སྟོན་ལོ་སེར་པོ།།
ཕྱི་ཚུལ་ཆོས་གཟུགས་རྫོབ་པོ་ཚུལ་འཆོས་སུ་ངོམ་སྟེ།།
ནང་ཁྲིམས་བསླབས་པ་ཉམས་པའི་སྡོམ་ཤོར་གྱི་འཆལ་པོ།།
གང་ལ་སྲུབས་ཀ་དོད་པའི་འཁོར་འདས་ཀྱི་ཞིག་རོ། །
དུས་ཀྱི་སྐུ་ལོ་ཁྱེད་ཚོ་སེར་རྟགས་ཙམ་འཛིན་རེད།།
གསང་ཡུམ་ཐབས་ཀྱིས་འཁྱུད་པ་ལས་ཀྱི་ཕྱག་རྒྱར་སྣང་།།
ཤ་ཆང་སྒོག་དུ་བསྟེན་པ་ཚོགས་ཀྱི་དངོས་གྲུབ་སེམས།།
ངག་འཁྱལ་རྫུན་གྱི་འཁོར་ལོ་ཆོས་ཉིད་རང་སྒྲ་བསམ།།
དུས་ཀྱི་སྐུ་ལོ་ཁྱེད་ཚོ་རང་སྣང་གང་ཤར་རེད།།
ཌ་དྲིལ་ཕྱག་ཆ་ཡོད་དགུ་གཞན་ལ་རྫུབ་ངོམ་ཞིག །
ངག་གིས་ཞི་ཁྲོ་འདོན་དབྱངས་ཉག་ཉོག་ལྡབ་ལྡིབ་ཞིག།
རྣམ་རྟོག་སེམས་ལ་ཟ་འདོད་ཁྱེར་འདོད་ཧམ་སེམས་ཤིག།
དུས་ཀྱི་སྐུ་ལོ་ཁྱེད་ཚོ་ལྟོ་རྒྱབ་འཚོལ་བའི་ལས་བྱེད་རེད། །
མང་སྒོར་རིག་ན་སེམས་ཅན་འགྲོ་དོན་བརྗེད་ནས་ཐལ།།
སྨན་ཤར་མཐོང་ན་ངག་གི་ཟླས་བརྗོད་བསྐྱུར་ནས་ཐལ།།
འཛུམ་ཞལ་སྟོན་དུས་ཧད་དེ་ཁ་ཆུ་འཛག་ནས་ཐལ།།
དུས་ཀྱི་སྐུ་ལོ་འགྲོ་དྲུག་མགོ་བརྡུང་སྤྲོད་བྱེད་རེད།།
སེམས་ཀྱི་འདོད་པའི་མེ་དཔུང་དྲག་ཏུ་འབར་རྐྱེན་གྱིས།།
དབང་པོ་གཉིས་སྦྱོར་ཆོས་དེ་མི་ཡི་བདེ་མཆོག་འདོད།།
མོ་ཚོགས་རྣམས་ནི་རོལ་དགའ་སྟོང་གི་གཞི་རྩ་སེམས།།
འདི་དག་ཡོད་དགུ་དུས་ཀྱི་སྐུ་ལོ་མཚན་ཉིད་རེད།།
གྲྭ་ངན་ཞིག་གི་སྤྱོད་བཙོག་དེ་རིགས་མཐོང་རྗེས་སེམས་པ་འདི་གནོན་མ་ཐུབ་པར་ངག་སྒོ་ནས་ཚིག་འདི་ཐལ་ལོ།
- ཟིན་ཐོ་གོང་མ།མངོན་ལྐོག་གི་སྡོམ་པ།།
- ཟིན་ཐོ་འོག་མ།ལྷོ་རོལ་གྱི་མཚམས་སྤྲིན།།
རང་སྣང་གི་འཆར་ཡན་སྣ་ཚོགས་དགུ་འདུས།།
སྐད་ཆ་གསོན་པོ་ཡིས་གཟུགས་སུ་ཕབ་པ།།
སྨྱུག་འཛིན་རྩོམ་པ་པོའི་ཆ་ལུགས་ཡིན་པས།།
གོམ་འགྲོས་འདི་མ་བཅོས་གདོད་མའིརང་བྱུང་།།
དཔྱད་བརྗོད་དང་དགོངས་འཆར་གནང་བར་སྙིང་ནས་དགའ་ཞིང་གུས་པས་བསྟུན་ཏེ་ཐུགས་རྗེ་ཆེ་ཞུས་བ་ལགས།
ཟིན་བདག་གིས་ཀློག་པ་པོ་སེམས་དཀར་ཞེས་པར་སྤྲིང་བ་ལགས་སོ།།
འདིའི་ནང་དོན་ཨེ་གོ་གི སེམས་དཀར་གྱིས།