ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
དད་འདུན་ལས་འཕྲོས་པའི་དྭངས་མའི་མཆོད་པ། | 2015/5/28 21:45:00
དད་འདུན་ལས་འཕྲོས་པའི་དྭངས་མའི་མཆོད་པ།

                        

གཞའ་ཚོན་སྣ་ལྔ་འཁྱིལ་བའི་གུར་ཁང་ན། ། 
གཟི་འོད་ལམ་ལམ་འཕྲོ་བའི་གཞོན་ནུའི་ལྷ།  །
མ་རིག་བློ་མུན་བཅོམ་པ་སྨྲ་བའི་སེང་། །
ཟབ་གསལ་མྱུར་བའི་ཤིས་པ་བདལ་ལ་སྩོལ། ། 

རྒྱལ་ཀུན་ངོ་བོ་གཅིག་ཏུ་བསྡུས་པའི་གར། ། 
མཚན་དཔེ་དཀྱིལ་འཁོར་ཟིང་ཆུ་ཡུལ་དུ་བལྟམས། ། 
རྣམ་དཔྱོད་ཤེས་རབ་རྩལ་རྫོགས་འགྲོ་བའི་མགོན། ། 
བསྟན་འཛིན་བློ་གྲོས་རྒྱལ་མཚོའི་ཞབས་ལ་འདུད། ། 

ཧོར་བའི་གདུང་ལ་འཁྲུངས་པའི་དམ་པ་ཁྱེད། ། 
དགུང་ལོ་ཕྲ་བའི་དུས་ནས་ཡི་གེ་དང་། ། 
ལྷ་སྐུ་ལ་སོགས་བྲིས་ལ་རབ་མཁས་པས། ། 
ཀུན་གྱིས་བསྟོད་བསྔགས་མེ་ཏོག་ཆར་དུ་སྙིལ། ། 

དབུས་གཙང་ཡུལ་གྱི་བྱིན་ལྡན་གནས་མཆོག་དང་། ། 
བོན་དགོན་འགའ་ལ་མཇལ་སྐོར་ཕེབས་པའི་དུས། ། 
གྲུབ་མཐའ་མང་པོའི་བླ་མ་དུ་མའི་དྲུང་། ། 
དབང་ལུང་ཞུས་ནས་ཉམས་རྟོགས་ཐོལ་གྱིས་བྱུང་། ། 

ཞྭ་དཀར་གཡུང་དྲུང་བོན་གྱི་གདན་ས་མཆོག ། 
གྲྭ་ས་ར་ལག་གཡུང་དྲུང་གླིང་དགོན་ནས། ། 
བོན་གྱི་གཞུང་ཆེན་བཀའ་པོད་དྲུག་ལ་སོགས། ། 
སློབ་གཉེར་མཛད་དེ་མཁས་པའི་གྲགས་པ་འཕུར། ། 

བཤེས་གཉེན་མཁས་གྲུབ་ལུང་རྟོགས་རྒྱ་མཚོའི་དྲུང་། ། 
སྒྲ་དང་སྙན་ངག་ལ་སོགས་རིག་གནས་ཀུན། ། 
སློབ་གཉེར་ཚུལ་བཞིན་མཐར་ཕྱིན་མཛད་པ་ཡིས། ། 
སྨྲ་དབང་ཀུན་དགའ་རང་གྲོལ་ཞེས་སུ་གྲགས། ། 

དབུས་ཀྱི་རྩེ་ཐང་མགོན་པོའི་རི་བོ་སོགས། ། 
མཇལ་བཞིན་གནས་མཆོག་གཙང་དུ་ཕེབས་ཞོར་དུ། ། 
ཆོས་ཀྱི་དགོན་ཆེན་བཀྲ་ཤིས་ལྷུན་པོ་སོགས། ། 
རིས་མེད་བོན་བན་གདན་ས་དུ་མར་མཇལ། ། 

