྔ་རོལ་དུ།
འུ་གཉིས་ཀྱི་རྩེད་མོ་འཁྱུག་ཙམ་ཞིག་གི་རྗེས་ནས་རང་རང་གི་གནས་སུ་སྐྱོད་པ་ལས།
ཁྱེད་ལ་ཁམས་བདེའི་མཚམས་འདྲི་ཞིག་ཀྱང་མ་ཞུས་པ་འདི།
བྱིན་ཅན་གྱི་ནོར་བུ་ཞིག་བོར་བ་ལྟར་འགྱོད། ཧ་ཅང་གི་འགྱོད།
དེ་རིང་གི་མཚན་མོ་འདི་འཁྱོལ་བར་དཀའ་བཞིན།
སྒེའུ་ཁུང་བརྒྱུད་ནས་ཕྱི་རོལ་དུ་རྒྱང་བལྟའི་ཁྲོད།
འུ་གཉིས་ཀྱི་རྩེད་མཚར་ལ་རོལ་བའི་འཁྲབ་མཚན་དག་མིག་ལམ་དུ་རྒྱུ་བཞིན།
ཁང་ཆུང་གཅིག་ནས་བསྐྱལ་བའི་འཚོ་བ་དག་ཀླད་ཞོ་ནས་བསུབ་པར་དཀའ།
ཟླ་འོད་གི་སྨྲག་རུམ་ཁྲོད་སེམས་པ་འདི་ཤོགས་བུ་སིལ་བུར་གཏོར་བ་བཞིན།
འཕར་ལྡིང་གི་ཤུགས་དྲག་མེད་ཅིང་།
ན་གཟུག་གིས་སྐད་སྒྲ་མི་གནང་བར་བཟོ།
བདག་གིས་ག་ལེར་ག་ལེར་འཁྱར་འཁྱོར་དུ་ལང་སྟེ།
མ་ཎི་ཡིག་དྲུག་འདོན་བཞིན།
དཔེ་ཁྲི་ལས་ལམ་རིམ་རྣམ་གྲོལ་ལག་བཅངས་དང་ཐར་ཐོ་སླངས་ཏེ།
སྡུག་སྔལ་ཞེས་པ་ཡོད་ཚད་ལས་བརྒལ་ནས།
སང་ཉིན་གྱི་ཉི་ཟེར་ལ་འཁྱུད་དེ་བདེ་བ་ཅན་དུ་སྐྱེ་བའི་སྨོན་ལམ་འདེབས་སོ།
ལག་པའི་ཐལ་མོ་སྦྱར་ནས་འདེབས། ཐལ་མོ་སྦྱར་ནས།