ང་ཡི་དགའ་སྐྱིད་ལན་གཅིག་ཁྱོས་འཕྲོག་སོང་།།
འདི་ལོ་དབྱར་རྩ་དགུན་འབུ་དཀོན་ཐག་ཐག།
དབྱར་གྱི་རྒྱལ་མོའི་འཕྲག་དོག་ཚ་ལྷང་ལྷང་།།
ཞིང་རབ་གྲུ་བཞིའི་རྒྱང་བུ་ཐུང་འབོ་འབོ།།
ང་ཡི་དགའ་སྐྱིད་ལན་གཅིག་ཁྱོས་འཕྲོག་སོང་།།
ཚན་རིག་མཁས་པའི་བདེན་ཁ་ཇེ་མངོན་མངོན།།
བཅུ་གཉིས་ལོ་མཇུག་སྐྲག་སྣང་ལྕི་ཆེ་ཆེ།།
ཕུ་ནུ་ཕན་ཚུན་མཐུན་སྒྲིལ་ཇེ་སྡུག་སྡུག།
ང་ཡི་དགའ་སྐྱིད་ལན་གཅིག་ཁྱོས་འཕྲོག་སོང་།།
རྣམ་པ་ཚོ་འགའ་རྒྱ་གྲོང་འཁྱམས་ལ་ལ།།
གཞན་ཕན་སྐྱོང་ནས་དབེན་སར་འདུག་དཀའ་དཀའ།།
བཤེས་ཞེས་ནོར་བུའི་མཚན་དེ་རྫོད་ཉེ་ཉེ།།
ང་ཡི་དགའ་སྐྱིད་ལན་གཅིག་ཁྱོས་འཕྲོག་སོང་།།
ཁྱེད་ལ་དད་པའི་ཨ་ལོང་འཐོར་ཁད་ཁད།།
འུ་གཉིས་བརྩེ་བའི་ཐག་མདུད་ཇེ་ལྷོད་ལྷོད།།
ངའི་སེམས་མི་བརྟན་དབང་མེད་འགྱུར་ཉེ་ཉེ།།
ང་ཡི་དགའ་སྐྱིད་ལན་གཅིག་ཁྱོས་འཕྲོག་སོང་།།
ཕྱི་འཆོས་གཟབ་པའི་བཙུན་གཟུགས་མང་ལ་ལ།།
ནང་ཁྲིམས་ཡོད་པའི་དགེ་འདུན་ཉུང་ཐག་ཐག།
དཀར་ནག་ཁྲ་ཡི་རྒྱན་གོས་ལྷག་གཅེས་གཅེས།།
ང་ཡི་དགའ་སྐྱིད་ལན་གཅིག་ཁྱོས་འཕྲོག་སོང་།།
གཟའ་བྱ་ཕག་ཤའི་རིན་གོང་ཇེ་མཐོ་མཐོ།།
འཚོང་མཁན་སྦྱིན་བདག་ཁོང་ཡང་འཕྲོ་ཚ་ཚ།།
རྒྱ་ཤོག་དམར་པོའི་གྲངས་ཀ་ཉུང་ཐག་ཐག།
ང་ཡི་དགའ་སྐྱིད་ལན་གཅིག་ཁྱོས་འཕྲོག་སོང་།།
ཚན་རྩལ་རིག་པའི་འཕྲུལ་ཆས་མོད་ལྷུག་ལྷུག།
ཨ་དཀར་མ་ཏྲིའི་དགོང་འདོན་འཇའ་ཡལ་ཡལ།།
བསོད་ཟད་བོད་མིའི་བློ་སེམས་འགྱུར་ཆོག་ཆོག།
ང་ཡི་དགའ་སྐྱིད་ལན་གཅིག་ཁྱོས་འཕྲོག་སོང་།།
རང་བསྟན་མི་སྐྱོང་གཞན་བསྟན་གཤིགས་མཁས་མཁས།།
རང་སྐྱོན་མི་མཐོང་གཞན་སྐྱོན་འཚོལ་ལ་ལ།།
