ལུས་སྟོབས་རྒྱས་པའི་གཞོན་ནུ་དང་། ལོ་ན་ཡོལ་བའི་རྒན་གོག་གང་ལ་བརྩི་མི་ཤེས་པའི་དུས་རབས་གསར་པའི་མགོ་རིལ་ཁོ་བོ། སློབ་གླིང་གཡང་གི་ར་བ་ནས་སློབ་ཚོགས་མར་གྲོལ་བའི་དུས་མཚམས་སུ་ལག་ཏུ་དཔེ་དེབ་ཅིག་འཛིན་ནས། སྐབས་འགར་འུ་རུ་རུ་ཟེར་ནས་གོ་ཡ་མེད་པའི་སྐད་སྒྲ་ཁ་ཤས་ཤིག་སྒྲོག་བཞིན་སྒྲོག་བཞིན་དགོན་འདབས་ནས་མར་ཆས་དུས། ངའི་བཀའ་ལ་མ་ཉན་པའི་རང་སེམས་བཙན་པོ་དེས། ང་དེ་སྔོན་བགྲོད་མྱོང་སའི་གཡའ་རི་གངས་རི་སྐད་ཅིག་ངང་བསྐོར་ནས་སླེབས་ཅིང་། དེར་མ་ཚད་དགའ་སྡུག་གི་སྐད་ཆ་བཤད་མྱོང་ཡོད་པའི་ཆུང་འདྲིས་བྱམས་པ་ཁ་ཤས་དང་ཐུག་འཕྲད་བྱས་འདུག དུས་དེ་ནས་བཟུང་ཁོ་བོའི་ལག་གི་དཔེ་དེབ་དེ། ཁྲེལ་མེད་བཀྲ་ཤིས་ཀྱི་ལག་ཏུ་བཞག་ནས། ངའི་གཏན་གྲོགས་ཀུ་ཤུ་ཁ་པར་ལ་རེ་བ་བཅོལ་ཏེ་ཆུང་འདྲིས་རོགས་ལོ་རྣམས་ཀྱི་ཁ་པར་ཨང་ཀི་ཁ་ཤས་མནན་ཡང་། ཁོ་མོ་ཚོ་ཕལ་ཆེ་བ་དབྱར་རྩ་དགུན་འབུ་འཚོལ་བསྡུ་བྱེད་མཁན་ཆས་སོང་པ་འདྲ། ཐམས་ཅད་བརྡ་འཕྲིན་མི་འདུག་ཟེར་ནས་སྐད་ངན་རྩེ་རེ་རེ་རྒྱབ་སོང་། ང་ན་ནིང་དཔྱིད་ཀ་ཨ་མཆོད་བསྡད་པའི་གླ་ཆ་སྒོར་མོ་ལྔ་སྟོང་དེ། གཅིག་ཀྱང་མ་ལུས་པར་ཁ་པར་འདི་ལ་བཏང་ཡང་ལན་གཅིག་ས་ལ་བསྡབ་དགོས་བྱུང་། དུས་སྐབས་དེར་ཐབས་ཤེས་གཅིག་ཀྱང་མ་རྙེད་པར་སྐར་ཆ་ལྔ་ལྷག་ཙམ་གོ་མེད་ཚོར་མེད་དུ་ལུས་སོང་། ཡང་ཁྲེལ་མེད་བཀྲ་ཤིས་ཁོ་ཡིས་ངས་ཁྱོད་ལ་ངའི་གྲོགས་མོའི་ཨང་གྲངས་སྟེར་ཆོག་ཟེར་ནས་སྣེ་མོར་༡༠༠༠ཅན་གྱི་ཨང་ཀི་ཞིག་དེ་སྤྲད་བྱུང་། དེ་མ་ཐག་ཏུ་ངས་ཁོ་ལ་འདི་ལྟར་དྲིས་ནི་ཡིན། ཨང་ཀི་འདི་རྫིག་ལུགས་ལ་བལྟས་ན་ཧ་ལམ་བུ་མོ་འབྱོར་ལྡན་ཞིག་ཡིན་པ་འདྲ་ཨེ་རེད་ཅེས་དྲིས་དུས། ཁོ་རང་གད་མོ་འདྲ་དགོད་བཞིན་འདུག ད་ལམ་སེང་ཤོད་དང་ངས་སྐད་ཆ་འདྲི་ལུགས་ཡོད་ཅེས་ལབ་ཡིན། དེ་ནི་ཁོ་དང་འབྲེལ་མྱོང་ཅན་གྱི་མཚར་སྡུག་ལང་ཚོ་རྫོགས་པའི་གཞོན་ནུ་མ་ཞིག་རེད་ཟེར་སོང་། ངས་ཁ་པར་བཏང་ཙམ་བྱས་ནས་ལམ་སེང་སྒོ་བཀག་ཀྱང་། གཞོན་ནུ་མ་དེས་དེ་མ་ཐག་ཏུ་ཁ་པར་ཚུར་ལ་བཏང་ཡོང་དུས། ཁོ་བོའི་ཀུ་ཤུ་ཁ་པར་ནང་གི་འབོད་བརྡ་དེས།