གྲྭ་ས་ཆེན་མོ་གཡས་རུ་མཁར་སྣ་དང་། ། 
གདན་ས་བཀྲ་ཤིས་སྨན་རིར་མཇལ་བཞིན་དུ། ། 
མཁན་ཆེན་སྐུ་མདུན་རྒྱལ་བ་བློ་གྲོས་དྲུང་། ། 
མཇལ་ནས་དབང་ལུང་ཞུ་བའི་བསྐལ་པ་ཐོབ། ། 

མདོ་སྔགས་སེམས་གསུམ་ཟབ་རྒྱས་གཞུང་ཆེན་རྣམས། ། 
ཞིབ་མོར་གཡུང་དྲུང་གླིང་དུ་སྦྱངས་ནས་སུ། ། 
མཆེད་གྲོགས་སྒང་རི་ཚུལ་ཁྲིམས་རྒྱལ་མཚན་ལྷན། ། 
དགེ་བའི་བཤེས་གཉེན་ཆེན་མོའི་མཚན་བཏགས་བཞེས། ། 

གང་ཉིད་ཁྱོན་གྱི་མི་ལོ་བཅུ་གསུམ་རིང་། ། 
རིས་མེད་གྲུབ་མཐའ་ཀུན་གྱི་གཞུང་ལུགས་ལ། ། 
བརྩོན་པའི་ཤུགས་ཀྱིས་རབ་ཏུ་སྦྱངས་བ་ཡིས། ། 
མཁས་པའི་སྙན་གྲགས་ཡུལ་གྲུ་ཀུན་ལ་ཁྱབ། ། 

གྲྭ་སའི་མཁན་ཆེན་ཤེས་རབ་བློ་ལྡན་མཆོག ། 
ཨ་མདོའི་ཡུལ་དུ་ཆིབས་ཁ་བསྒྱུར་བའི་དུས། ། 
ཧོར་བཙུན་ཁྱེད་ཀྱིས་འགན་ཁུར་ཆེར་བཞེས་ནས། ། 
ཁོང་གི་གྲྭ་འཁོར་མཉམ་དུ་ཕེབས་པ་རྨད། ། 

སྐྱབས་མཆོག་མཁན་ཆེན་གདན་སར་ཕེབས་པའི་སྐབས། ། 
ཧོར་བཙུན་དམ་པ་རང་གི་ཡུལ་ཕྱོགས་ནས། ། 
བཞུགས་ན་བསྟན་འགྲོར་ཕན་པ་ཡོང་བའི་ཆེད། ། 
ལུང་བསྟན་གནང་བ་བཞིན་དུ་ཞལ་བཞེས་མཛད། །

ཨ་སྔགས་གྲུབ་ཆེན་བསྟན་པ་ཚུལ་ཁྲིམས་ཀྱིས། ། 
ཧོར་བཙུན་དམ་པས་འཆད་ཉན་སྤེལ་དགོས་ཞེས། ། 
ཞལ་གསུང་སྣང་བཞིན་རང་གི་ཡུལ་ཕྱོགས་ནས། ། 
གདམས་ངག་གང་འདོད་བཞིན་དུ་འགྲོ་ལ་གནང་། ། 

མདའ་ཆེན་དགོན་པས་གདན་འདྲེན་ཞུ་བའི་དུས། ། 
གསང་བ་སྔགས་ཀྱི་སྒྲུབ་གནས་ཆེན་པོ་མཆོག ། 
ཐེ་བོ་བྲག་དཀར་བྱ་རྒོད་གནས་མཇལ་དུ། ། 
ཕེབས་ནས་སླར་ཡང་མཇལ་བའི་སྨོན་པ་མཛད། ། 

ཐེ་བོ་ཡུལ་ནས་མི་ལོ་བཅུ་བཞིའི་རིང་། ། 
ཡི་དམ་ཕུར་བའི་བསྙེན་སྒྲུབ་མཛད་པ་དང་། 
ཡུལ་དེའི་དད་ལྡན་མང་ཚོགས་བརྒྱ་ཕྲག་འགའ། ། 
ལས་འབྲས་རྣམ་གཞག་ཟབ་མོ་ལྷུག་པར་འཆད། ། 

