ཨུན་ཞིའི་ཨུན་ཏིང་།
སྤྱི་བསྒྲགས།
རང་དབང་གི་ཆེད་དུ།
དགའ་སྐྱོ་འདྲེས་མས་བཞེངས་པའི་འཇིག་རྟེན་འདི་ན། འཁྱམས་པོ་ང་རང་ཆེས་མོས་ས་ནི་ལྷིང་འཇགས་ཀྱི་གནས་མཆོག་ཞིག་ན་བདེ་སྐྱིད་དང་དགོད་སྒྲའི་ཁེངས་ཞིང་ཞིམ་མངར་ལྡན་པའི་རང་དབང་རང་འཐད་ཀྱི་འཚོ་བ་ཞིག་རོལ་བགྱི་དེ་ཡིན་མོད། འོན་ཀྱང་། འཚོ་བ་དེའི་ཆེད་དུ་ས་མཐའ་གང་ལ་མྱུལ་ཡང་ད་དུང་མ་རྙེད། ཡིན་ནའང་། ད་དུང་ང་རང་གིས་འཚོ་བ་དེའི་ཕྱོགས་ལ་སང་ཉིན་ཡང་རྡོག་ཁྲིས་དེ་འཁུར་ནས་ལམ་ལ་ཆས་འགྲོ།
ལི་ཐོ།
ཆེད་སྒྲིག་རྣམ་དབྱེ།
པར་མཛོད།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
ནང་འཇུག
དྲ་གྲོགས།
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
དྲིན་ཆེན་མ་ལོ་དྲན་བྱུང་། | 2015/11/12 23:32:00
0
དྲིན་ཆེན་མ་ལོ་དྲན་བྱུང་།
འཇིག་རྟེན་འཁོར་བའི་གནས་འདིར། །
བཀའ་དྲིན་གཞལ་ཐབས་བྲལ་བའི། །
དྲིན་ཆེན་མ་ལོ་རྣམ་པའི། །
བྱམས་སྐྱོང་སྙིང་ནས་དྲན་བྱུང་། །
མགོན་མེད་རྣམ་ཤེས་འཁྱམས་པོ། །
བར་དོ་ཁམས་ན་ཉུལ་དུས། །
མངལ་ཁྱིམ་དྲོན་མོ་གཡར་མཁན། །
དྲིན་ཆེན་མ་ལོ་དྲན་བྱུང་། །
ཟླ་དགུ་ཞག་བཅུ་རིང་ལ། །
དཀའ་སྡུག་སྣ་ཚོགས་མྱངས་ཡང་། །
སྙིང་ནས་བཟོད་སྲན་ཐུབ་མཁན། །
དྲིན་ཆེན་མ་ལོ་དྲན་བྱུང་། །
ན་ཟུག་བཟོད་མེད་མྱོང་བཞིན། །
བཙས་པའི་སྙིང་གི་བུ་ལ། །
ནུ་ཞོ་མངར་མོ་བསྣུན་མཁན། །
དྲིན་ཆེན་མ་ལོ་དྲན་བྱུང་། །
བྱམས་པའི་མིག་གིས་ལྟ་ཞོར། །
སྙན་མོ་ངག་ནས་འབོད་བཞིན། །
ཞིམ་མངར་ཟས་ཀྱིས་གསོས་མཁན། །
དྲིན་ཆེན་མ་ལོ་དྲན་བྱུང་། །
གར་འགྲོ་མིག་གིས་འཚོ་བཞིན། །
བྱམས་དང་བརྩེ་བ་ཆེན་པོས།།
འགྲོ་ཚུལ་འདུག་ཚུལ་བསླབས་མཁན། །
དྲིན་ཆེན་མ་ལོ་དྲན་བྱུང་། །
ལོ་བཞི་ལོ་ལྔར་བསླེབས་དུས། །