།བརྩེ་དུང་བརྩེ་དུང་ཟེར་ནས། །ང་ལ་མགོ་སྐོར་མ་གཏོང་། །ང་ཡི་ཆུང་འདྲིས་བྱམས་པ། མ་དྲན་ཉི་མ་གཅིག་མེད། ཞེས་པའི་གླུ་སྒྲ་ཞིག་སྙན་ལྷང་ལྷང་ངའི་རྣ་འདབས་སུ་ལྷུངས་སོང་། ངས་ཁ་པར་དེ་བླངས་ནས་དེང་སང་ཅི་བྱེད་བཞིན་ཡོད་ང་དྲན་གི་འདུག་གམ་ཞེས་དྲིས་དུས། མོ་རང་གིས་喂请你是谁ཟེར། ངས་སྐད་ཆ་དེ་ཚོ་གཅིག་ཀྱང་མ་གོ་བས། ཁྱོས་ང་དྲན་གི་འདུག་གམ་ཞེས་སྐད་ཤུགས་ཆེན་པོ་ཞིག་རྒྱབ་དུས། 您有事吗ཟེར། ངས་ག་རེ་བཤད་མིན་ཧ་མ་གོ་བས། ཁྲེལ་མེད་བཀྲ་ཤིས་ཁོ་ལ་ཉན་བཅུག་དུས། ཁོས་第一次多少钱ཟེར་ནས་ཁོ་རང་གཉིས་སྐར་མ་ཁ་ཤས་ལབ་གླེང་འདྲ་བྱས་པའི་མཐར་ངས་ཁོ་ལ་ཅི་ཟེར་ཞེས་དྲིས་དུས། ཁོས་བཤད་ན་ཡག་པོ་ཡོད་མ་རེད་ཟེར་ཡང་། ཚིག་ཟུར་ཁ་ཤས་བཤད་དུས། ངས་དེ་མ་ཐག་ཏུ་ངས་སྒོ་རས་དམར་པོའི་སྦྱིན་བདག་ཡིན་པ་ཧ་གོ་སོང་། ཡ་་་ད་ང་། དུས་རབས་གསར་པའི་གྲྭ་པ་ཡིན་པས། སེམས་དང་ངག་གི་སྡོམ་པ་ལ་སྐྱོན་ཆ་མཆིས་ནའང་། ལུས་སྡོམ་ཁ་ཤས་གསོན་པོ་ལུས་འདུག་པས་ངས་དེ་མི་གཏོང་བསམ་ནས་དགོན་དུ་ཡར་ཁ་ཕྱོགས་པ་ཡིན། ཁྲེལ་མེད་བཀྲ་ཤིས་ཁོས་ངའི་གཟའ་ཟླ་དང་བུ་ཕྲུག་རྣམས་རི་བོའི་རྩེ་ལ་འབུ་རྫ་རྐོ་མཁན་ཆས་སོང་། ང་ནི་གར་སོང་ཡང་འགྲོ་སྟབས་བདེ་བའི་སྐབས་ཡིན་པས། རྫོང་ཐོག་ཏུ་འཁྱམས་འཁྱམས་འགྲོ་གི་ཡིན་ཟེར་ནས་མར་ལོག་སོང་། ངས་ཕྱིར་འབོད་གཅིག་གིས། ཁོ་རེ་བཀྲ་ཤིས་ཁྱོད་རང་ཨེ་ཙི་ནད་ལ་སྐྲག་གི་མི་གདའ་ནོད་ཅེས་བོས་ཀྱང་། ཁོ་རང་ཕྱིར་བལྟས་མེད་པ་འཕྲུལ་རྟ་ཞོན་ནས་ཆས་སོང་།
- ཟིན་ཐོ་གོང་མ།གཟབ་དགོས་པ་གལ་ཆེ།།
- ཟིན་ཐོ་འོག་མ།གཏམ་བཟང་ཁུ་བྱུག་མགྲིན་གླུ།