གནས་མཆོག་བྲག་དཀར་བྱ་རྒོད་ལ་སོགས་པའི། ། 
དཀར་ཆག་ལ་སོགས་གསུང་རྩོམ་དུ་མ་ཞིག ། 
མཛད་པས་ཨ་མདོའི་ཡུལ་ཕྱོགས་ཐམས་ཅད་ལ། ། 
ཧོར་བ་དྲུང་རམས་པ་ཞེས་འབྲུག་བཞིན་ལྡིར། །

སྤྲུལ་སྐུ་བསྟན་འཛིན་དབང་རྒྱལ་བཀའ་གསུང་ལྟར། ། 
གནས་མཆོག་མདའ་ཆེན་དཀར་མོའི་རི་ཁྲོད་དུ། ། 
སྐྱང་སྤྲུལ་ལུང་རྟོགས་སྐལ་བཟང་རྒྱ་མཚོ་ཡི། ། 
ཡོངས་འཛིན་གནང་བ་ལ་སོགས་མཛད་འཕྲིན་རྨད། ། 

དམ་པ་གང་གིས་གདམས་ངག་གནང་བའི་ཡུལ། ། 
སྲིད་འདིར་སྙན་གྲགས་ཁྱབ་པའི་བུ་སློབ་རྣམས། ། 
རྒྱལ་ཁབ་ཕྱི་ནང་ཀུན་ན་བསྟན་འགྲོའི་ཆེད། ། 
ཕྱག་ལས་གནང་བཞིན་ཡོད་པ་ཉིད་གྱི་དྲིན། ། 

རང་ཡུལ་སྐྱང་ཚང་དགོན་པར་ཕེབས་པ་ནས། ། 
མཚན་ཉིད་སློབ་དཔོན་མཛད་ནས་བྱམས་བརྩེ་ངང་། ། 
གསར་འཛུགས་གནང་བའི་བཤད་གྲྭའི་སློབ་བུ་ཚོར། ། 
གཞུང་ཆེན་རྣམས་ཀྱི་དཀའ་བའི་མདུད་རྒྱ་བཀྲོལ། །

གང་སྐུའི་ཐུགས་ལ་བོན་བསྟན་ཆེར་དགོངས་ནས། ། 
ཟིང་ཆུ་ཡུལ་གྱི་དགོན་ཁག་ཐམས་ཅད་ན། ། 
འཁོར་སློབ་རྣམས་ལ་གདམས་ངག་ཟབ་མོའི་བོན། ། 
འཆད་ཁྲིད་མཛད་པའི་བཀའ་དྲིན་བརྗོད་ལས་འདས། ། 

ཁྱེད་སྐུ་ཟིང་ཆུའི་མཁར་གྱི་སྲིད་གཞུང་གིས། ། 
བན་བོན་ལ་སོགས་མི་མང་ཚོགས་ཐོག་ཏུ། ། 
གདན་འདྲེན་ཞུས་བཞིན་བཀའ་སློབ་གནང་བ་ཡིས། ། 
རྒྱ་བོད་ཀུན་གྱིས་ཡི་རངས་སྙིང་ནས་སྨོན། ། 

དུས་ཀྱི་འགྱུར་ལྡོག་བཙན་པོ་སླེབས་པ་ཡིས། ། 
དམངས་གཙོ་བཅོས་བསྒྱུར་མ་བྱུང་ཙམ་གྱི་གོང་། ། 
རང་དགོན་ནང་དུ་བཞུགས་རུ་མ་བཅུག་པས། ། 
སྲིང་མོའི་ཁྱིམ་དུ་སྒོམ་སྒྲུབ་མཛད་པ་བྱུང་། ། 

རིག་གནས་གསར་བརྗེ་ཞེས་པའི་དུས་ངན་དེར། ། 
ཧོར་བཙུན་དམ་པར་ཉེས་པ་མེད་ན་ཡང་། ། 
བཙོན་དུ་བཞུགས་དགོས་བྱུང་ཡང་མ་འགྱང་བར། ། 
བཙོན་ནས་ཀློད་གྲོལ་དགོས་པའི་བསྐལ་པ་བྱུང་། ། 