ལྔ་ཟུང་ནོར་གྱི་སྙིང་པོ། །
ཀ་མད་སུམ་ཅུ་བསླབས་མཁན། །
དྲིན་ཆེན་མ་ལོ་དྲན་བྱུང་། །
སློབ་ཆུང་སློབ་འབྲིང་འགྲིམས་དུས། །
དཀའ་སྡུག་ཚད་མེད་མྱངས་ནས། །
སློབ་ཡོན་དངུལ་ལོར་བསགས་མཁན། །
དྲིན་ཆེན་མ་ལོ་དྲན་བྱུང་། །
སྔོན་མའི་ལས་དབང་ཞིག་གིས། །
བུ་ཆུང་ས་མཐར་འགྲིམས་པས། །
དྲན་གདུང་མིག་ཆུ་བཞུར་མཁན། །
དྲིན་ཆེན་མ་ལོ་དྲན་བྱུང་། །
དཀའ་སྡུག་གང་མང་མྱངས་ནས། །
དངུལ་སྒོར་ཁྲི་ཕྲག་བསགས་པ། །
ས་མཐའི་བུ་ལ་བསྐུར་མཁན། །
དྲིན་ཆེན་ཕ་མ་དྲན་བྱུང་། །
ཉིན་མཚན་དུས་དྲུག་ཀུན་ཏུ། །
ས་མཐའི་གཅེས་ཕྲུག་དྲན་བཞིན། །
སྐྱོ་གདུང་མིག་ཆུ་བཞུར་མཁན། །
དྲིན་ཆེན་མ་ལོ་དྲན་བྱུང་། །
ནང་མི་ལྷན་འཛོམས་བྱུང་ནས། །
བཟའ་བཏུང་ཞིམ་པོར་རོལ་དུས། །
བུ་ཆུང་ཡང་ཡང་དྲན་མཁན། །
དྲིན་ཆེན་མ་ལོ་དྲན་བྱུང་། །
ཁ་པར་གཏོང་ཐེངས་རེ་ལ། །
ཡུལ་ལ་ནམ་ལོག་དུས་ཚིག །
ཡང་ཡང་དྲི་བ་བཏང་མཁན། །
དྲིན་ཆེན་མ་ལོ་དྲན་བྱུང་། །
བུ་ཡི་འདྲ་པར་འགའ་རེ། །
དུས་རྒྱུན་རུམ་ལ་བཅུག་ནས། །
དྲན་དུས་ཡང་ཡང་ལྟ་མཁན། །
དྲིན་ཆེན་མ་ལོ་དྲན་བྱུང་། །
བུ་ཡི་གྲོགས་པོ་མཐོང་དུས། །
རང་གི་གཅེས་ཕྲུག་དྲན་བཞིན། །
དྲན་གདུང་མིག་ཆུ་བཞུར་མཁན། །
དྲིན་ཆེན་མ་ལོ་དྲན་བྱུང་། །
ཕ་ཁྱིམ་དྲོན་མོ་ནང་དུ། །
ཚ་བོ་ཚ་མོ་སྐྱོང་བཞིན། །
དཀའ་ལས་གང་མང་མྱངས་མཁན། །
དྲིན་ཆེན་མ་ལོ་དྲན་བྱུང་། །
བུ་ངའི་དྲིན་ཆེན་མ་ལོ། །
ཡིད་ལ་དྲན་པའི་ཚོར་སྣང་། །
ཡི་གེ་གཟུགས་ལ་ཕེབས་དུས། །
དྲན་གདུང་མིག་ཆུ་ཤོར་སོང་། །
རྩོམ་པ་པོ།:࿐མུ་ལ། | བལྟ་ཀློག(460) | ལན་སློག(0) |གནད་དོན་ཡར་ཞུ | འདྲེན་བཀོལ་སྤྱི་བསྒྲགས(0) | རྩོམ་སྒྲིག
- ཟིན་ཐོ་གོང་མ།བསམ་གཞིག་མཛོད།
- ཟིན་ཐོ་འོག་མ།རིན་ཐང་བྲལ་བའི་རིན་ཆེན།