སྙན་ཚོམ་ཁག་ལྔ།
རྐྱང་ཚེའི་བུ།—འབྲོག་ཁ་མང་།
རེ་བའི་མིག་ཟུང་།
གཅིག་ནི་ནགས་ཚལ་འདི་དང་གཙང་པོའི་དེའི་ཕ་རོལ
ཅིག་ཤོས་ནི་ཁོ་བོའི་མགོ་ཐོག་ཏུ
གཅིག་ནི་འབྲེལ་འདྲིས་བྱ་ཐབས་བྲལ་བའི་ཆ་མེད་གྲོང་ན
ཅིག་ཤོས་ཀྱི་ཁ་འཇམ་ཁོག་རྩུབ་ཀྱིས་ང་དང་ཉེ་བར་གཅར
གཅིག་ནི་བདེན་དོན་རྒྱབ་དུ་ཁུར་བའི་ཡུལ་འཁྱར་བ
ཅིག་ཤོས་ནི་མཚན་ལྡན་མིང་བྱང་བཀོལ་བའི་ཝ་མོ་ཞིག
ཡང་ན་སྤྱང་ཀི་ཞིག
ངས་ནི་རྒྱུན་དུ་ཐག་རིང་ལ་མིག་ཟུང་ཡང་ཡང་གཅེར
འདམ་གཞུང་ནས།
ཐབས་ཤེས་མི་འདུག
དལ་ཅག་གེར་སྡོད་པ་ལས་ཐབས་ཤེས་མི་འདུག
སྨྲ་ལྕེ་སྒྲོག་གིས་བཅིངས་པ་ལས་ཐབས་ཤེས་མི་འདུག
དྲང་གཏམ་ཁོག་ཏུ་རུས་བ་ལས་ཐབས་ཤེས་མི་འདུག
རྨ་ཁ་སྐྲན་དུ་གྱུར་བ་ལས་ཐབས་ཤེས་མི་འདུག
ཐ་ན་ རང་ཁྱིམ་སྒོ་ཁར
མིའི་ཁྱིས་རྨུགས་པ་དེ་ཡང་ཐབས་ཤེས་མི་འདུག
ང་ཚོ་ལ་ཐབས་ཤེས་ཤིག་གཏན་ནས་མེད་དམ་ཟེར་གྱིན
རང་སེམས་དམར་པོར་འདྲི་རྟགས་གསལ་པོ་ཞིག་བཀོད་པ་ལས་ཐབས་ཤེས་མི་འདུག
རྟོགས་དཀའ་བའི་གསང་བ།
ལོ་ཚིགས་བརྗེ་ཞོར་དང་གྱོན་པ་བརྗེ་ཞོར
བློ་ལུས་ངག་ཡིད་གསུམ་དག་ཐེར་ཡང་ཡང་བྱས
ཡིན་ཡིན་གྱིས་མིན་མིན་བཀབ
མིན་མིན་གྱིས་ཡིན་ཡིན་བཀབ
གྱི་ལིང་བཞིན་འཚེར་མྱོང་ལ་གཡག་རྒོད་ལྟར་ངུར་མྱོང་བའི
གདོང་དམར་བ
འདོད་རྔམས་ཀྱི་ལྕགས་ཀྱུ་གཞུང་དྲང་ཡོད་ཚད་ཀྱི་ལུས་ཐོག་གཏད་པའི
འཇིག་རྟེན་མིས
”ན་ནིང་” “ད་ལོ་“ སང་ཉིན
འཛུམ་སོ་དཀར་གྱི་པགས་པའི་འོག་ཏུ
སུ་ཞིག་གི་ལོ་རྒྱུས་སྦས
སེམས་ཀྱི་མེ་ཏོག།
ཁ་དོག་ཉི་ཤུ
གཟུགས་དབྱིབས་སྣ་ཚོགས
རིགས་རྒྱུད་འདྲ་མིན
དྲན་ན་སེམས་རྩ་འཁྲུག་ཞིང་རིག་ན་ཡིད་རྟེན་འཕྲོག་པའི་མེ་ཏོག་མང
འོན་ཀྱང་
བདག་གི་བློ་ངོར་འོང་བ་ནི་རི་རྩེར་འཁྲུངས་པའི་གངས་ལྷ་མེ་ཏོག་དེ་ཁོ་ནའོ
བརྩེ་བའི་བསིལ་རླུང།
རླུང་བུ
ཕྱོགས་བཞི་ནས་ལྡང་ཞིང
མཚམས་བརྒྱད་དུ་ཡལ་འགྲོ
རླུང་བུ
ཁུ་སིམ་གྱིས་འཇགས་ནས
གློ་བུར་གྱིས་ལྡང་འོང
རླུང་བུས
སྐྲ་ལོ་འགུལ་ཞོར་དང་ལུས་ཕུང་རེག་ཞོར
ཚ་བའི་གདུང་བ་དེ་རྨང་ནས་བཅོམ་འགྲོ
རླུང་བུས
ལྕང་ལོ་གཡུགས་ཞོར་དང་ཐལ་རྡུལ་བླངས་ཞོར
བྱི་མའི་ཕུང་པོ་ཞིག་མིག་ལ་འདེབས་འོང
འཇམ་གྱིས་རེག་ལ་བཙན་གྱིས་ལྡང་བའི
གསང་བ་ལྐོག་གྱུར་གྱི་བརྩེ་བའི་བསིལ་རླུང
བསྐལ་བ་མ་འཇིགས་བར་མེ་རི་བཞིན་འབར་རོགས
དབུགས་རྒྱུན་མ་ཆད་བར་ཆད་མེད་ཀྱིས་ལྡང་རོགས
དལ་གྱིས་ལྡང་རོགས
- ཟིན་ཐོ་གོང་མ།དྲིན་ཆེན་ཡབ་ཡུམ།
- ཟིན་ཐོ་འོག་མ།འཛུམ་དཀར་ལྷ་མོ།