གང་སྐུ་དགུང་ལོ་གྱ་བདུན་བཞེས་པ་ནས། ། 
འགྲོ་ཀུན་རྒྱུད་ལ་མི་རྟག་སྐྱེས་ཕྱིར་ཏུ། ། 
ཞི་བར་ཞིང་ལ་གཤེགས་པའི་ཚུལ་བསྟན་པས། ། 
འཁོར་སློབ་སྐྱོ་གདུང་མཆུ་མའི་མཚོ་མོ་འཁྱིལ། ། 

དམ་པ་ཁྱེད་ཀྱི་དངོས་སློབ་དུ་མའི་ནང་། ། 
དྲན་དབང་སློབ་དཔོན་གཡུང་དྲུང་བསྟན་པ་དང་། ། 
སྐྱང་སྤྲུལ་ལུང་རྟོགས་སྐལ་བཟང་རྒྱ་མཚོ་སོགས། ། 
བསྟན་འགྲོར་ཕན་པའི་མཁས་གྲུབ་མང་དུ་བྱུང་། ། 

བོན་བསྟན་འཛིན་སྐྱོང་སྤེལ་གསུམ་གནང་བཞིན་པའི། ། 
རྒྱལ་བ་སྨན་རིའི་མཁན་རབས་སོ་གསུམ་དང་། ། 
མཁས་དབང་མཁར་རྨེའུ་བསམ་གཏན་རྒྱལ་མཚན་སོགས། ། 
གོ་ལའི་རྩེ་ལ་འགྱངས་པ་དུ་མ་བྱུང་། ། 

མགོན་པོ་ཁྱེད་ཀྱི་མཛད་འཕྲིན་རྒྱ་མཚོ་ལ། ། 
ནུས་མེད་ཉམས་ཆུང་ང་ཡིས་གཞལ་དཀའ་ཡང་། ། 
མཐོང་ཐོས་ཆུ་ཐིགས་ཙམ་ཞིག་ཡོད་པ་དེ། ། 
སྒྲོ་བཏགས་དབེན་པའི་ཚིག་འདི་བྲིས་པ་ཡིན། ། 

ཤེས་ཡོན་གང་ཡང་མེད་པའི་ཐོས་དམན་པ། ། 
དྲིན་ཆེན་བླ་མ་གང་ལ་རྗེས་དྲན་ཞིག ། 
མཆོད་ཚིག་ཙམ་ཡང་རྩོམ་ལ་ཆེས་ངལ་མོད། །
སློབ་རྒྱུད་གཏོགས་པའི་བཀའ་དྲིན་དྲན་བཞིན་བཏེགས། །

གནས་མཆོག་འཕགས་ཡུལ་གསོ་བྱེད་རི་བོ་ནས། ། 
སྨན་རིའི་མཁན་རབས་སོ་གསུམ་མཆོག་གི་དྲུང་། ། 
གདམས་ངག་ཟབ་མོའི་བདུད་རྩི་བཏུང་ཁུལ་པ། ། 
སློབ་བུའི་གྲལ་མཐའ་འཛིན་པ་ནམ་མིང་བས། ། 

གསང་གསུམ་མཛོད་འཛིན་ཧོར་བཙུན་དམ་པ་དང་། ། 
འཁོར་སློབ་རྣམ་པས་རིས་མེད་བརྩེ་བའི་ངང་། ། 
རྒྱལ་གཤེན་བསྟན་པ་སྐྱོང་བའི་མཛད་འཕྲིན་རྣམས། ། 
སྙིང་ནས་དྲན་བཞིན་བཏེགས་པ་མུ་ཙུག་སྨར། །

ཞེས་པ་ཡང་རྗེ་དམ་པ་གང་གི་སློབ་རྒྱུད་དུ་གཏོགས་པའི་ཐོས་དམན་པ་དུང་དཀར་ནམ་མཁའ་རྒྱལ་མཚན་དུ་འབོད་པས་མཛེས་ཤིང་ཡིད་དུ་བའི་ཡུལ་འཕགས་ཡུལ་༧གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་ནས་ཕྱི་ལོ་ ༢༠༡༥ཟླ་བ་༣ཚེས་པ་༢༡ཉིན་རྫོགས་པར་བྲིས་པ་དགེ་གྱུར་ཅིག །
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.