རང་མགོ་མི་ཐོན་གཞན་མགོ་འཛིན་ཤར་ཤར།
ང་ཡི་དགའ་སྐྱིད་ལན་གཅིག་ཁྱོས་འཕྲོག་སོང་།།
འཕྲག་དོག་རྟ་ཕོའི་བང་རྩལ་ཇེ་རྒོད་རྒོད།།
བྱམས་དང་སྙིང་རྗེའི་སྲབ་མདའ་ཅུང་ལྷོད་ལྷོད།།
ལས་འབྲས་བདེན་པོ་རྫུན་ལ་འཇོག་ལ་ལ།།
ང་ཡི་དགའ་སྐྱིད་ལན་གཅིག་ཁྱོས་འཕྲོག་སོང་།།
ཡོད་ཚད་ཚང་མ་གཞན་གྱིས་འཕྲོག་འདུག།
གསོན་པོ་དགོས་པའི་ཤོག་སྒོར་ཉུང་ཉུང།
ཤི་བོ་དགོས་པའི་དགོང་འདོན་ཡལ་ཡལ།
བསྟན་པ་མོས་པའི་གྲྭ་ཆུང་ཞིག་གིས།
རེ་བ་འདུན་མ་སློད་ལ་ཁག་རེད།
མི་དགོས་བསྟན་གཤིགས་དགྲ་བོ་མང་མང་།
དགོས་པའི་བསྟན་འཛིན་ལྕང་ལོ་ཐོར་ཐོར།
དགའ་སྐྱིད་འཕྲོག་པའི་དུས་ཚིག་ཞིག་ལ།
གསོན་འདྲེ་དམར་མོ་དངོས་སུ་ལོང་ཐལ།
གསོད་ནམ་ཟད་པའི་མི་བུ་ཞིག་ལ།
སྣང་བ་བསྐྲག་པའི་རྨི་ལམ་རྨིང་ཐལ།
སེམས་ནས་་་་
ངའི་ཟིན་བྲིས་སུ་ཕེབས་པའི་སེམས་ལགས་ཕེབས་པ་དངོས་གནས་དགའ་པོ་བྱུང་། ངའི་ཟིན་བྲིས་ཀྱི་མདུན་ངོས་སུ་ཁོ་བོ་ཡི་སྒེར་ཁུང་དང་ཁ་པར་ཨང་གྲངས་ཐམས་ཅད་བཀོད་ཡོད་པའི་དེའི་ཐོག་ན་འབྲེལ་བ་གནོང་རོགས། ངས་ཁྱེད་ཀྱི་དངོས་མིང་ཧ་མ་གོ་ཙམ་བྲིས་པ་བཟང་ཀྱང་ཚོར་སྣང་དེ་ཙམ་སྤྲད་ཐུབ་གི་མི་འདུག
སྐུ་ཚེ་གེག་མེད་བསམ་དོན་ཀུན་གྲུབ་ཤོག
དྲང་བདེན་ནས
བསྟན་པ་འཛིན་སྐྱོན་བྱེད་ན་ལ་རྒྱ་ཡིན།
དེ་ཉིད་མི་ཉམས་གོང་འཕེལ་བྱེད་པ་ལ།
ལ་རྒྱ་མེད་ན་རྒྱུན་སྐྱོན་ག་ལ་ཐུབ།
ལ་རྒྱ་ནས
ཁ་འདོན་མ་ཏྲི་མགྲིན་པ་ན་བའི་རྒྱུ།།
སངས་རྒྱས་བསྟན་པ་རྗེས་ལུས་བོད་པའི་སྐྱོན།།
མགོ་རིལ་ཁྱོད་ཀྱང་བོད་ལ་དུངས་རེ་རེན།།
ལྷག་བསམ་ནས།།།
ལྷ་གཡག་དར་མ་སོགས་གོང་གི་འཆན་བཀོད་པ་ཡོངས་ལ་བཀྲིས་བདེ་ལེགས་ཆབ་གཅིག་ཏུ་ཞུ་བ་ཡིན།།